《མེ་ཏོག་གངས་ལྷ》ལས་སྐྱེ་བའི་བསམ་གཞིག་ཕྲན་བུ།
རིག་རྒྱམ།

image

1979ལོར་རྒྱ་ཡིག་ནས་བསྒྱུར་བའི་སྒྲུང་གཏམ་གངས་ལྷ་མེ་ཏོག་ཟེར་བ་ཞིག་ལ་བལྟས། རྩོམ་པ་པོ་ཆན་ཕེ་ཧིན་དང་ལོ་ཙཱ་བ་དོན་གྲུབ་རྒྱལ་རེད། ཁྱོན་བསྡོམས་ལེའུ་བཞི་འདུག བརྗོད་དོན་ནི་ནང་ལོགས་ནས་ཡོང་བའི་བུད་མེད་གསར་འགོད་པ་ཞིག་གི་སྐད་ཆའི་ལམ་ནས་འབྲོག་མོ་ཕྱུག་དབྱངས་ཟེར་བའི་གནམ་གཤིས་བརྟག་དཔྱོད་མཁན་ཅིག་གིས་རིག་ཚན་གསར་བ་དེར་བཅངས་པའི་དགའ་ཞེན་བྲིས་འདུག སྒྲུང་གཏམ་འདི་ནི་ཕལ་ཆེར་བོད་ལ་དར་བ་ཆེས་སྔ་ཤོས་ཤིག་ཡིན་པ་འདྲ་ཞིང་། རྒྱ་ཡིག་བོད་འགྱུར་གྱི་མིང་དང་ཚིག་གྲུབ་རྣམས་ཀྱང་ཧ་ཅང་སྟབས་བདེ་ཞིང་གོ་སླ་བ་ཉིད་དེ། “ལམ་གཅིག་པའི་འགྲོ་གྲོགས” “རྟ་བསྲུན་པར་འགྱུར” “དཔྲལ་བའི་རྔུལ་ཆུ་སྲད” “རླུང་གི་མགྱོགས་བུལ་འཇལ་བྱེད”སོགས་བཀོལ་ཏེ། སྒྲུང་གཏམ་ལ་ཟམ་གཟུག་པའི་མིང་ཚིག་དང་རྒྱུ་ཆ་གང་མང་ག་ལེར་སྤྱོད་མགོ་བརྩམས་འདུག དེར་མ་ཟད། སྐུ་ཞབས་ཁོང་གིས་སྒྲུང་གཏམ་འདི་ལས《སྤྲིན་དཀར་གྱི་འདབ་མའི》བློས་བསླངས་ཤིག་རྙེད་ཡོད་པ་ཨེ་ཡིན་སྙམ་པའང་བྱུང་བ་སྟེ། སྒྲུང་གཏམ་ལས”མགོ་ཡར་དགྱེ་ནས་བལྟས་པ་ན། རི་རྩེར་རབ་དཀར་ཁ་བའི་གཟི་བརྗིད་འོད་ལམ་མེར་འཕྲོ་བཞིན་་་་་་་་རི་སྐེད་དུ་སྨུག་པ་ལང་ལོང་འཐིབ་་་་་་་སྤྲིན་དཀར་ཕུང་བོའི་གསེབ་ནས་ལྷབ་ལྷུབ་ཏུ་བསྐྱོད་་་་་་་་་་ངེད་གཉིས་རིམ་གྱིས་སྤྲིན་དཀར་གྱི་ཕ་ཡུལ་དུ་སླེབས་སོང་་་་་་་་སྤྲིན་དཀར་གྱིས་རི་རྩེ་ཐམས་ཅད་རྣམ་པར་བསྒྲིབས་་་་་་་་སྤྲིན་དཀར་གྱི་རྦ་རླབས་ལང་ལོང་དུ་འཁྲིགས་་་་་་་་ངའི་ལུས་པོའང་སྨུག་པས་བཏུམས་་་་་་་ཁ་བའི་འདབ་མ་བྱེ་མ་ལེབ་སྟོང་ཕྲག་བར་སྣང་དུ་ལྷབ་ལྷུབ་ཏུ་འཕུར་བ་དང་འདྲ་་་་་་་བརྗིད་ཆགས་ཡིད་དུ་འོང་བའི་དཔེ་རིས་ངོ་མཚར་ཅན་་་་་་་་ཐོར་རླུང་དྲག་པོས་སྤྲིན་དཀར་གྱི་ཕུང་བོ་རེ་རེ་བསྐྱོད་དེ་་་་་་་་་”སོགས་ཀྱི་ཚིག་འབྲུ་བཞིན་ཀློག་དུས་ངའི་ཡིད་ལ་རང་དབང་མེད་པར་སྤྲིན་དཀར་གྱི་འདབ་མའི་གསོན་ཤུགས་དྲན་ཡོང་། 《མེ་ཏོག་གངས་ལྷ》ཟེར་བའི་སྒྲུང་གཏམ་འདིའི་བརྗོད་གཞི་ནི་གསར་བརྗེ་བའི་རིན་ཐང་གི་ལྟ་ཚུལ་བོད་དུ་འཛུགས་སྤེལ་བྱེད་ཀྱིན་ཡོད་པ་མངོན་གསལ་དུ་རྟོགས་ཐུབ་ལ། རྩོམ་པ་པོ་ཆན་ཕེ་ཧིན་ལགས་རྟར་ཞོན་ནས་འབྲོག་ཁུལ་དུ་ཐེངས་ཤིག་ཆས་མྱོང་བའང་ཚོར་ཐུབ། ཡིན་ཡང་ཁོས་རང་གི་དྲན་ཚོར་གཞིར་བཞག་ཐོག་འབྲོག་མོ་གསར་བརྗེ་བ་ཞིག་བཞེངས་བསྐྲུན་བྱས་འདུག