ཀན་ལྷོ། ཐེ་གེ

རོལ་རྩེད་ནི་མི་རྣམས་ཀྱི་ངལ་རྩོལ་དུས་ཚོད་ལྷག་མའི་ཁྲོད་ཀྱི་ཐོན་དངོས་ཤིག་ཡིན་པ་མ་ཟད། མིའི་རིགས་ཀྱི་འཚོ་གནས་ཀྱི་རྣམ་པའི་ཁྲོད་དུ་ངེས་པར་ཏུ་ཆད་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།ཐོན་སྐྱེས་ལག་རྩལ་དང་ཐོན་སྐྱེས་ནུས་ཤུགས།ཐོན་སྐྱེས་ལས་ཆོད་སོགས་ཇེ་མཐོར་སོང་བ་དང་བསྟུན་ནས་ཟས་གོས་ཀྱི་རྩ་བའི་གནད་དོན་ཡང་ཐག་གཅོད་བྱུང་པ་རེད།དེའི་ཕྱིར་མི་རྣམས་ལ་ངལ་རྩོལ་དུས་ཚོད་ལྷག་མ་འདི་ལྟ་བུ་ཞིག་ཡོད་པ་རེད།ཁོ་ཚོས་ངལ་རྩོལ་དུས་ཚོད་ལྷག་མ་འདི་དག་ཐོག་མའི་དུས་སུ་གླུ་དང་གར་སོགས་རང་རྒྱུ་ནས་བྱུང་པའི་རྩེད་མོ་དག་གི་ཁྲོད་དུ་བཀོལ་སྤྱོད་བྱེད་པ་མ་ཟད་རྩོམ་རིག་ནང་འདུས་ཀྱི་སྒྱུ་རྩལ་ཡོད་ཚད་ཀྱང་རོད་རྩེད་ཀྱི་ལག་ཐབས་ཤིག་ཏུ་བལྟས་པ་རེད།

ཡིན་ཡང་ཞིབ་ཏུ་བསམ་ན་མི་རྣམས་ཀྱིས་བཀོད་སྒྲིག་བྱེད་པའི་ངལ་རྩོལ་དུས་ཚོད་ལྷག་མའི་ལས་འགུལ་དག་ནི་སྐྱོ་སངས་༼消遣༽ལས་རོལ་རྩེད་མིན་པ་འདྲ།སྤྱིར་བཏང་དུ་སྐྱོ་སངས་དང་རོལ་རྩེད་ལ་ཁྱད་པར་ཡོད་སྟེ།ལཱོ་པེན•ཆོའུ་ཏྲི•ཁུ་ལེན་བཱོའི་ཏུ་ཡིས༼༡༩༩༩-༡༩༤༣༽ སྔོན་ཆད་སྐྱོ་སངས་དང་རོལ་རྩེད་ལ་ཁྱད་པར་ཞིག་ཕྱེ་ཡོད་དེ“རོལ་རྩེད་དང་སྐྱོ་སངས་ཀྱི་ཁྱད་པར་ནི་བརྩེ་སེམས་ཀྱི་ནུས་པས་དངོས་ཡོད་འཚོ་བར་ཤུགས་རྐྱེན་ཐེབས་སྐབས།དེ་གཉིས་ལས་བཏོན་པའི་མཇུག་འབྲས་མི་འདྲ་དེ།རོལ་རྩེད་ནི་བྱུང་ཐོ་འགོད་ས་དང་སྐྱོ་སངས་ནི་སོང་ཐོ་འགོད་ས་རེད།”ཞེས་གསུངས།སྤྱིར་སྐྱོ་སངས་ནི་བལྟས་བཅས་ཀྱིས་མཐའ་གཅིག་ཏུ་ངལ་རྩོལ་དུས་ཚོད་ལྷག་མར་བཤད་པ་རེད།ངལ་རྩོལ་དུས་ཚོད་ལྷག་མ་ནི་སྔོན་འགྲོ་ཡིན་མོད།འོན་ཀྱང་སྐྱོ་སངས་ནི་ངལ་རྩོལ་དུས་ཚོད་ལྷག་མ་རིན་དོད་དུ་བཞག་པ་ཞིག་མིན་ཡང་།མི་རྣམས་ཀྱིས་རྣམ་པ་གང་རུང་བརྒྱུད་ནས་སྐྱོ་སངས་བྱེད་སྐབས་བྱུང་པའི་དགའ་སྤྲོ་ནི་ལོངས་སྤྱོད་ཅིག་ཏུ་བཤད་ཆོག དེ་ལས་ལྡོག་སྟེ་རོལ་རྩེད་ནི་ངལ་རྩོལ་དུས་ཚོད་ལྷག་མའི་ནང་དུ་སྒྲུབ་ཆོག་པ་མ་ཟད་ངལ་རྩོལ་དུས་ཚོད་ཁྲོད་དུ་ཡང་སྒྲུབ་ཆོག་པ་ཞིག་རེད།དེ་ནི་ངལ་རྩོལ་དུས་ཚོད་བདག་ཏུ་བཟུང་པས་མི་ཚད་ཚེ་སྲོག་ལ་བསླུ་བྲིད་གཏོང་སྟངས་ཤིག་ཀྱང་རེད།ལྷག་པར་དུ་རོལ་རྩེད་ལས་བྱུང་པའི་དགའ་སྤྲོ་དེ་ལོངས་སྤྱོད་ཅིག་ཏུ་འགྱུར་ཉེན་ཆེ་པས་མིའི་རིགས་ཀྱི་ངོས་ནས་བཤད་ན་ཉེན་ཚབས་ཀྱི་བརྡ་རྟགས་ཤིག་མིན་པའི་ངེས་པ་མེད།དེ་བཞིན་དུ་རོལ་རྩེད་དེ་དགའ་སྤྲོའི་ལངས་སྤྱོད་ཅིག་ཏུ་གྱུར་པ་དང་མཉམ་དུ་སེམས་ཁམས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་པ་རེད།དེའི་ཕྱིར་རོལ་རྩེད་ལ་སྤྱི་ཚོགས་ཀྱི་སྒྲིག་གཞིའི་ཁྲོད་དུ་གོ་གནས་ཆེན་པོ་ཞིག་ཡོད་པ་རེད།

རོལ་རྩེད་ནི་ཐོག་མའི་དུས་ནས་བཟུང་ངོས་གཉིས་ཀྱི་རྣམ་པས་གནས་ཡོད་ལ།ཡང་གཅིག་བཤད་ན་དེ་ནི་རོལ་རྩེད་རང་ངོས་སུ་སྦས་པའི་ཉེན་ཚབས་ཀྱི་རང་བཞིན་ཞིག་ཀྱང་ཡིན།ནུབ་ཕྱོགས་རིག་གནས་ལོ་རྒྱུས་ཀྱི་ཁྲོད་དུ་ཆེས་ཐོག་མར་ཉེན་ཚབས་འདི་མཐོང་མཁན་ནི་པོ་ལ་ཐུ་ཡིན་ལ།༼སྙན་མཚན་གཡུལ་འགྱེད་༽(诗哲之战)ཀྱི་ཁྲོད་དུ་སྙན་ངག་ལ་དགག་སྒྲུབ་ཆེན་པོ་གཏོང་བ་ཡིན་མོད་འོན་ཀྱང་ཁོས་སྒྱུ་རྩལ་ཡོད་དོ་ཅག་ལ་དགག་པ་ཞིག་མིན་པར།ཁོའི་༼རྫོགས་ལྡན་རྒྱལ་ཁབ་༽(理想国)ཀྱི་ནང་དུ་རོལ་དབྱངས་སློབ་གསོ་ལ་རྩིས་མཐོང་ཆེན་པོ་བྱེད་བཞིན་འདུག གཞན་ཁོས་ལད་ཟློད་སྙན་ངག་པ་དག་མཐར་སྐྲོད་གཏོང་བ་རེད།རྗེས་ཀྱི་ཁོའི་༼ཁྲིམས་ཀྱི་ལེའུ་༽ཞེས་པའི་ནང་དུ་“འཁྲབ་རའི་སྲིད་འཛུགས་ལམ་ལུགས”ཞེས་པ་བཏོན་ནས་“སྐུ་དྲག་སྲིད་འཛུགས་ལམ་ལུགས་”དང་ཁ་གཏད་དུ་ལངས་པ་རེད།སྐབས་དེར་པོ་ལ་ཐུས་ད་གཟོད་ཨོ་ལེན་ཕུས་ཁཱའི་འཇུམ་བརྐོས་དང་ཨོ་ཟུ་ཁུ་ལཱ་སའི་ཟློས་གར་སོགས་སྔ་དུས་ཀྱི་ཀེ་རུ་སའི་ཆོས་ལུགས་སྒྱུ་རྩལ་དག་ཧེ་ལོན་དུས་སྐབས་ཀྱི་རོལ་རྩེད་གསར་བའི་རྣམ་པའི་སྒྱུ་རྩལ་གྱི་གོ་གནས་སུ་སླར་ཟློག་མི་ཐུབ་པ་རྟོགས།འདི་འདྲིའི་འགྱུར་ལྡོག་ཅིག་གི་ཁྲོད་དུ་ཁོས་སྲོལ་རྒྱུན་