འཇམ་དབྱངས་མངའ་བ།(མདོ་ལྷོ)

དང་ཐོག་ང་ཁྱིམ་ཚང་འདིར་སླེབས་དུས་བོད་མི་ཚོས་གནའ་ནས་ད་བར་བརྒྱུད་པའི་གཉེན་སྡེབས་སྟངས་ཀྱི་ཆོ་ག་ལྟ་བུ་ཅི་ཡང་མ་སྤེལ་ནའང་ཁོ་ཚོས་ང་རང་རླངས་འཁོར་ཀྱི་ཕྱི་སྒམ་ནས་བླངས་ཚུན་རྒྱང་རིང་གི་གཉེན་ཉེ་ཞིག་ཕྱིར་རང་ཁྱིམ་དུ་ལོག་པ་ལྟར་ཟས་གང་ཞིམ་སྟེར་ཞིང་ལག་གང་འཇམ་གྱིས་གཅེས་པ་དེ་ནས་བཟུང་ང་རང་ཁྱིམ་ཚང་འདིའི་ནང་གཏོགས་ཤིག་ལ་གཏན་ཁེལ་བྱས། དུས་ཚོད་ནི་ངོ་མ་སུས་ཀྱང་བློ་ཡུལ་ལས་མགྱོགས་པས་ད་ནི་ང་ཡང་ལོ་དང་ན་ཚོད་ཀྱིས་ཐུབ་སྟེ་ཁྱིམ་ཚང་འདི་དང་གཏན་བྲལ་བྱ་རྒྱུའི་དུས་ཚོད་ལ་ཉེ། ཁ་སང་དེ་རིང་ངས་དོན་དག་འདི་ལ་བསམ་བློ་གཏོང་དུས་གང་ནས་འོང་བ་མི་ཤེས་པའི་གྲང་རླུང་ཞིག་གིས་ང་ལ་གློ་བུར་དངངས་འདར་རྒྱག་ཏུ་འཇུག ངས་ཁོ་ཚོ་དང་འདྲ་བར་མ་ཎི་གཅིག་ཀྱང་བཏོན་མ་མྱོང་ཞིང་མཆོད་མཇལ་གཅིག་ཀྱང་བྱས་མ་མྱོང་། ཆོས་ཀྱི་བྱེད་སྒོ་དང་ཆོས་སྐད་ནི་རྣ་ཐོས་རིག་མཐོང་ཅུང་ཟད་ཡོད་ཀྱི་དེའང་ང་ལ་མཚོན་ན་དྲི་བའི་སྟེང་ལ་དྲི་བ་དང་གནད་དོན་གྱི་སྟེང་གནད་དོན་བསྣན་པ་ཙམ་ལས་རྨང་གཞིའི་ཐོག་ཅི་ཡང་ཧ་མི་གོ ཡིན་ཡང་ཆོས་དང་ཡང་ན་དེ་ལས་གཞན་པའི་སྙིང་རྗེ་དང་བྱམས་བརྩེ། མཐུན་འབྲེལ་གྱི་སྟོབས་ཤུགས་གང་ཞིག་ནི་ཁོ་ཚོ་སུའི་ཡང་ལུས་སེམས་སུ་ལུས་དང་གྲུབ་མ་ལྟར་འགྲོགས་ཡོད་པས་ངས་ཆུང་དུས་ཁྱིམ་རྐུ་བྱས་པ་དང་ཉིན་གང་བོར་སྒྱུད་ལུག་གིས་གཉིད་པ་གང་ཐད་ལའང་བཀའ་བཀྱོན་ལྗིད་མོ་བབ་པ་ལས་རྒྱ་ལག་ཏུ་རྒྱག་པ་དང་ཁྱི་ལྡོམ་དུ་མངགས་པ། རྡུང་འབྲབ་སོགས་ཀྱི་སྡུག་ཉེས་གཅིག་ཀྱང་འཁུར་དགོས་མ་བྱུང་། དེ་ལྟར་འཆི་བ་ཟེར་བ་དེ་ཡང་ངེས་ནས་འཇིགས་སུ་རུང་བ་ཞིག་ཡིན་པར་བྱས་ཀྱང་བདག་པོའི་བཀའ་བཀྱོན་དེ་འདྲ་བ་ལས་ཐུ་མོ་ཞིག་ག་ལ་ཡིན་འདོད་མོད་གནད་དོན་འདིར་བསམ་ཐེངས་རེར་ངའི་བློ་ནི་ཡེ་ནས་བདེ་མོ་ཞིག་མ་རེད་དེ་ནམ་ཞར་དོང་ནང་དུ་ལྷུང་བ་ལྟར་འདི་དང་དེ་ཡི་བརྗོད་པ་མེད་པར་གཡས་གཡོན་མདུན་རྒྱབ་གང་མང་ཞིག་ལ་མགོ་འཁོར་ནས་འདུག་རྒྱུ་ལས་ཐབས་མེད།

ས་རྡུལ་གྱིས་འཇིག་རྟེན་བཏུམ་ཞིང་རླུང་དམར་འུར་འུར་དུ་ལྡང་བ། དྲོད་ཚད་གོར་ཐིག་མན་གྱི་ཉེར་བཞི་ལ་སླེབས་པའི་མཐོ་སྒང་གི་གནམ་གཤིས་རྩུབ་མོའི་ཁྲོད་དམིགས་བསལ་གྱིས་ཅུང་རྩུབ་པའི་ལོ་སར་ཚེས་བརྒྱད། ཆོ་འཕྲུལ་སྨོན་ལམ་ཡར་འཚོགས་ཀྱི་ཉིན་དེར་རླངས་འཁོར་ཆུང་ཆུང་ཞིག་ཆག་ཆག་འདར་འདར་གྱིས་ཆེས་སྤྱིར་བཏང་གི་རྩྭ་ཐང་དེའི་འབྲོག་ཁྱིམ་དཀྱུས་མ་ཞིག་ལ་ཐོན།

“ཨོ། ཁྱོད་ཐོན་པ་བཟང་། ལམ་ནས་མ་དཀའ་རེད”ཁྱིམ་ཚང་དེའི་བཟའ་མི་ཚང་མ་འཛུམ་དམུལ་དམུལ་གྱིས་འགྲུལ་བ་དེའི་སྔུན་ལ་བུད་ནས་ཚིག་གང་སྔ་རྩོད་ཀྱིན་མཚམས་འདྲི་བྱེད་ཞོར་འགྲུལ་བ་དེ་ཁྱིམ་དུ་བསུ་མ་བྱས།
“མ་དཀའ་ཐལ། མ་དཀའ་ཐལ། ཁྱེད་ཚོ་བདེ་མོ་སྐྱིད་པོ་ཡིན་ནམ”
“ངེད་ཚོ་མི་ཐོག་ན་ན་ཚ་མེད་ཅིང་ཟོག་ཐོག་ན་གོད་ཁ་མེད་པར་བདེ་མོ་སྐྱིད་པོ་ཡིན། ཡ་ད་ཡར་བུད། ཡར་བུད་ལ་གོང་ཀན་ནས་སྡོད་དང”
“ཨོ། ཡ་ཡ།”

འགྲུལ་བ་དེ་ནི་དེང་གི་ཁྱི་སྟག་རྒོད་ཀྱི་བདག་པོ་ཡིན་ཞིང་ཉིན་དེར་ཁོ་རང་ལོ་གཅིག་གི་སྔོན་ལ་ཁྱི་ཕྲུག་ཅིག་དགོས་ཞེས་ཐབས་བཅོལ་སའི་ཁྱིམ་ཚང་དེ་ཚང་ལ་དེང་གི་ཁྱི་སྟག་རྒོད་ལེན་དུ་ཡོང་བ་རེད། ཁྱི་སྟག་རྒོད་ཀྱི་ཨ་མ་ནི་ས་ཆ་དེ་ན་ཅུང་ཟད་མིང་ཅན་གྱི་ཁྱི་རྒྱུད་ཅིག་ཏུ་བརྩི་ཞིང་མོའི་བུ་རྒྱུད་ཐམས་ཅད་བདག་པོར་འཇམ་ལ་སྤྱང་རྐུན་ལ་དཔའ་ཞིང་དེས་པའི་ཆ་ནས་ཁ་ལས་དགེ་ཡོད་སྟབས་ཁྱི་མོ་དེ་ལས་ཁྲིད་པའི་ཁྱི་ཕྲུག་ཀུན་ལ་བདག་པོ་རྒྱག་མཁན་ཧ་ཅང་མང་། ཁྱི་སྟག་རྒོད་ནི་དེ་ལྟར་རང་གི་སྤུན་ཟླ་ཡིན་ཚད་དང་འདྲ་བར་ཨ་མའི་བདག་པོ་ཁྱིམ་ཚང་དེ་ནས་ཟླ་གཉིས་ཙམ་གྱི་ན་ཚོད་ཐོག་རང་གི་ཨ་མ་དང་གྱེས་ནས་སྐྱེ་བ་ནས་བབ་ཡོད་པའི་ཁྱིམ་སྲུང་གི་འགན་འཁྲི་དེ་དང་དུ་ལེན་ཕྱིར་རང་གི་བདག་པོ་ཚང་འདི་ལ་སླེབས་པ་རེད།

ངའི་མིང་ལ་སྟག་རྒོད་ཅེས་འབོད་མཁན་ཐོག་མ་ནི་ངའི་བདག་པོ་ཆུང་བ་ཡིན་ཞིང་རིམ་གྱིས་མིང་དེ་ཁྱིམ་ཚང་འདིས་མཚོན་པའི་མི་ཐམས་ཅད་ཀྱི་སྤྱི་སྐད་ཅིག་ཏུ་ཆགས། ཁོ་ཚོས་མ་གྲོས་རང་མཐུན་གྱིས་ངའི་མིང་ལ་དེ་ལྟར་འབོད་པ་ནི་གཙོ་བོ་ངའི་ཁམས་མདོག་དམར་ཞིང་སྣུམ་པའི་ཆ་ཡིན་པ་ལས་ལོགས་སུ་དཔའ་མཛངས་དེས་གསུམ་གྱི་ཁྱི་རྒོད་ཅིག་ལ་རེ་བ་ཡིན་རྒྱུ་རེད། ཡིན་ཡང་ང་ནི་རང་གི་འགན་འཁྲི་ལས་ལོགས་ཀྱི་གཞན་གང་ལའང་སྤྲོ་བ་མེད་པས་ཁོ་ཚོའི་རེ་ཐོག་ཏུ་འབབ་ངེས་ཀྱི་བྱ་བ་ལྷག་མའམ་ཁྱད་པར་བ་ཅི་ཡང་སྒྲུབ་མ་མྱོང་། དེ་ལས་ཀྱང་ཁོ་ཚོས་བསྟོད་བསྔགས་བྱེད་ཡུལ་དུ་གྱུར་བའི་ཁམས་མདོག་འདི་ལ་ང་ནི་སྤྲོ་བ་མེད་པ་ཙམ་མ་ཟད་སུན་སྣང་སྐྱེས་ཏེ་ཁམས་མདོག་འདིའི་རྒྱུ་མཚན་གྱིས་རྟ་ནོར་ལུག་གསུམ་ཐམས་ཅད་ཀྱིས་ང་ལ་གཟབ་གཟབ་དང་ཚུར་རྒོལ། ཕྱིར་འདེད་བཅས་བྱས་ཏེ་ཁྱིམ་ཚང་གཅིག་ཏུ་གནས་པའི་ཆ་ནས་ངའི་འཚོ་བ་ལ་བརྗོད་ཐབས་དཀའ་བའི་གནོན་ཤུགས་ཚད་མེད་སྟེར། ཁོ་ཚོར་མཚོན་ན་རྩྭ་ཐང་ཐོག་འཚོ་སྡོད་བྱེད་པར་དགྲ་བོ་དམར་རྗེན་ཞིག་ཡོད་པ་ནི་སྟག་གཟིག་དོམ་དྲེད་ཀྱི་གཅན་གཟན་སྟོབས་པོ་ཆེ་དེ་དག་མ་ཡིན་པར་ཏག་ཏག་ཧམ་སེམས་དང་གཏུམ་དྲག ཞོར་རྩལ་གྱི་མཐའ་རྫོགས་པའི་རྩྭ་ཐང་གི་ཇག་པ་སྟེ་རི་སྤྱང་སྔོན་མོ་ཡིན་སྟབས་མི་ཡི་ཇག་རྐུན་དང་བྱོལ་སོང་གཅན་གཟན་འགོག་མཁན་གྱི་སོ་བ་ང་ལྟ་བུའང་སྟབས་མ་ལེགས་ན་ཁོ་ཚོས་སྤྱང་ཀི་དང་ཡང་ན་ཝ་མོ་ལྟ་བུའི་བཙན་གཅོད་མཁན་ཞིག་ལ་འཁྲུལ་ནས་ཞེ་