འབྲོག་མོ་གསར་བརྗེ་བ་དེའི་འགྲོ་འདུག་དྲན་གསུམ་སྟེང་རྟར་བཞོན་ནས་རྒྱུགས་ཤེས་པ་ལས་བོད་མོའི་གཤིས་ཀ་ཕྲན་ཙམ་ཡང་མི་འདུག་མོད། འོན་ཀྱང་དེ་ཡང་སྐབས་དེའི་རྒྱ་མི་རིགས་ཀྱི་སྔོན་ཐོན་བུ་མོ་ཚོའི་སྣང་བརྙན་འབྲི་བཞེངས་ལས་འདའ་ཐབས་ག་ལ་ཡོད། སྐུ་ཞབས་ཁོང་གིས་སྒྲུང་གཏམ་འདི་འདེམ་དོན་ཅི་ཡིན་ནམ། གོང་རིམ་གྱིས་བཀོད་སྒྲིག་ཡིན་ནམ། ཡང་ན་ཁོང་གིས་འདེམས། ཤེས་ཡོན་པ་རྒན་པའི་ཁྲོད་གནས་ཚུལ་ཤེས་མཁན་ཡོད་ཀྱང་སྲིད། ཡིན་ཡང་སྒྲུང་གཏམ་འདིའི་ནང་གསར་གཏོད་ཀྱི་སྙིང་སྟོབས་ཤིག་ཏན་ཏན་ཡོད་འདུག་ལ། སྒྲུང་གཏམ་བྱུང་རིམ་ལའང་སེང་རས་ཀྱིས་གཡོགས་པ་ལྟ་བུའི་གབ་སྨྱུག་ཕྲན་བུ་འདྲེས། དེ་ཡང་འབྲོང་སྟག་ཐང་གི་ངང་ཚུལ་ལྟར་ཧ་ཅང་འཇམ་མཉེན་གྱི་བྱུང་རིམ་ཞིག་གིས་ཀློག་པ་པོའི་སྤྲོ་བ་འདྲེན་ཐུབ། སྒྲུང་གཏམ་ལས། “གངས་རི་ལགས, ཁྱེད་ནི་མེས་རྒྱལ་གྱི་རྒྱུ་ནོར་ཞིག་རེད, ལོ་སྟོང་ཕྲག་དུ་མའི་རིང་ལ, ཁྱོད་ལྐོག་ཏུ་ས་འདིར་གཟིམས་མལ་དུ་བཞུགས་པ་ལགས་ཀྱང, མ་འོངས་པ་ན་མའོ་ཙེ་ཏུང་གི་དགོངས་པའི་ཉི་འོད་ཀྱིས་བཞུས་ཏེ་་་་་་་་”ཞེས་བྲིས་ཤིང་། “འོ, འདི་མེ་ཏོག་གངས་ལྷ་རེད! འདི་ནི་གངས་རླུང་ལ་འགྲན་ཡ་བྱེད་ཕོད་པའི་མེ་ཏོག་གངས་ལྷ་རེད་ཨ”ཞེས་བྲིས་ཏེ། ད་སྔ་རྩྭ་ཐང་ལ་ཕན་མ་ཐོགས་པ་ལྟ་བུའི་བརྗིད་ཆགས་གངས་རི་དེ་བཞུས་ནས་ཕྱིན་ཆད་རྩྭ་སར་ཕན་ཐོགས་པ་ཞིག་ཆགས་འགྲོ་བ་དང་། ཕྱུག་དབྱངས་ཟེར་བའི་འབྲོག་ཕྲུག་མ་དེ་སྲོལ་རྒྱུན་གྱི་གདུག་རྩུབ་ཁྲོད་ནས་སྐྱིད་ཕྲན་ཙམ་ཡང་མཐོང་མ་མྱོང་བར་ནར་སོན་ལ། ཀྲུང་གོ་གསར་བས་སླེབས་པས་མོ་གསོ་སྐྱོང་ལེགས་པོ་བྱས་ཤིང་། བུད་མེད་གསར་འགོད་པས”མོ་ནི་གངས་རླུང་ལ་འགྲན་ཡ་བྱེད་ཕོད་པའི་གངས་ལྷ་མེ་ཏོག་ཅིག་རེད”ཅེས་དུས་སྐབས་ཤིག་གི་ཨ་གསར་ཚོར་སྨྲས་འདུག སྐབས་དེར་བོད་མིའི་འཚོ་བ་མཚོན་ཚུལ་གྱི་སྒྲུང་གཏམ་འདི་འདྲ་ཅི་ཙམ་ཡོད་པ་མི་ཤེས་མོད། འོན་ཀྱང་སྐུ་ཞབས་ཁོང་གིས་སྒྲུང་གཏམ་དེ་དག་ལས་རང་མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་ལུགས་ལ་མཐུན་པའི་རྒྱུ་ཆ་དང་མཚོན་ཐབས། སྙིང་སྟོབས། གསར་གཏོད་ཀྱི་ལམ་བུ་ཞིག་རྙེད་ཡོད་པ་ཐག་ཆོད་རེད། image