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ཉམས་རྒུད་ཚོར་བ་མ་ཟད།ནུབ་ཕྱོགས་རིག་གནས་ཡོངས་ཀྱི་ཉེན་ཚབས་ཀྱང་མཐོང་སོང་བ་རེད།ཁོའི་“འཁྲབ་རའི་སྲིད་འཛུགས་ལམ་ལུགས་”དེ་གསར་དར་རྣམ་པའི་གྲོང་མིའི་རོལ་རྩེད་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་སྟོན་པའི་དུས་ཡུན་རིང་བོའི་སྲིད་འཛུགས་ལམ་ལུགས་ཤིག་རེད།པོ་ལ་ཐུས་བལྟས་ན་འདི་ལྟ་བུའི་སྲིད་འཛུགས་ལམ་ལུགས་ཀྱི་འོག་ནས་ལོག་འདྲེ་དང་མ་རུངས་པའི་སྲིད་འཛུགས་ལམ་ལུགས་མ་གཏོགས་གང་ཡང་མི་སྐྱེས་པར་འདོད།

རོལ་རྩེད་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་མང་ཚོགས་ཀྱི་སྤྲོ་སྣང་དང་མ་རྩའི་ཁེ་ཕན་ཕྱོགས་གཉིས་ནས་གནོན་ཤུགས་ཐེབས་ཀྱི་འདུག ཁེ་ཕན་དང་སྤྲོ་སྣང་ནི་ནམ་ཡང་གཏིང་མཐའ་ཡོད་པ་ཞིག་མིན་ཕྱིར་ཕམ་ཁ་ལས་མཇུག་འབྲས་གང་ཡང་ཡོད་པ་མ་རེད།དེའི་ཕྱིར་སྒྱུ་རྩལ་པ་དང་ཚོང་ལས་པའི་ལུས་སྟེང་དུ་རྣམ་པ་གསར་འབྱེད་ཀྱི་ལས་ འགན་ཞིག་བབས་པ་རེད།

རྩོམ་རིག་གི་ངོས་ཐད་ནས་གླེང་ན།མང་ཚོགས་ཀྱི་སྐྱོ་བ་སངས་བྱེད་ཀྱི་རོལ་རྩེད་རྩོམ་རིག་གི་རྣམ་པ་ཡང་མུ་མཐུད་དུ་འབྱུང་བཞིན་འདུག མྱུལ་ཞིབ་བརྩམས་སྒྲུང་དང་འཇིགས་སྐུལ་བརྩམས་སྒྲུང་།སྲེད་ལྡན་བརྩམས་སྒྲུང་།བདེན་འཛིན་དཔའ་རྟུལ་གྱི་བརྩམས་སྒྲུང་སོགས་རིགས་མི་འདྲ་བའི་རོལ་རྩེད་ཀྱིས་གཙོ་ཤུགས་བྱེད་པའི་རྩོམ་རིག་གི་རྣམ་པ་འདི་དག་ལ་ཁི་ལེན་བོའུ་ཏུས་དཔྱད་བསྡུར་ཞིག་བྱེད་ཡོད་དེ།རོལ་རྩེད་ནི་མིའི་བརྩེ་སེམས་ཕྱིར་གློད་གྲོལ་བྱེད་པའི་བྱེད་ནུས་ཤིག་རེད།ཁོས་ད་དུང་མིའི་བརྩེ་སེམས་ཀྱི་བརྒྱུད་རིམ་དེ་སྤྲོ་སྣང་གི་བར་སྐབས་དང་གློད་གྲོལ་གྱི་བར་སྐབས་རིགས་གཉིས་སུ་དབྱེ་སྟེ།བརྩེ་སེམས་ལ་སྤྲོ་སྣང་ཡོད་རྗེས་ངེས་པར་དུ་གློད་གྲོལ་གཏོང་འགྲོ་བ་གསལ་བཤད་བྱེད་པ་རེད།མིའི་རོལ་རྩེད་སྒྱུ་རྩལ་གྱི་ཁྲོད་དུ་བཏོན་པའི་བརྩེ་སེམས་དེ་རོལ་རྩེད་སྒྱུ་རྩལ་གྱིས་གསར་གཏོད་བྱེད་པའི་རྟོག་བཟོའི་ཁམས་ནས་གློད་གྲོལ་ཐེབས་པ་རེད།དེའི་ཕྱིར་“རོལ་རྩེད་ནི་དོན་དངོས་འཚོ་བར་ཐེ་གཏོགས་མི་བྱེད་པའི་རྣམ་པའི་སྒོ་ནས་བརྩེ་སེམས་གློད་གྲོལ་གཏོང་བའི་ཐབས་ཤེས་རིགས་ཤིག་རེད།”རོལ་རྩེད་རྩོམ་རིག་གི་ངོས་ཐད་ནས་ཁོས་འཇིགས་སྐུལ་བརྩམས་སྒྲུང་སོགས་ཀྱི་བྱུང་པ་ནི་མིས་འཇིགས་སྐུལ་ལ་རོལ་མྱོང་བྱེད་པའི་བསམ་པའི་ཤུགས་དྲག་གི་དགོས་མཁོ་དང་བསྟུན་ཏེ།“རྟོག་བཟོའི་ཁམས་ནས་འབོད་སྐུལ་བྱེད་པའི་བརྩེ་སེམས་དེ་དག་སླར་ཡང་རྟོག་བཟོའི་ཁམས་ནས་གློད་གྲོལ་གཏོང་བ་ཞིག་རེད།འདི་ལ་བལྟས་ན་ཁོ་ཚོ་དོན་དངོས་འཚོ་བའི་ཁྲོད་ནས་རང་འགུལ་གྱིས་གློད་གྲོལ་བྱེད་མི་འགྲོ་བ་ནི་རང་བྱུང་ཆོས་ཉིད་དང་བསྟུན་པ་ཞིག་རེད།”འོན་ཀྱང་ཕྱོགས་གཞན་ཞིག་ནས་བསྙད་ན་རོལ་རྩེད་ནི་རྟོག་བཟོའི་ཁམས་ནས་བརྩེ་སེམས་གློད་གྲོལ་བྱེད་པ་ཞིག་ཡིན་པས་དེ་ལ་རིན་དོད་ཅུང་གཏོང་མི་དགོས་པ་འདྲ།ཡིན་ཡང་མི་རྣམས་ཀྱི་དགོས་མཁོ་ཇེ་ཆེར་སོང་བ་དང་བསྟུན་ནས་རང་ཉིད་ཀྱི་དགོས་ངེས་ཀྱི་ངལ་རྩོལ་དུས་ཚོད་ཡང་དེའི་སྟེང་དུ་བཀོལ་བཞིན་འདུག

རོལ་རྩེད་ཀྱིས་མིའི་ནུས་པའི་ཁྲོད་ནས་བཏོན་པའི་གྲངས་ཀ་ཇེ་མང་དུ་སོང་བ་དང་མཉམ་དུ་རྒྱུན་ལྡན་འཚོ་བའི་ཁྲོད་ནས་ཕྱིར་སྐྱིན་ཚབས་སྤྲོད་མི་ཐུབ་པའི་སྐབས་སུ་རོལ་རྩེད་ནི་དོན་དངོས་འཚོ་བའི་ཉེན་ཚབས་རིགས་ཤིག་ཏུ་གྱུར་སོང་བ་རེད།འདི་ལྟ་བུའི་ཉེན་ཚབས་ཀྱི་གནས་ཚུལ་དེ་ཡང་རྩེར་སོན་དུས་དོན་དངོས་འཚོ་བར་བརྩེ་སེམས་ཀྱི་སྟེང་ནས་མ་རྩ་བརྡུབས་འདུག སྐབས་དེར།བསམ་པའི་སྟེང་དུ་རྒྱུན་ལྡན་འཚོ་བ་དང་སྤྱི་ཚོགས་བྱ་བའི་སྤྲོ་སྣང་སོགས་ཉམས་རྒུད་དུ་གྱུར་འགྲོ་བའི་ནད་ཡམས་ཤིག་གིས་མགོ་བརྩམས་པ་རེད།

ཁུ་ལེན་བོའི་ཏུས་བསམ་པར་འདི་ལྟ་བུའི་རོལ་རྩེད་དང་རོལ་རྩེད་སྒྱུ་རྩལ་དེ་ནུབ་ཕྱོགས་དེང་རབས་སྤྱི་ཚོགས་ཁྲོད་དུ་བར་བརྒལ་གྱི་འཕེལ་རྒྱས་སུ་གཏོགས་པས།དེས་བསྐྱེད་པའི་ནུབ་ཕྱོགས་རིག་གནས་ཀྱི་ཉེན་ཚབས་དེ་ང་ཚོས་བཤད་ཀྱིན་པའི་སྒྱུ་རྩལ་ངོ་མས་མ་གཏོགས་སྐྱོབ་ཐབས་མི་འདུག་པར་བཤད།ཁཱ་ཨར•ཡ་ཟུ་པེ་ཟུ་༼卡儿•雅斯贝斯 (1883—1969)༽ཡི་དེ་ལས་ལྷག་པའི་སྒོ་ནས་རོལ་རྩེད་རང་བཞིན་གྱི་དེང་རབས་སྤྱི་ཚོགས་ཀྱི་རྩོམ་རིག་སྒྱུ་རྩལ་ལ་དགག་སྒྲུབ་བརྒྱབ་ཡོད་དེ།ཁོས་བཤད་རྒྱུར་ནུབ་ཕྱོགས་སུ་སྤྱི་ཚོགས་ལག་རྩལ་ཅན་དང་སློབ་གསོ་ནུས་རྩལ་ཅན།“སྒྱུ་རྩལ་ཀྱང་འགྱུར་ལྡོག་བྱུང་སྟེ་རོལ་རྩེད་རྐྱང་མའི་”ལག་ཐབས་ཤིག་ཏུ་གཏོང་འདུག་པས་རང་ཉིད་འབོར་བརླག་ཏུ་སོང་བའི་གནས་སུ་ལྷུང་འདུག་པར་འདོད།

ཡིན་ཡང་རྩོམ་རིག་གཞུང་ལུགས་ཀྱི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་བའི་བོའུ་ལོན་དང་༼沃伦༽ཝེ་ལེའུ་ཁུ༼韦勒克༽གཉིས་ཀྱིས་བརྩམས་གྲུབ་གནང་བའི་༼རྩོམ་རིག་གཞུང་ལུགས་༽ཀྱི་ནང་དུ་དམངས་ཁྲོད་རྩོམ་རིག་དང་རོལ་རྩེད་རྩོམ་རིག་ལ་དག་འབུད་བྱེད་འདུག བོའུ་ལོན་དང་ཝེ་ལེའུ་ཁུ་གཉིས་ཀྱིས་ཧུ་ལཱ་ཟི་(贺拉斯 སྤྱི་ལོ་སྔོན་གྱི་65-8)ཡིས་ལྟ་ཚུལ་རྒྱུན་སྐྱོང་སྟེ་རྩོམ་རིག་ནི་“མངར་མོ་”(甜美)དང་“གོ་ཆོད་”(有用)ཀྱི་གཅིག་གྱུར་ཡིན་པ་མ་ཟད་དེ་ལ་གསར་ཏུ་འགྲེལ་བཤད་བརྒྱབ་ཡོད་དེ། “སྒྱུ་རྩལ་གྱི་གོ་ཆོད་རང་བཞིན་ནི་མི་རྣམས་ལ་ནན་སྐུལ་བྱེད་པའི་སྤྱོད་ལམ་གྱི་བཀའ་སློབ་རིགས་ཤིག་མིན་པར་གོ་ཆོད་ནི་དུས་ཚོད་འཕྲོད་བརླག་མ་བྱེད་པ་དང་འདྲ་མཚུངས་འདུག སྒྱུ་རྩལ་ཀྱང་ཉི་མ་འཁྱོལ་ཐབས་ཀྱི་རྣམ་པ་ཞིག་མིན་ཕྱིར་བྱ་དངོས་གལ་ཆེན་ཞིག་ཏུ་བལྟས་ཆོག་པ་རེད།མངར་མོ་ནི་འོས་འགན་རིགས་ཤིག་མིན་པ་དང་མི་རྣམས་ལ་སུན་སྣང་མི་བཟོ་བ་དང་འདྲ་མཚུངས་འདུག སྒྱུ་རྩལ་རང་ཉིད་ཀྱང་མི་རྣམས་ལ་ཐོབ་འོས་པའི་གླ་ཆ་ཡིན་”པར་བཤད།

སྤྱིར་བཏང་དུ་མི་མང་པོ་ཞིག་གིས་“གོ་ཆོད་”དེ་“གཟབ་ནན་གྱི་སྤྱོད་ལམ་བཀའ་སློབ་”ཞིག་ཏུ་གོ་བ་བླངས་པ་རེད།འོན་ཀྱང་བོའུ་ལོན་དང་ཝེ་ལེའུ་ཁུ་ཡིས་འགྲེལ་བཤད་ཀྱིས་“མངར་མོ་”དང་“གོ་ཆོད་”ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་བ་རེད།འདི་ནི་ཕལ་ཆེར་དཀྱེལ་ཡངས་ཀྱི་རྣམ་འགྱུར་ཞིག་རེད།ཆེད་ལས་རྩོམ་རིག་བྱེད་པའི་སློབ་མཁན་དང་མཚན་ཉིད་རིག་པ།ཆབ་སྲིད་པ་སོགས་ཀྱི་བསམ་ཚུལ་འདྲ་མཚུངས་མིན་ཕྱིར།འདི་ལྟ་བུའི་དཀྱེལ་ཡངས་ཀྱི་རྣམ་འགྱུར་གྱིས་རང་འགུལ་གྱི་སྒོ་ནས་སྙན་གྲགས་དེ་འདྲའི་མི་བཟང་བའི་“གོ་བདེའི་རྩོམ་རིག་”དང་“རོལ་རྩེད་རྩོམ་རིག་”གི་དཔྱད་བརྗོད་ལ་ཐེ་གཏོགས་བྱེད་བཞིན་འདུག
སྔོན་མའི་དུས་སུ་རྩོམ་རིག་དང་འབྲེལ་བའི་དཔྱད་གླེང་གི་ཁྲོད་དུ་རླབས་ཆེ་བ་དང་བཟང་བ།“དམའ་རིམ་”གྱི་རྩོམ་རིག་གི་དབྱེ་སྟངས་སོགས་དཀོན་པོ་རེད།ང་ཚོས་དམའ་རིམ་རྩོམ་རིག་ལ་“གོ་ཆོད་”དང་“སློབ་གསོའི་དོན་སྙིང་”ཡོད་མེད་དོགས་སློང་བྱེད་ཆོག་སྟེ།རྒྱུན་པར་མི་ཚང་མས་བསམ་པར་དེ་ནི་དངོས་ཡོད་ཀྱི་“གཡོལ་ཐབས་”དང་“རོལ་རྩེད་”ཅིག་ཏུ་འདོད།དམའ་རིམ་རྩོམ་རིག་གི་གོ་ཆོད་མིན་གྱི་གནད་དོན་དེ་ངེས་པར་དུ་དམའ་རིམ་རྩོམ་རིག་གི་ཀློག་པ་པོའི་གནས་ཚུལ་དང་བསྟུན་ནས་ལན་འདེབས་དགོས་པ་ལས་“རྩོམ་རིག་བཟང་བོའི་”ཀློག་པ་པོའི་ཆུ་ཚད་བཞིན་དུ་འཇལ་མི་ཉན།ཤེས་བྱའི་ཆུ་ཚད་ཆེས་དམའ་བའི་བརྩམས་སྒྲུང་གི་ཀློག་པ་པོའི་ངོས་ཐད་ནས་བལྟས་ན་མ་མཐའ་ཡང་ཁོ་ཚོར་རྩ་བའི་ཤེས་བྱ་སྦྱོང་འདོད་ཀྱི་ཕྱོགས་ཤིག་གནས་ཡོད་ལ།གཞན་“དངོས་ཡོད་ལ་གཡོལ་ཐབས་”ནི་འགན་འཁུར་ཧ་ཅང་ཡང་བ་བསྟན་པ་ཞིག་རེད།སྒྱུ་རྩལ་ཡོད་ཚད་ལ་ཚད་དང་རན་པའི་བཀོལ་སྤྱོད་མཁན་གྱི་ངོས་ཐད་ནས་གླེང་ན་ཡོད་ཚད་ནི་“མངར་མོ”དང་“གོ་ཆོད་”ཅིག་ཡིན་པ་རེད།ཡང་གཅིག་བཤད་ན་སྒྱུ་རྩལ་ལས་མངོན་པའི་དངོས་པོ་དག་ནི་བཀོལ་སྤྱོད་མཁན་རང་ཉིད་ཀྱིས་བསྒྲུབས་པའི་འཁྲུལ་སྣང་དང་བསམ་གཞུགས་ལས་ཁྱད་དུ་འཕགས་པ་རེད།སྒྱུ་རྩལ་དང་དེའི་ཐབས་རྩལ།མངོན་ཚུལ་སོགས་བཀོལ་སྤྱོད་མཁན་རང་ཉིད་ཀྱི་འཁྲུལ་སྣང་དང་བསམ་གཞུགས་ཀྱི་དངོས་པོ་དང་འདྲ་མཚུངས་འདུག ཁོ་ཚོས་རོལ་མྱོང་བྱེད་པའི་འདི་ལྟ་བུའི་མངོན་ཚུལ་གྱི་བརྒྱུད་རིམ་ཁྲོད་དུ་རྡོག་ཁྲེས་ཕབ་པ་བཞིན་དུ་སྐྱིད་སྣང་ཐོབ་ཀྱི་འདུག

