འཕྲིན་ཕྲན་འདི་ང་ཚོའི་སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་རྗེས་ད་སྐབས་ཤེས་ཡོན་ཡོད་མེད་སྣ་ཚོགས་ཀྱིས་འུར་ཟིང་དང་ལད་ཟློས་ཀྱི་ཁྲོད་ནས་སྤྱི་སྒེར་གང་མང་ཞིག་གིས་འཕྲིན་སྟེགས་ཟེར་བ་ཞིག་ཨ་གསར་ངང་གཉེར་གྱིན་འདུག་མོད། འཕྲིན་སྟེགས་མང་ཆེ་བ་ཞིག་གི་ཁ་ཕྱོགས་ནི་ང་ཚོའི་མིག་མདུན་དུ་ཡོད་པའི་ཉམ་ཆུང་བའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཁ་མ་གཏད་པར་དེ་ལས་རྒྱང་ཐག་ཧ་ཅང་རིང་བའི་བར་སྣང་ཁམས་ཤིག་ལ་ཁ་ཕྱོགས་གཏད་ནས་ཁ་གཡང་མི་ཉུང་བ་རེ་སྒྲོག་པ་ཙམ་དུ་ཟད། ང་ཚོའི་སྤྱི་ཚོགས་འདིར་སྔོན་ནས་ད་བར་ལུགས་སྲོལ་ཁྱད་མཚར་ཞིག་ཡོད་པ་ནི་ཤེས་ཡོན་པ་དག་གིས་མཁས་ཉམས་རི་འདྲ་བ་རེ་བསྟན་ནས་འདུག་རྒྱུ་ལས་ཉམ་ཆུང་བའི་མང་ཚོགས་ཕལ་བ་དག་གི་འཚོ་བའི་དཀའ་ཁག་དག་ལ་དངོས་སུ་མི་བཅར་བ་དེའོ།།

ལར་འཕྲོད་བསྟེན་གྱི་རྒྱུན་ཤེས་ཆུང་ངུ་ཙམ་ལའང་མགོ་རྨོངས་པའི་མང་ཚོགས་ཤིག་གི་ནང་དུ་ཤེས་ཡོན་པར་རློམ་པ་ཁ་ཤས་ཤིག་གིས་འཕྲིན་སྟེགས་བྱ་རྟུག་ཙམ་རེའི་སྟེང་དུ་རྒྱལ་སྤྱིའི་གནས་སྟངས་དང་ཤར་ནུབ་ཀྱི་རིག་གཞུང་སོགས་མང་པོ་མང་པོ་ཞིག་གླེང་ཁུལ་ཇི་ལྟར་བྱས་ཀྱང་ས་ཆོད་དེ་ཙམ་ཞིག་མེད་པར་ཀུན་གསལ་རེད། མ་གཞི་ཤེས་ཡོན་པ་མང་པོ་ཞིག་གིས་མང་ཚོགས་དཀྱུས་མ་དག་གི་མདུན་དུའང་ཆོས་འཇིག་རྟེན་ཅི་ཞིག་གླེང་ཡང་ཆེ་ས་ཞིག་ནས་མ་གཏོགས་ཆུང་ས་ཞིག་ནས་གོ་བདེ་ཉན་བདེ་རེ་རྩ་བ་ནས་ཤོད་ཀྱིན་མི་འདུག་པས་མང་ཚོགས་དང་ཁྱེད་ཅག་གི་བར་ཐག་ཡང་དེ་དག་གིས་བྱེ་བ་ལོས་ཡིན་སྙམ།

