སྲོད་ཁའི་སྤྲིན་པ་ཁེར་འགྲོ།།
ང་ཡང་དེ་བཞིན་ཁེར་འགྲོ།།
ཚོང་འདུས་འགྲོན་པོའི་གསེབ་ན།།
ཁྱོད་ཀྱང་ང་བཞིན་ཁེར་ཉུལ།།

སྲོད་ཁའི་འགྲུལ་བཞུད་ཁྲོད་དུ།།
ཡིད་གཞུངས་སྙན་ངག་བུ་མོས།།
ཐེངས་ཤིག་བླུགས་པའི་ཨ་རག།།
ཧུབ་གང་བྱས་ཏེ་བཟི་སོང་།།

སྲོད་ཁའི་ཚོར་ཡན་སྐྱ་བོ།།
ཅི་ཙམ་བརྡར་ཡང་མ་ཟད།།
ཁྱོད་རང་འབྲི་སྤྱད་པིར་སྨྱུག།།
ཐེངས་ཤིག་བྱས་ཏེ་ཟད་སོང་།།

སྲོད་ཀྱི་བགྲོད་སྟངས་འདི་ཡིས།།
འཁྲེང་སེམས་མཁའ་ལ་འཕྱུར་འོང་།།
རྨང་བ་བདག་གི་སེམས་ལ།།
སུ་ཡང་དྲན་དུ་བཅུགས་མྱོང་།།

༢༠༡༤ ༥ ༢༩ དགོང་ཁ་ཤར་མར་བྲིས།