སྡང་འབྱིན་པ་ནི་ང་ལ་མ་མཐའ་དང་སྐྱིད་ཅིག་ཡིན་ཐབས་ག་ལ་ཡོད་མོད། ཡང་ཁོག་རྒྱ་ཅུང་ཆེར་བསྐྱེད་ནས་བསམ་ན་དེ་ཡང་ཡིན་སྲིད་དེ་ང་ནི་ཁོ་ཚོས་མཚོན་པའི་ཁྱིམ་ཚང་ཞིག་སྲུང་བའི་དམག་མི་ཞིག་དང་ནང་མི་ཞིག་ཡིན་པའི་ཆ་ནས་གྱོང་རག་ན་ཁྲོ་གཉེར་བསྡུ་ས་དང་དགོས་ལོན་ན་སྙིང་གཏམ་ཞུ་ས་དེ་ཡིན་དགོས་པ་དང་ཡིན་ཆོག་པ་ཞིག་ཀྱང་ལོས་ཡིན། གང་ལྟར་ལོ་ཟླ་ནི་ཕྱིར་དུ་དྲན་ན་ཐུང་བ་ལས་གོམ་པ་རིམ་བགྲོད་ཀྱིས་སོང་ན་དེ་ནི་ཡེ་ནས་ཐུང་བ་ཞིག་མ་རེད་དེ། སྐར་ཆ་རེ་རེ་དང་སྐར་མ་རེ་རེ། ཆར་ཞོད་ལྷུང་བའི་ཉིན་དཀར་རེ་རེ། ཁ་ཆེན་འབབ་པའི་མཚན་མོ་རེ་རེ། ཉིན་ནས་ཉིན། ཟླ་ནས་ཟླ། ལོ་ནས་ལོ་རེར་དགའ་སྐྱོ་ཆགས་སྡང་གི་བྲོ་བ་མངར་སྐྱུར་ཁ་བསྐ་རུ་མྱོང་དགོས་པ་རེད་ཡ། ཏག་ཏག་མངོན་གྱུར་གྱི་ཞུན་བརྡར་འདི་འདྲ་ནི་ང་དང་ཁོ་ཚོ་འབྲེལ་ཞིང་འདྲིས། བརྩེ་ཞིང་དུངས་པའི་སོ་ནམ་དེ་ཡང་ཅི་ལ་མིན།

༡༩༩༥ལོའི་ཟླ་དྲུག་པའི་སྨག་ནག་གི་མཚན་དཀྱིལ་ཞིག་ལ་སྒོ་ཁྱི་དག་གི་ཟུག་འཛིང་གི་སྒྲ་ནི་བསྐལ་བའི་ས་ཡོམ་གཏིང་ནས་རྒྱུགས་པ་བཞིན་དམྱལ་བའི་མེ་ལྕེ་དགོང་ལ་འཆེད་པ་བཞིན་ཚ་ཚ་འུར་འུར། རྡེག་རྡེག་བརྡབ་བརྡབ་ཀྱིས་གནམ་ས་བཀང་། མཚེར་ས་དེ་ཡི་རུ་བ་ཁྱིམ་ཚང་བཞི་ལྔ་དེའི་མི་རྣམས་ནི་ཅི་འདི་ཡི་རྩིས་མེད། གང་བྱེད་ཀྱི་འཆར་མེད་པར་སྟབས་སྟབས་པོར་གྱུར་ནས་སྐྱེས་པ་རྣམས་ནི་གྲི་རིང་ཤུབས་ནས་བཏོན་ཏེ་སྒྲ་ཆེན་པོ་འུར་སྒྲ་སྒྲོག་ས་དེ་ལ་ཐད་ཀར་རྒྱུགས། བུད་མེད་རྣམས་ནི་སྐད་ཆེན་དགུང་ལ་ཕྱུང་ནས་ཀུ་འདེབས་པ་དང་ཆ་མ་མཚལ་བའི་སྨྲེ་ངག་འདོན་པ་སོགས་བྱེད་པའི་འུར་ཟིང་གི་མཚམས་དེ་འདྲ་ཞིག་ལ་དཀྲུམ་མདའི་སྒྲ་ཞིག་གནམ་གྲུ་ནས་འབར་རྡེལ་ལྷུང་བ་བཞིན་གནམ་ས་གཉིས་ཀྱི་བར་སྣང་ལ་འུར་ཆེམ་མེར་སོང་བའི་སྐད་ཅིག་མ་དེ་ཉིད་ཀྱི་གཉིས་པར་རི་ར་བ་ཁང་ཁྱིམ་ཡོད་ཚད་གློ་བུར་འཇམ་ཐིང་ངེར་གྱུར། དེ་ནས་ཡང་བསྐྱར་སྒོ་ཁྱི་དག་གི་ཟུག་སྐད་དང་རྟ་ཕོ་བྲོས་པའི་རྨིག་སྒྲ བུད་མེད་དག་གི་ཆོ་ངེ། གྲི་རིང་གཡུགས་པའི་སུར་སྒྲ མི་ཆུང་ཞིག་གིས་སྡུག་སྐད་འབྱིན་པའི་སྒྲ་དང་བཅས་རྣམ་པ་མི་འདྲ་བའི་སྒྲ་ཆེན་སེམས་ཅན་གྱི་རྣ་བར་འཚངས།
ཉི་ཟེར་གྱི་ཚུལ་འཆོས་ཡང་བསྐྱར་མི་ཡུལ་ལ་འཕྲོ་དུས་ཡུལ་ཁམས་ཐམས་ཅད་འཇམ་ཅག་གེར་གནས་ཤིང་རུ་བའི་དཀྱིལ་ན་མི་ཞིག་ཐག་པས་བཅུག་ནས་གཡུགས་འདུག་པ་དང་དེའི་ཉེ་ས་ན་སྒོ་ཁྱི་ཞིག་གཉིད་ལ་ཤོར་བ་ལྟར་ལུས་ཡོད་པ་ལས་གཞན་ས་གནས་འདིར་གནས་ཚུལ་མི་འདྲ་བ་ཅི་ཡང་མི་འདུག

སྒོ་ཁྱི་དེའི་མིང་ལ་རྒྱ་སྟག་ཟེར་ཞིང་ས་གནས་དེར་གླེང་ན་མི་ཤེས་པ་མེད། ལབ་ན་མི་བསྔགས་པ་མེད་པའི་སྒོ་ཁྱི་ཞིག་ཡིན་ཞིང་ཏག་ཏག་མཚན་མོ་དེར་ཇག་རྐུན་ལ་འཐབ་ནས་ཚེ་སྲོག་ཤོར་བ་རེད། སྒོ་ཁྱི་དེ་ཡི་རམ་འདེགས་འོག་ས་གནས་སྡེ་བ་དེའི་ལོ་མང་རིང་གི་ཇག་རྐུན་གཏེ་བོ་དེ་འཛིན་ཐུབ་པ་མ་ཟད་རྐུན་མའི་ལག་ནས་ལོ་མང་རིང་གི་མི་ཕྱུགས་ལ་གནོད་པ་བཟོས་པའི་གྱོང་གུད་ཐམས་ཅད་ཀྱི་སྐྱིན་ཚབ་ལོན་ཞིང་སྡེ་བ་དེའི་ངོ་སོའང་རིམ་པ་འགས་ཡར་ལ་འདེགས་ཐུབ་པ་བྱུང་། ཁྱི་རྒྱ་སྟག་གི་བེམ་པོ་དེའང་སྡེ་བའི་ནང་གི་མི་ཁ་ལས་ཀླུང་རྟ་ཅན་འགའ་ཞིག་གིས་ཁུར་ནས་རི་མཐོ་ས་གཙང་ཞིག་ནས་བྱ་གཏོར་བགྱིས་པ་མ་ཟད་གྲྭ་བཙུན་འགས་བསྔོ་སྨོན་གསུང་པ་སོགས་ཁྱི་ལ་མི་འདང་བཞག་ཏེ་དྲིན་གཟོ་དང་མྱ་ངན་ཞུས།

ཁྱི་རྒྱ་སྟག་ནི་ད་ལྟའི་ཁྱི་སྟག་རྒོད་དང་ཁ་མདོག་འདྲ་ཞིང་ལྷག་པར་ཁྱི་སྟག་རྒོད་ཀྱི་བདག་པོ་ཚང་གི་སྒོ་ཁྱི་སྔུན་མ་ཞིག་རེད། ཡིན་ཡང་ཁྱི་སྟག་རྒོད་ཀྱིས་གནས་ཚུལ་དེ་དག་མི་ཤེས། དུས་རྟག་ཏུ་གོ་ཐོས་རིག་མཐོང་ཡང་འབྱུང་མི་སྲིད། དེ་ནི་ཁོ་རང་ཉིད་ལ་དེ་འདྲའི་རྣམ་ཐར་ཞིག་ཡོད་པ་དང་ཀུན་ནས་མཚུངས།