མང་ཚོགས་རྒྱ་ཆ་མང་ཤོས་ཤིག་གཙང་སྦྲའི་རྒྱུན་ཤེས་ཙམ་ཡང་གོ་རྟོགས་སད་མེད་པས་དེ་དག་གི་མདུན་དུ་མཁས་མདོག་དང་ཤེས་མདོག་ཇི་ཙམ་བསྟན་ཀྱང་གནས་སྐབས་རང་སེམས་སྐྱིད་བྱེད་ཙམ་ལས་དོན་སྙིང་དང་ཕན་འབྲས་ཆེ་ཞིག་བྱུང་མེད་པ་ང་ཚོའི་མིག་མདུན་གྱི་སྤྱི་ཚོགས་ཆ་མ་ཚང་བ་དེས་འགྲེལ་བཤད་གསལ་ཐག་ཆོད་པ་ཞིག་བྱས་ཡོད། དེ་ལས་མང་ཚོགས་ཉམ་ཆུང་དག་གི་དགོས་མཁོ་དང་མཐུན་པའི་འཛམ་གླིང་ཤར་ནུབ་ཀྱི་འཚོ་བའི་རྒྱུན་ཤེས་དང་འཕྲོད་བསྟེན་སོགས་མང་ཚོགས་དག་ལ་གོ་སླ་མོའི་སྒོ་ནས་འཕྲིན་སྟེགས་སོགས་སུ་ངོ་སྤྲོད་དང་བརྒྱུད་སྤེལ་རེ་བྱས་ན་རྨང་གཞི་ལྡན་པའི་ངང་ནས་ང་ཚོའི་སྤྱི་ཚོགས་འདིའི་སྤུས་ཀ་སྔར་ལས་ཅུང་ཙམ་ཡར་རྒྱས་འགྲོ་བར་ཕན་ཐོག་ལས་ངེས་ཅན་རེ་འབྱུང་ངེས་རེད་སྙམ། ད་ཡོད་འཕྲིན་སྟེགས་མང་ཤོས་ཀྱི་ས་མིག་ནི་སྙན་ངག་དུ་མོལ་བའི་ཚིག་རྐང་རིང་མ་ཐུང་འགས་ཟིན་ཡོད་པར་མ་ཟད། དེ་ལས་གཞན་ཁ་ཕྱོགས་མང་ཚོགས་ཀྱི་འཚོ་བའི་ཐད་དུ་གཏད་ཡོད་པ་ཉུང་ཤས་ཡོད་ཀྱང་དེ་དག་ཕར་བལྟས་ཚོད་ལ་མང་ཚོགས་ལ་ཉེ་བར་བཅར་ཡོད་ཀྱང་དོན་དངོས་སུ་ད་སྐབས་ང་ཚོའི་མང་ཚོགས་ཀྱི་གནས་སྟངས་ལས་རིང་དུ་གྱེས་འདུག ད་སྐབས་མང་ཚོགས་ལ་ཆེས་དགོས་གལ་དང་ཕན་ཐོགས་ཡོད་པ་ནི་འཕྲོད་བསྟེན་དང་འཚོ་བའི་རྒྱུན་ཤེས་སོ། །

ཐ་ན་ཟས་རིགས་ཀྱི་རྒྱུན་ཤེས་ཙམ་ལ་རྨོངས་པའི་རོང་འབྲོག་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་གི་གནས་སྟངས་ནི་ད་སྐབས་ངུ་བྲོ་བའི་ཚད་ལ་སླེབས་མི་འདུག་གམ། དཔེར་ན། གད་སྙིགས་ཟས་རིགས་བསྲེག་ཤ་རྫུན་མ་དང་བཏུང་ཁུ་རྫུན་མ་སོགས་ཀྱིས་གཞི་རིམ་མང་ཚོགས་ཕལ་ཆེ་བ་ཞིག་ནད་གཞི་ཅན་དང་འཆི་ལམ་དུ་བསྐྱལ་དང་སྐྱེལ་བཞིན་འདུག་པ་མིག་མཐོང་ལག་ཟིན་རེད། དེ་དག་ལ་ཁ་གཏད་ནས་གད་སྙིགས་ཟས་རིགས་ཀྱི་ཉེས་སྐྱོན་དག་འཕྲིན་སྟེགས་གང་རུང་ཞིག་གི་བརྗོད་སྙིང་དུ་བླངས་ནས་གླེང་ན་དོན་དངོས་ཀྱི་ངོས་ནས་མང་ཚོགས་ལེགས་ལམ་དུ་བཀྲི་ཚུལ་དང་འཚོ་བ་དངོས་ལ་ཕན་ཐོགས་ཆེ་བ་ཞིག་གང་ན་ཡོད། ཆུང་ས་ནས་བཤད་ན་མི་རིགས་ཤིག་མི་གྲལ་དུ་ཚུད་དགོས་ན་མ་མཐའ་ཡང་མི་རིགས་དེ་ལ་འཚོ་བའི་རྒྱུན་ཤེས་དང་གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་གོ་རྟོགས་མི་དམན་པ་ཞིག་ཅིས་ཀྱང་ཡོད་དགོས་པ་དེང་དུས་སྤྱི་ཚོགས་མང་ཆེ་བའི་སྤྱི་འགྲོས་ལྟ་བུ་ཡིན་ནོ། །

རྨང་གཞི་སྤྱི་ཚོགས་སྤུས་ཀ་ཚད་ལྡན་ཡིན་མིན་དང་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་གི་གནད་དོན་མང་པོ་ཞིག་མང་ཚོགས་ཀྱི་འཚོ་བའི་རྒྱུན་ཤེས་དང་གཙང་སྦྲ་འཕྲོད་བསྟེན་ཚུལ་བཞིན་ཤེས་མི་ཤེས་དང་གོ་རྟོགས་ཆེ་ཆུང་ལ་རག་ལས་འདུག་པས་འཕྲིན་སྟེགས་དང་དྲ་དེབ་ཚགས་གསུམ་སོགས་བརྡ་འཕྲིན་བརྒྱུད་ལམ་རེ་འགས་དེ་དག་གི་རྒྱུ་བ་དང་དུ་ལེན་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཏུ་མཐོང་ནས་ཞོར་དུ་འཕྲིན་སྟེགས་སོགས་གཙོ་སྐྱོང་གནང་མཁན་དག་ལ་ལས་རིགས་འདིའི་རིགས་ལ་འབད་པར་རེམ་ཞེས་རེ་འབོད་བྱས་པ་ཙམ་ཡིན།