གཏམ་བཤད་པ།        ཆབ་བྲག་ཕོ་ཉ།
ཡིག་འགོད་པ།     ལོ་མ་སེར་པོ།(གླིང་ཚང་།)

སྙན་ངག་པའི་ལམ་ཡིག་ཟེར་བའི་བརྗོད་གཞིའི་སྟེང་ནས་སྐད་ཆ་ཁ་ཤས་བཤད་རྒྱུ་བྱས་ཡོད། ཡིན་ན་ཡང་། ཁ་བྱང་འདི་འདྲ་ཞིག་གི་ཐོག་ནས་གླེང་སློང་གི་སྒོ་ཙམ་ཕྱེས་པ་དེ་འདྲ་ཞིག་ཡིན། ཡང་གཅིག་བཤད་ན་གཏམ་བཤད་ཀྱི་ཁ་བྱང་གསར་པ་འདྲ་བོ་ཞིག་རེད་དེ་སྐད་ཆ་བཤད་རྒྱུའི་ནང་དོན་གསར་པ་མིན་ན་ཡང་ཐང་། ཐོག་མར་འདྲི་ཚིག་ཅིག་ཡོད་རྒྱུ་རེད། དཔེར་ན། སྙན་ངག་པ་ལ་ལམ་ཡིག་ཡོད་ན་ལམ་ཡིག་དེ་སུ་ཞིག་གིས་བྲིས་པ་རེད། རྗེས་ཕྱོགས་སུ་ཞིག་གིས་བྲི་རྒྱུ་རེད། སྙན་ངག་པ་ལ་ལམ་ཡིག་ཟེར་བ་ཞིག་འབྲི་རྒྱུ་ཡོད་ན་ལམ་ཞིག་ཀྱང་ཡོད་རྒྱུ་རེད། སྙན་ངག་པའི་ལམ་དེ་ཅི་འདྲ་ཞིག་ཡོད་རེད། ད་རུང་ཁྱོད་སྙན་ངག་པའི་ལམ་དང་ལམ་ཡིག་སོགས་ཤེས་མཁན་དེ་འདྲའི་ངར་བ་ཞིག་ཡིན་ནམ་ཟེར་ནས་དྲི་བ་ཡོང་མདོག་ཁ་པོ་རེད། གལ་ཏེ་དེ་ལྟ་བུའི་དྲི་བ་དག་གིས་གླེང་བསླངས་ནས་ངས་དྲི་བ་དེ་དག་ལ་ལན་འདེབས་པ་ལྟ་བུའི་སྐད་ཆ་ཞིག་བཤད་དགོས་ན། སྙན་ངག་པ་ལ་ལམ་ཡིག་ཡོད་པར་མ་ཟད། བྲིས་ཟིན་པའི་ལམ་ཡིག་ཀྱང་འདུག་ལ། ད་ལྟ་འབྲི་བཞིན་པའི་ལམ་ཡིག་ཀྱང་འདུག མ་འོངས་པར་བྲི་རྒྱུའི་ལམ་ཡིག་དེ་ལས་ཀྱང་མང་པོ་ཡོད་རེད། ཡང་གཅིག་བཤད་ན་སྙན་ངག་པའི་ལམ་ཡིག་འདི་བྲིས་ནས་ཚར་རྒྱུ་མེད་པ་ཞིག་དང་། སོང་ནས་རྫོགས་མཐའ་མེད་པའི་ལམ་རིང་པོ་ཞིག་དང་ལམ་མཐོན་པོ་ཞིག་རེད་ཟེར་ན་འདོད་བྱུང་། ཡང་གཅིག་བཤད་ན་ལམ་འདི་ནི་ཚོར་བའི་ལམ་ཞིག་དང་སེམས་ཁམས་དམིགས་བསལ་བ་རྣམ་དཔྱོད་ཁྱད་པར་བའི་ལམ་ཞིག་རེད། མདོར་བསྡུས་ན་འོད་ཟེར་རམ་འཇའ་ཚོན་གྱི་ལམ་ཞིག་རེད་ཟེར་ནས་བཤད་ན་འདོད་བྱུང་། བཤད་སྟངས་གཞན་ཞིག་བྱས་ན་ལམ་འདི་སྨུག་ཀློང་གི་ནང་དུ་དཔྱང་བཞག་ཡོད་པའི་ལམ་ཞིག་རེད། རྒྱ་མཚོ་ཆེན་པོའི་གཏིང་དུ་ཟུག་བསྡད་ཡོད་པའི་ལམ་ཞིག་རེད། ཕ་མཐའ་མེད་པའི་ནམ་མཁའི་མཐའ་ན་བསྙེགས་བསྡད་ཡོད་པའི་ལམ་ཞིག་རེད། འདི་སྒྱུ་མའི་ལམ་ཞིག་རེད། འདི་སེམས་ཀྱི་གཤོག་པ་ཁོ་ནས་འཕུར་ཐུབ་སའི་ལམ་ཞིག་རེད་ཟེར་ནས་བཤད་ན་འདོད་བྱུང་། དེ་འདྲ་བཤད་ན་གོ་རྒྱུ་མེད་པའི་ལམ་ཞིག་ཡིན་ན་ཐང་། སྙན་ངག་པའི་ལམ་དེ་འདྲ་ཞིག་ཡིན་དགོས་པའི་རྒྱུ་མཚན་ནི་སྙན་ངག་པ་ཁོ་རང་རྫུ་འཕྲུལ་ལྡན་པའམ་གྲུབ་པ་ཐོབ་པའི་རྟོགས་སད་པ་ཆེན་པོ་ལྟ་བུ་ཞིག་རེད། སྙན་ངག་པ་དེ་དག་གི་རྫུ་འཕྲུལ་དང་གྲུབ་རྟགས་གང་རེད་ཟེར་ན། སྙན་ངག་ཟེར་བའི་རི་མོ་ཡ་མཚན་ཞིག་ཡོད་པ་དེ་རེད། རི་མོ་འདི་སེམས་ཀྱིས་བྲིས་པའི་འོད་ཀྱི་རི་མོ་ཞིག་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་དོན་ངོ་མ་བཤད་ན་རྫུ་འཕྲུལ་དང་གྲུབ་རྟགས་སྟོན་ཐུབ་མཁན་གྱི་སྙན་ངག་པ་ང་རང་གིས་མིག་གིས་རིག་ཚོད་ཀྱིས་གྲངས་ཀ་བརྒྱབས་ན་ཧ་ཅང་ཉུང་ཉུང་ཞིག་ལས་མི་འདུག ཡིན་ན་ཡང་། རྫུ་འཕྲུལ་ཅུང་ཙམ་ཞིག་མེད་མཁན་གྲུབ་རྟགས་ཅུང་ཙམ་སྟོན་མི་ཐུབ་མཁན་ཞིག་སྙན་ངག་པ་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད། དཔེ་བཞག་ན་སྙན་ངག་ལ་ལ་ཞིག་བཀླགས་པ་ཡིན་ན་འདིའི་སྙན་ངག་པ་འདི་རྫུན་རྐྱལ་ཤོད་རྐྱལ་ཞིག་རེད་འདུག་བསམ་པ་ལྟ་བུ། ཡང་སྙན་ངག་ལ་ལ་ཞིག་བཀླགས་པ་ཡིན་ན་འདིའི་སྙན་ངག་པ་འདི་ཆང་རྐྱལ་ར་བཟི་ཞིག་རེད་འདུག་བསམ་པ་ལྟ་བུ། ཡང་སྙན་ངག་པ་དེ་སྨྱོན་པ་ཞིག་ལོས་ཡིན་བསམ་པ་ལྟ་བུ་དང་ཆགས་རྒན་ཞིག་ལོས་ཡིན་བསམ་པ་ལྟ་བུ་སོགས་ཡོད་རེད། གཞན་དེ་དག་ལས་ཡག་པོའང་ཡོད་རེད། སྙན་ངག་ལ་ལ་བཀླགས་ན་འདིའི་སྙན་ངག་པ་དེ་རྟོགས་སད་པ་ཞིག་ལོས་ཡིན་བསམ་པ་ལྟ་བུ་དང་འདི་འཕགས་པའི་སྐྱེས་བུ་ཞིག་ལོས་ཡིན་བསམ་པ་ལྟ་བུ་སོགས་ལ་ཞིབ་ཕྲ་ཞིག་བལྟས་ན་ཚོར་བ་མི་འདྲ་བ་མང་པོ་དང་འཁྲུལ་སྣང་མི་འདྲ་བ་མང་པོ་ཞིག་སྐྱེ་རྒྱུ་ཡོད་རེད། དཔེ་བཞག་ནས་བཤད་ན། སྙན་ངག་གི་ཕ་ཁྱིམ་འདིའི་ནང་གི་ཚོགས་མི་མང་ཆེ་བར་ཆ་རྒྱུས་མེད་པར་མ་ཟད་མང་ཆེ་བའི་སྙག་ངག་ཡང་བཀླག་