བོའུ་ལོན་དང་ཝེ་ལེའུ་ཁུ་གཉིས་ཀྱིས་“གོ་ཆོད་”དང་“མངར་མོའི་”གཏན་འཁེལ་དེས་ཁྱབ་རྒྱ་ཇེ་ཆེར་གཏོང་བ་མ་ཟད་ཁོ་ཚོའི་བལྟས་བཅོས་རང་བཞིན་གྱི་གོ་དོན་ཡང་སླར་སྤྲོད་བྱེད་པ་རེད།“མངར་མོ་”དང་“གོ་ཆོད་”མིན་ནི་བལྟས་བཅས་ཀྱིས་རྩོམ་རིག་བརྩམས་ཆོས་རང་ཉིད་ཀྱི་ཀློག་པ་པོ་ལ་བལྟས་ཏེ་བཤད་པ་ཞིག་རེད།དཔེ་ཀློག་གི་ཆུ་ཚད་དམའ་བའི་ཀློག་པ་པོའོ་ངོས་ཐད་ནས་གོ་བདེའི་བརྩམས་སྒྲུང་དང་རོལ་རྩེད་རྩོམ་རིག་ལ་གོ་ཆོད་ཀྱི་རང་བཞིན་ཡོད་དེ།རྒྱུ་མཚན་བརྩམས་ཆོས་ཁྲོད་དུ་“བཀོལ་སྤྱོད་མཁན་རང་ཉིད་ཀྱིས་བསྒྲུབས་པའི་འཁྲུལ་སྣང་དང་བསམ་གཞུགས་ལས་ཁྱད་འཕགས་”ཤིག་བྲིས་ཡོད་ཕྱིར་སྐྱིད་སྣང་ཐོབ་པ་རེད།

བོའུ་ལོན་དང་ཝེ་ལེའུ་ཁུ་གཉིས་ཀྱི་ལྟ་ཚུལ་དེར་གནས་ལུགས་མེད་པ་ཞིག་ཡེ་ནས་མིན་པར།གོ་བདེའི་བརྩམས་སྒྲུང་ངམ་རོལ་རྩེད་རྩོམ་རིག་དེ་གནས་ཐུབ་པའི་རྒྱུན་མཚན་གྱིས་ཁོ་ལ་ཡང་ཀློག་པ་པོ་སྐོར་ཞིག་ཡོད་པ་གསལ་བཤད་གནང་བ་རེད།འོན་ཀྱང་ཀློག་པ་པོ་ཡོད་ཚད་དཔེ་ཀློག་ཆུ་ཚད་དམའ་བ་མཚོན་མི་ནུས་ཕྱིར་མཁས་པས་ཀྱང་གོ་བདེའི་བརྩམས་སྒྲུང་ཀློག་གིན་མེད་པའི་ངེས་པ་མེད།

འདི་ལྟར་བལྟས་ཡོང་ན་རྩོམ་རིག་བརྩམས་ཆོས་ནི་སྐྱོ་སངས་ཀྱི་རྣམ་པ་རྐྱང་རྐྱང་ཞིག་མིན་ཏེ།དེང་སྐབས་ཀྱི་སྤྱི་ཚོགས་སྟེང་ཏུ་སློབ་མ་རྣམས་ཀྱིས་སྐད་ཡིག་སློབ་ཁྲིད་དང་རྩོམ་རིག་སློབ་ཁྲིད་ཀྱི་སྐབས་སུ་རྩོམ་རིག་བརྩམས་ཆོས་སྦྱོང་བཞིན་པ་མ་ཟད་ཆེད་ལས་པ་ཚོས་ཀྱང་རྩོམ་རིག་བརྩམས་ཆོས་ལ་ཞིབ་འཇུག་བྱེད་བཞིན་འདུག གཞན་མི་འགའ་རེ་ཞིག་གིས་བརྩམས་ཆོས་ལ་རོལ་མྱོང་བྱེད་བཞིན་པ་དེ་ནི་ངལ་རྩོད་ཀྱི་དུས་ཚོད་ལྷག་མ་བཀོལ་བཞིན་པ་ཞིག་མིན་ནམ།ཀློག་པ་པོ་མང་པོ་ཞིག་གིས་ཕལ་ཆེར་ངལ་རྩོད་ཀྱི་དུས་ཚོད་ལྷག་མའི་ཁྲོད་དུ་བརྩམས་ཆོས་རོལ་མྱོང་བྱེད་བཞིན་པ་ནི་སློབ་གསོའི་སེམས་ཁམས་ཤིག་ཡིན་པའི་ངེས་པ་མེད།མིའི་ངོས་ཐད་ནས་བཤད་ན་དངོས་པོའི་དགོས་མཁོ་ཉིན་རེར་བཞིན་ཇེ་མཐོར་འགྲོ་བ་དང་འདྲ་བར་དེ་བཞིན་དུ་སྐྱོ་སངས་དང་རོལ་རྩེད་ཀྱང་དགོས་མཁོ་ཞིག་ཏུ་གྱུར་འདུག