མྱོང་མེད། ཡིན་ན་ཡང་སྙག་ངག་གི་ཕ་ཁྱིམ་ནང་རྒྱུན་དུ་ཡོད་མེད་མི་ཤེས་ཀྱང་ཕ་ཁྱིམ་དང་འབྲེལ་བ་ཡོད་པའི་བདག་དང་རྒྱུས་ཡོད་པ་དང་གོ་མྱོང་ཡོད་པ་གཙོ་བོ་ཧོར་གཙང་འཇིགས་མེད་དང་། སེང་རྡོར། ཤེེད་བུ། རྨ་དུག་ལྕེ། འབའ་སྲས་ངས་གོང་ན་བཤད་པ་དག་གིས་ཁོངས་སུ་གཏོགས་རྒྱུ་རེད། སྐུ་ཞབས་སེང་རྡོར་གྱི་རྩོམ་དེབ་གཅིག་གཉིས་ལྟ་མྱོང་ཡོད་པ་དང་གཏམ་བཤད་འགའ་ཤས་ལ་ཉན་མྱོང་བ་མ་གཏོགས་ང་ལ་གསལ་ཆ་གང་ཡང་མེད། གཞན་པ་ཧོར་འཇིགས་སོགས་ལ་རྒྱུས་མངའ་ཅུང་ཙམ་རེ་ཡོད། ང་ལ་མཚོན་ན་རང་ལ་རྒྱུས་མངའ་གང་ཡང་མེད་མཁན་གྱི་སྙན་ངག་པ་ལས་རང་དང་རྒྱུས་མངའ་ཅུང་ཙམ་ཡོད་པའི་སྙན་ངག་པ་དག་གིས་སྙན་ངག་བཀླགས་ན་བྲོ་བ་དེ་དག་གིས་ཆེ་བ་འདུག ལྷག་པར་དུ་དེ་རིང་འདྲ་བོ་དགུན་ཆང་དམར་པོ་འཐུང་ཞོར་འདང་བརྒྱབས་ན་ལྷག་ཏུ་བྲོ་བ་འདུག སྙན་ངག་བཀླགས་ན་བྲོ་བ་ཡོད་པར་མ་ཟད། སྙན་ངག་པ་དེ་དག་དྲན་ན་འདང་བརྩེ་འདྲ་འཕྱུར་ཡོང་གི་འདུག སྙག་ངག་པ་འདི་དག་དང་འགྲོག་མ་མྱོང་པ་ཞིག་ལ་མཚོན་ན་འདི་དག་བློ་ཡུལ་ལས་འདས་པའི་ཡ་མཚན་དག་དག་ཡིན། མདོར་བསྡུས་ནས་བཤད་ན་སྙན་ངག་པ་འདི་དག་གི་སྙན་ངག་བཀླག་པ་ཡིན་ན་རང་ཉིད་ལ་སྙན་ངག་གི་གོ་རྟོགས་མཐོན་པོ་མེད་ན་འདི་དག་སྣང་བ་འགྲོ་ས་ཞིག་མིན། ལྷག་པར་དུ་སྙན་ངག་པ་འདི་དག་ལ་མཐུན་སྣང་གི་ལམ་ཞིག་མེད་པ་འདྲ་བོ་ཞིག་ཡིན། ཡིན་ནའང། འདི་དག་ཐུན་མོང་གི་ལམ་གཅིག་ཡོད་རེད། དེ་གང་རེད་ཟེར་ན། གུ་ཡངས། སྣང་སྐྱིད། ཡ་མཚར་རྩེ་དགོད་ལ་དགའ་བ། ཕར་བལྟས་ན་བག་མེད་ཀྱི་སྤྱོད་པ་ཞིག་དང་འདྲ་ནའང་ཞིབ་ཏུ་བརྟགས་ན་བག་དང་ལྡན་པ། ད་རུང་ཆང་དང་བུད་མེད་ལ་དགའ་བ་སོགས་ཞིབ་ཏུ་བཤད་ན་མཐུན་ས་ཐུན་མོང་ཡོད་པ་སོགས་བཤད་མི་དགོས་པར་གྱིས། སྐབས་དོན་གཙོ་བོར་ངས་གོང་ནས་བཤད་པའི་སྙན་ངག་པ་འདི་དག་ལ་རང་རང་གི་ལམ་ཡིག་ཡོད་རེད། ལམ་ཡིག་དེ་དག་སྙན་ངག་པ་དེ་དག་གིས་རང་གིས་བྲིས་པའི་སྙན་ངག་རེད། རང་གིས་བྲིས་པའི་སྙན་ངག་ནི་རང་གིས་བྲིས་པའི་ལམ་ཡིག་ངོ་མ་དེ་རེད། རྒྱུ་མཚན་རང་ཉིད་ལམ་དེར་ཞུགས་ནས་ཡོང་བ་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ཁོ་ཚོའི་ལམ་ཡིག་ལ་ལྟ་མི་ཤེས་མཁན་དང་ལམ་དེར་འགྲོ་མི་ཐུབ་མཁན་མང་བ་དེར་བཤད་མི་དགོས་པ་བྱོས། རང་གིས་མ་གཏོགས་གཞན་གྱིས་འབྲི་མི་ཤེས་མཁན་དང་རང་ཉིད་མ་གཏོགས་ལམ་དེར་འགྲོ་མ་མྱོང་མཁན་སོགས་མང་བས་ངས་བལྟས་ན་ཡིན་སྲིད། སྙན་ངག་པ་ཚོ་ཟེར་བ་དེ་རུ་ཁག་ཅིག་རེད། དེ་ཡིན་པས་སྙན་ངག་པ་དག་ལ་ཐུན་མོང་གི་གཞུང་ལམ་ཞིག་ངེས་པར་དུ་ཡོད་རེད། ང་ཚོ་སྒང་བ་བོད་ཟེར་བ་འདི་ལ་དཔེ་མཚོན་ནས་བཤད་ན་གནའ་སྔ་མོའི་ངག་རྒྱུན་གྱི་རྩོམ་ཡིག་མང་པོ་ཞིག་ཡོད་རེད། དེའི་རྗེས་སུ་རྒྱ་གར་ནས་ཚུར་གདན་འདྲེན་བྱས་པའི་ལམ་ཡིག་སྙན་ངག་མེ་ལོང་མ་འདི་ཡང་ལམ་ཡིག་ཅིག་ལ་བརྩི་ཆོག་རྒྱུ་རེད། རྒྱུ་མཚན་ལམ་ཡིག་འདི་ལ་བརྟེན་ནས་སྙན་ངག་པའི་གོ་འཕང་ཐོབ་ཟིན་པ་མི་ཉུང་བ་ཞིག་འདུག་པས་མ་གཞི་ནས་རྩོམ་རིག་གང་གི་གཞུང་ལུགས་དང་རྩོམ་རིག་གང་གི་དཔྱད་བརྗོད་ཡིན་ན་འདྲ། རྩོམ་པ་པོ་གསར་པ་ཞིག་ལ་མཚོན་ན་རྩོམ་པ་པོའམ་སྙན་ངག་པའི་ལམ་ཡིག་ཅིག་ལ་ངོས་འཛིན་བྱས་ན་ཆོག་རྒྱུ་རེད་བསམ་བྱུང་།

ལམ་ཡིག་ཟེར་དུས་ལམ་ངོ་མ་ཞིག་མིན་པ་ཚང་མའི་ཤེས་རྒྱུ་རེད། དེ་ཡིན་དུས་རྩོམ་རིག་གཞུང་ལུགས་སྙན་ངག་གི་བསྟན་བཅོས་སོགས་གང་དང་གང་ཞིག་ཡིན་ཡང་ཚང་མ་ལམ་ཡིག་ཅིག་མ་གཏོགས་ལམ་ངོ་མ་ཞིག་ཡིན་ས་འགྲོ་རྒྱུ་མ་རེད། གལ་ཏེ་ཁྱོད་ཀྱིས་སྙན་ངག་མེ་ལོང་མ་ལ་སོགས་པ་འདི་སྙན་ངག་པའི་ལམ་ཚད་ལྡན་ཞིག་ལ་ངོས་བཟུང་ནས་ལམ་དེ་རང་གིས་ཆོག་གོ་སྙམ་ནས་སོང་ན་ཁྱོད་ལ་ཁྱོད་རང་གི་འཚོལ་སྙེག་གི་ལམ་ཡིག་གསར་པ་ཞིག་མེད་པ་ཐག་གིས་ཆོད་སོང་བ་རེད། སྐུ་ཞབས་ཤེད་བུ་ཡིས་གཙོས་པའི་ལ་ལ་ཞིག་གིས་སྙན་ངག་མེ་ལོང་མ་འདི་བོད་ཀྱི་སྙན་ངག་མ་རེད་ཟེར་བ་དང་། སྙན་ངག་གི་བསྟན་བཅོས་མ་རེད་བརྡ་སྤྲོད་པའི་བསྟན་བཅོས་ཙམ་རེད་ཟེར་ནས་བཤད་མཁན་སྙན་ངག་གི་གོ་འཕང་བརྙེས་ཡོད་པ་དག་གིས་ངོས་འཛིན་དེ་འདྲ་གནང་གི་ཡོད་རེད། དེ་དག་ཁོ་ཅག་སྙན་ངག་གི་གནམ་འཕང་འཕུར་ས་མཐོན་པོ་ཡིན་པས་རྒྱུ་མཚན་གྱིས་སྙན་ངག་གི་གཞུང་ལུགས་དེ་དག་ལམ་ཡིག་ཅིག་ཡིན་པར་མ་རིག་པས་མཐོང་ཆུང་བྱས་པ་རེད། སྙན་ངག་པའི་དཔའ་རྒོད་ཅིག་ཡིན་ན་དཔའ་གཏམ་དེ་འདྲ་བཤད་པ་འོས་ཤིང་འཚམས་པ་ཞིག་རེད། ང་རང་ཉིད་དེ་དག་ལ་མི་དགའ་བའམ་ངོ་རྒོལ་སོགས་གང་ཡང་མེད། ཚད་མཐོ་བའི་སྙན་ངག་པའི་བཤད་སྟངས་སམ་ལམ་ཡིག་འབྲི་སྟངས་ཤིག་རེད། ཡང་ན་སྙན་ངག་པ་བྱེ་བྲག་པ་ཞིག་གིས་ལྟ་ཚུལ་ཞིག་རེད། གོང་དུ་བཤད་པ་དག་རྩོམ་རིག་གཞུང་ལུགས་སམ་གཞན་དང་གཞན་པས་བྲིས་པའི་སྙན་ངག་སོགས་གང་ཞིག་ཡིན་ན་སྙན་ངག་གི་ལམ་ཡིན་པ་འདོད་ན་རང་གིས་ལམ་གསར་པ་ཞིག་གསར་བཏོད་མ་ཐུབ་སོང་བ་རེད། རྒྱུ་མཚན་སླ་མོ་ཞིག་རེད། སྙན་ངག་འདི་སྒྱུ་རྩལ་དཔུང་སྡེའི་གཙོ་ཁག་འདྲ་ཞིག་དཔེ་བླངས་ན་དེའི་ནང་གི་སྙན་ངག་འདི་རུ་ཁག་གཙོ་བོ་ཞིག་ཡིན་པ་རེད། དེ་ཡིན་པས་སྙན་ངག་པའི་ལམ་ཡིག་དེ་སྒྱུ་རྩལ་གྱི་ལམ་ཡིག་ཅིག་རེད། སྒྱུ་རྩལ་གྱི་ལམ་དང་ལམ་ཡིག་ཅིག་ཡིན་ན་སྒྱུ་རྩལ་བསྐྱར་བཟློས་ལམ་དུ་བསྡད་བཞག་ན་རང་ཉིད་ཀྱི་གསར་གཏོད་ཀྱི་ལམ་ཞིག་ཡོང་རྒྱུ་མེད་པ་ཚང་མས་ཤེས་རྒྱུ་ཞིག་རེད་མོད། མདོར་ན་སྙན་ངག་པ་ཟེར་བ་འདི་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་ཡོད་རེད། དེ་གང་རེད་ཅེ་ན། མེ་ལོང་མ་ལས། རང་བཞིན་གྱིས་གྲུབ་སྤོབས་པ་ཟེར་བ་དེ་ཡོད་ན་ད་གཟོད་གསར་བཏོད་ཟེར་བ་དེ་ཐུབ་ཀི་ཡོད་རེད་ལ་གལ་སྲིད་དེ་མེད་སོང་ན་སྙན་ངག་པའི་གྲལ་དུ་ཡོད་ཀྱང་གྲལ་རྗེས་ཆོད་ཙམ་ཡིན། སྙན་ངག་པའི་ལབ་རྒྱག་སྟངས་བྱས་ནས་བཤད་ན་སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་ཡར་གོང་དུ་ཕུད་རྗེས་ཆེས་དཀའ་བའི་གསར་བཏོད་ཀྱི་ལམ་ཞིག་ཡོད་པ་དེ་སྙན་ངག་པ་ཞིག་གིས་སྙན་ངག་གི་ལམ་ཡིག་གསར་པ་བརྩམ་རྒྱུ་དེ་ཡིན་རྒྱུ་རེད། གོ་དགོས་རྒྱུ་ཞིག་ལ་ངས་འདི་འདྲ་འབྲི་བཞིན་ཡོད། ངས་འདི་འདྲ་བྲི་རྒྱུ་ཡིན་ཟེར་གྱིན་མེད། འདི་འདྲ་འབྲི་མཁན་གྱི་སྙན་ངག་པའི་སྡེ་འདུག་དྲན་ནས་ཁོང་ཅག་ལ་གདེང་འཇོག་བྱེད་སྟངས་ཤིག་ཡིན། སྐད་ཆ་བཤད་སྟངས་མཐོ་སོང་ཡོད་ན་དགོངས་དག ད་ངས་བཤད་འདོད་པ་གཅིག་ཡོད།
ངས་ནམ་ཡང་སྙན་ངག་དང་སྙན་ངག་པ་ཡི་སྐད་ཆ་བཤད་ཡོང་དུས་སྐུ་ཞབས་དོན་འགྲུབ་རྒྱལ་དང་ལང་ཚོའི་རྦབ་ཆུ་འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཟེར་བ་དང་རྐང་ལམ་ཕྲ་མོ་སོགས་རང་དབང་མེད་པར་དྲན་ནས་ཡོང་གི མིག་ལམ་དུ་ཤར་ནས་ཡོང་གི་འདུག་ང་སྐུ་ཞབས་དོན་འགྲུབ་རྒྱལ་དང་དངོས་སུ་ཐུག་མ་མྱོང་ཡང་། ཁོང་གི་སྙན་ངག་གི་ལམ་ཡིག་ནང་ནས་ཁོང་དང་ཐེངས་མང་པོ་ཞིག་ཐུག་མྱོང་ཡོད།ལང་ཚོའི་རྦབ་ཆུ་ལོ་རབས་བརྒྱད་ཅུ་པའི་ནང་གསར་དུ་བཏོན་པའི་སྙན་ངག་གསར་པའི་ལམ་ཡིག་ཅིག་རེེད་ཟེར་ནས་བཤད་ན་ཆོག ལམ་ཡིག་འབྲི་མཁན་སྐུ་ཞབས་དོན་འགྲུབ་རྒྱལ་སྐུ་གཤེགས་ནས་ལོ་ངོ་སུམ་ཅུ་ཐམ་པ་འདས་སོང་། ཉེ་ཆར་ང་རང་རྗེས་དྲན་གྱི་མཛད་སྒོ་ཞིག་གི་ནང་དུའང་ཞུགས་པ་ཡིན། དཔའ་བོའི་ལ་རྒྱ་དཔའ་བོས་སྲུང་། མཁས་པ་མཁས་པའི་ཁྲོད་དུ་མཛེས་ཟེར་བའི་གཏམ་དཔེ་ཞིག་ཡོད་རེད། ངོ་མ་སྙན་ངག་པ་དང་རྩོམ་པ་པོ་འདུ་འཛོམས་བྱས་ནས་སྙན་ངག་པ་གླེང་དུས་སྙན་ངག་པ་དམ་པ་དེ་ཚོ་དངོས་གནས་ཡིད་ཀྱི་གཏིང་ནས་དྲན་ཡོང་བ་འདྲ་བོ་དེ་དག་ལ་དགའ་བའི་ཚོར་བ་འདྲ་བོ་ཞིག་ཡོང་གི་འདུག སྙན་ངག་པའི་ལམ་ཡིག་དེའི་ནང་དུ་འགྲོ་ཤེས་ན་ཁྱོད་ཀྱིས་སྙན་ངག་པ་དམ་པ་དེ་ཚོ་དང་མཇལ་ཐུབ། དཔེར་ན་རྐང་ལམ་ཕྲ་མོ་དང་ལང་ཚོའི་རྦབ་ཆུ་ལ་སོགས་པའི་ནང་ནས་ཁྱོད་ཀྱིས་སྐུ་ཞབས་དོན་འགྲུབ་ཀྱང་མཇལ་ཐུབ། དེ་ལྟར་བཤད་ན་སྙན་ངག་པའི་ལམ་ཡིག་ཟེར་བ་འདི་སྙན་ངག་པ་དག་དང་ཐུག་ཕྲད་བྱེད་སའི་གསང་བའི་ལམ་ལྟ་བུ་ཞིག་རེད། ངས་གོང་དུ་བཤད་པ་ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོ་སོགས་ལས་སྐུ་ཞབས་དོན་འགྲུབ་རྒྱལ་ཐུག་ཐེངས་རེ་ལ་སྐབས་ལན་རེར་སྙན་ངག་པའི་རྫུ་འཕྲུལ་དང་གོ་འཕང་ཐོབ་པའི་སྙན་ངག་པ་ཞིག་རེད། མཚམས་ལ་ལར་སྒྲུང་རྩོམ་གསར་བའི་གསར་བཏོད་པའི་སྒྲུང་རྩོམ་པ་ཞིག་རེད། སྐབས་ལ་ལར་ཆེས་རྣམ་དཔྱོད་ལྡན་པའི་ཞིབ་འཇུག་པ་ཞིག་རེད།སྐབས་ལ་ལར་ཡོན་ཏན་ངོ་མ་ཡོད་པའི་དགེ་རྒན་བཟང་པོ་ཞིག་རེད། སྤྱི་ཡོངས་ནས་བཤད་ན་དུས་རབས་ཤིག་གི་བསམ་བློ་བ་ཞིག་རེད་ཟེར་ནས་བཤད་ན་མི་ཆོག་རྒྱུ་མི་འདུག ངས་ངོ་མ་དེ་དག་དྲན་གི་འདུག་ཡིན་ན་ཡང་། སྐུ་ཞབས་དོན་འགྲུབ་རྒྱལ་དངོས་སུ་རིག་མྱོང་མཁན་དག་གི་ངོར་སྐུ་ཞབས་ཁོང་ནི་ཆང་འཐུང་ར་བཟི་རྐྱལ་སྟོང་མགོ་ན་གནམ་མ་གཏོགས་མེད་པའི་ང་རྒྱལ་ཅན་ཞིག་དང་། ཁྱིམ་ནས་ཆུང་མ་ལ་རྡུང་རྡེག་བྱེད་མཁན་ཞིག་རེད། ད་རུང་། ལྟ་ལོག་པ་ཞིག་དང་སྤྱོད་པ་ངན་པ་ཅན་ཞིག་རེད། ཡིན་ན་ཡང་། ངས་སྙན་ངག་པ་ཁོ་རང་གི་ལམ་ཡིག་ནང་ནས་སྐུ་ཞབས་ཁོང་དེ་འདྲ་ཞིག་ཡིན་པ་རྩ་བ་ནས་མཐོང་མ་བྱུང་། སྐུ་ཞབས་ཁོང་ངོ་མ་རིག་སོང་ཟེར་བ་དག་ལ་ངས་ཁས་མི་ལེན། སྐུ་ཞབས་ཁོང་ངོ་མ་རིག་མྱོང་ཟེར་མཁན་ངན་བཤད་མཁན་མཚང་འདྲུ་མཁན་དག་གིས་རིག་རྒྱུ་སྐུ་ཞབས་ཁོང་གི་གྲིབ་མ་རེད། གནའ་དཔེ་ལ། རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཟེར་བ་བཞིན་སྐུ་ཞབས་ཁོང་གི་གྲིབ་ནག་མཐོང་ནས་ཁྱེད་ཅག་གི་སེམས་ནང་འདྲེ་དགུ་ཞུགས་སོང་བ་རེད། དེང་སང་མི་རིགས་ཀྱི་དཔའ་བོ་ཟེར་ནས་མང་པོ་ཞིག་གིས་གྲངས་འདྲ་མིན་མང་པོ་བགྲང་གིན་འདུག་ཀྱང་། ངས་མི་རིགས་ཀྱི་དཔའ་བོ་སུ་དང་སུ་ལ་བརྩི་གི་ཡོད་ཟེར་ན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ། མཁས་དབང་དགེ་འདུན་ཆོས་འཕེལ། དཔལ་དོན་འགྲུབ་རྒྱལ་གསུམ་ངའི་སེམས་ནང་གི་མི་རིགས་ཀྱི་དཔའ་བོ་ཡིན། སྐུ་གཤེགས་ཟིན་པ་མ་གཏོགས་ད་ལྟ་སྐུ་འཚོ་བཞིན་པ་དག་མི་བཤད་རྒྱུ་བྱོས། གལ་སྲིད་བཤད་ན་མང་པོ་ཞིག་གིས་ཕྲག་དོག་བཟོ་གི་རེད། མཚམས་འདི་ནས་ཚང་མ་ལ་གསལ་འདེབས་ཤིག་ཞུ་འདོད་ཡོད། སྙན་ངག་པའི་གྲུབ་ཆེན་ལྗང་བུས ༢༠༠༣ ལོར་མགོ་བཙུགས་ནས་ལང་ཚོའི་རྦབ་ཆུའི་སྙན་ངག་པའི་རང་དབང་གི་འདུ་འཛོམས་ཐེངས་དང་པོ་ནས་ད་ལོར་ཐེངས་བདུན་པ་འགྲོ་གི་འདུག འདི་ཡང་སྐུ་ཞབས་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུའི་གཞུར་རྒྱུན་གསར་པ་ཞིག་དང་ཡང་ན་སྐུ་ཞབས་ལྗང་བུ་དང་སྐྱབས་ཆེན་བདེ་གྲོལ་དང་སེང་རྡོར་རྣམ་པ་གསུམ་གཙོར་བྱས་པའི་སྙན་ངག་པའི་ལམ་ཡིག་གསར་བཞེངས་ཀྱི་ལས་འགན་གསར་པ་ཞིག་རེད་ཟེར་ནའང་འགྲིག་གི་འདུག ལང་ཚོའི་རྦབ་ཆུའི་ཐེངས་བདུན་པའི་ཚོགས་འདུ་གསལ་བརྡ་དེ་རིང་ཞོགས་པར་ལྗང་བུའི་བསྐུར་ནས་འབྱོར་བྱུང་། གསལ་བརྡ་དེ་ངའི་འཕྲིན་ཕྲན་གྱི་རྒྱབ་ལྗོངས་སུ་བཞག་ཡོད། དེ་ལ་དོ་སྣང་ཡོད་པའི་སྒོ་ནས་གཟིགས་རོགས་གནང་ཞུ་རྒྱུ་དེ་ཡིན། དེ་ནས་སྐད་ཆ་མཇུག་བསྡུ་རྒྱུ་ཡིན། གལ་ཏེ་ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོ་ནི་སྙན་ངག་པ་ཞིག་གི་གསར་བཏོད་ཀྱི་སྙན་ངག་གི་ལམ་ཡིག་ངོ་མ་དེ་ཡིན་ན། སྐུ་ཞབས་ལྗང་བུ་ནི་ལམ་ཡིག་འདི་ནས་མཐར་ཕྱིན་ནས་སྙན་ངག་གི་གོ་འཕང་མཐོན་པོར་གཤེགས་ཟིན་པའི་སྙན་ངག་གི་གྲུབ་ཆེན་དམ་པ་དེ་རེད། ད་རུང་གསལ་བཤད་ཞུ་འདོད་པ་ཞིག་ནི། ང་སྙན་ངག་པའི་ལམ་ཡིག་འདི་དག་འཚོལ་སྙེག་བྱེད་མཁན་ཞིག་ལས་སྙན་ངག་པའི་ལམ་ཡིག་ཡོད་མཁན་གྱི་སྙན་ངག་པ་ཞིག་ད་རུང་གྱུར་མེད།

སྨོན་ཚིག སྙན་ངག་པ་ལ་ལམ་ཡོད། ལམ་གསར་པ་ཡོད། དེ་བས་ལམ་ཡིག་ཡོད། ལམ་ཡིག་ཀྱང་གསར་པ་ཡོད། ལམ་ཡིག་ཡོད་པའི་སྙན་ངག་པ་ཉུང་། ཡིན་ན་ཡང་། མང་པོ་ཡོང་གི་ཡོད་པའི་སྨོན་ལམ། དགུན་ཆང་ཞིག་འཐུང་ཞོར་སྙན་ངག་པ་དང་སྙན་ངག་པའི་ལམ་ཡིག་གླེང་ན་སྙན་ངག་པ་མིན་ནའང་ཚོར་བ་དག་བར་སྣང་ལ་འཕུར་ནས་མར་འབབ་ས་འདྲ་མ་རག་པ་དེ་འདྲ་ཞིག་རེད། ད་དེ་ཙམ་ཡིན།

2016/1/16