ཤོག་དཀར་ཞིག་གི་ངོས་སུ་ཆེས་ཡིད་དུ་འོང་བ་དང་ཆེས་མཛེས་སྡུག་ལྡན་པའི་རི་མོ་འབྲི་ཐུབ་པ་ནང་བཞིན་མིའི་སྐྱོ་སངས་དང་རོལ་རྩེད་དེ་ཡང་མི་སྒེར་རང་ཉིད་ལ་ཕན་པའི་ཕྱོགས་སུ་གསོ་སྐྱོང་བྱེད་ཆོག་པ་རེད།དེ་བས་གཞི་རྩའི་གནད་དོན་དེ་ནི་རྩོམ་པ་པོས་ཀློག་པ་པོར་ཅི་ཞིག་མཁོ་སྤྲོད་བྱེད་ཡོད་པ་དེ་རེད།གལ་ཏེ་རྩོམ་པ་པོས་མཁོ་སྤྲོད་བྱེད་པའི་བརྩམས་ཆོས་མིའི་བསམ་པའི་འཕེལ་རྒྱས་དང་འགལ་ཟླར་གྱུར་བ་ཞིག་ཡིན་ཚེ་འདི་ལྟ་བུའི་རོལ་རྩེད་ལ་གནད་དོན་འབྱུང་ངེས་པ་རེད།དེ་ལས་ཀྱང་གལ་ཆེ་བ་ནི་རྩོམ་རིག་དེས་རོལ་རྩེད་སྟེང་དུ་བཀོལ་བ་དང་རྩོམ་རིག་གི་ངོ་བོའི་སྟེང་དུ་བྱེད་ནུས་ཅི་ཞིག་ཡོད་པ་གཙོ་བོ་མིན་པར་རོལ་རྩེད་ཀྱི་བྱེད་ནུས་ནི་རྩོམ་རིག་གི་ངོ་བོའི་བྱེད་ནུས་རྩ་བ་ནས་མ་རེད།ཡང་ན་ང་ཚོས་གོང་ནས་གཏན་འཁེལ་བྱེད་ཟིན་པ་ལྟར་རོལ་རྩེད་ཀྱི་བྱེད་ནུས་ནི་རྩོམ་རིག་གི་“རང་གི་བྱས་ནུས་”(自为功能)ཤིག་མིན་ཕྱིར་སྤྱི་ལ་མངའ་བའི་“ཐུན་མོང་བྱེད་ནུས་”ཤིག་རེད།འོན་ཀྱང་མི་རྣམས་ཀྱིས་དོ་སྣང་ཡོད་དགོས་པ་ཞིག་ནི་ང་ཚོས་ཕྱོགས་གཅིག་ནས་རྩོམ་རིག་གི་“ཕན་ནུས་ནི་རང་ཉིད་ཀྱི་རང་བཞིན་གྱིས་གཏན་འཁེལ་བྱེད་པ་ཞིག་རེད།”ཡིན་ཡང་ཕྱོགས་གཞན་ཞིག་ནས་ང་ཚོས་“དངོས་པོའི་ངོ་བོ་ནི་དེའི་ཕན་ནུས་ཀྱིས་གཏན་འཁེལ་བྱེད་ཕྱིར།དེས་ཅི་ཞིག་བསྒྲུབ་བཞིན་པར་བཀོལ་བ་ཡིན་ན་དེ་རང་ཡིན་པ་རེད།”འདི་ལྟར་ཡོང་ན་རྩོམ་རིག་གི་རོལ་རྩེད་བྱེད་ནུས་ཀྱིས་རྩོམ་རིག་གི་ངོ་བོའི་བྱེད་ནུས་ལ་བཙན་འཛུལ་བྱེད་མིན་ལས།རྩོམ་རིག་དེ་རིགས་གཞན་པ་ཞིག་ཏུ་འདྲེས་མིན་ཐག་གཅོད་བྱེད་པ་རེད།དེའི་ཕྱིར་ང་ཚོས་ཤེས་དགོས་པ་ཞིག་ནི་ཀློག་རོལ་ནི་རྩོམ་རིག་རྐྱང་བར་ཡོད་པའི་ནུས་པ་ཞིག་ཡིན་པ་དང་།རོལ་རྩེད་ཀྱི་ནུས་པ་ནི་རྩོམ་ནང་འདུས་ཀྱི་སྒྱུ་རྩལ་ཡོད་དོ་ཅག་ལ་གནས་པའི་ཐུན་མོང་ནུས་པ་ཞིག་གོ།