ང་རང་ཆེས་ཉན་པར་དགའ་ཞིང་ལྟ་རྒྱུར་སྤྲོ་བ་ནི་བདག་པོ་ཆུང་བའི”འགྲོ—སྟག་རྒོད”ཅེས་པའི་སྐད་ཆ་དེ་དང་དེ་ཟེར་སྐབས་ཀྱི་རྣམ་འགྱུར་དེ་ཡིན། ཁོ་ནི་རྒྱུན་པར་དམག་སྤྱི་ཞིག་ལྟར་ཁོག་སྟོད་དྲང་བོར་བསྲིངས་ནས་འགྲོ་ཞིང་ང་དང་ཐག་ཉེ་སར་ཐོན་ན་ང་ལ་ལྟ་ཙམ་གྱིས”འགྲོ—སྟག་རྒོད”ཅེས་པའི་སྐད་སྦོམ་པོ་ཞིག་འབྱིན་པ་དང་ཕྱིར་མིག་གཅིག་ཀྱང་མི་སློག་པར་ཐད་ཀར་ཁོ་རང་གི་དམིགས་ཕྱོགས་དེ་ལ་ཕྲེང་བ་འདྲེན་བཞིན་ཆས་འགྲོ་བ་ཡིན་ལ་དེ་དང་མཉམ་དུ་ངའང་ཁོའི་སྔུན་ལ་བུད་ནས་ས་འོག་འགད་རྫས་ཤིག་འཚོལ་བ་བཞིན་ཁོ་ལ་ལྟ་ཞོར་མདུན་ལ་རྒྱུགས་ཞོར་དང་གཅིན་བཏང་ནས་ས་རྟགས་རྒྱག་ཞོར་བྱས་པ་ཡིན། དགོད་སྤྲོ་བ་ཞིག་ནི་ཁོ་རང་གིས་ང་ལ་འགྲོ་སྟག་རྒོད་ཅེས་པའི་སྐབས་ཕལ་ཆེ་བར་ཛ་དྲག་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ཅི་ཡང་མེད་པར་ས་ཉུལ་རི་ཉུལ་དང་ས་ལྟ་ཡུལ་ལྟ་རེ་བྱས་ནས་ཕྱིར་ལོག་རྒྱུ་དེ་ཡིན། འོན་ཀྱང་ངའི་སེམས་ནས་ཤེས་ཏེ་ཁོས་ང་རང་ཁྲིད་ནས་འགྲོ་ས་ཕལ་ཆེ་བ་ནི་རྐུན་མ་དང་སྤྱང་ཀི་རྒྱུ་ངེས་ཀྱི་ས་གནད་དག་ཡིན་པས་དོན་དག་འདིས་ནམ་ཡང་ང་ལ་སྒྲ་མེད་པའི་ལྐོག་བརྡའམ་གསལ་འདེབས་རེ་བྱས་ཡོང་།

རེད་དེ། ཉིན་འགའི་སྔོན་ལ་ངེད་གཉིས་དུས་རྒྱུན་དང་འདྲ་བར་སྔ་ཕྱི་བྱས་ནས་ས་ཉུལ་ལ་སོང་མོད་ང་ནི་རང་དབང་མེད་པར་དབུགས་འཚང་ཡོང་ནས་སྔོན་ཆད་དང་འདྲ་བར་དབུགས་ཐེངས་གཅིག་གིས་རི་ལ་སྐོར་བ་བྱེད་པའི་སྟོབས་ཤུགས་དེ་འདོན་མི་ཐུབ་པ་ཁོས་མཐོང་རྗེས་སྐྱོ་བ་ཟབ་མོ་ཞིག་གི་ངང་ཨོང་ཤ་ས་ལ་བཞག་ནས”སྟག་རྒོད། ད་ངལ་གསོས། བལྟས་ཡོང་ན་ཁྱོད་རང་མི་ཞིག་ལ་འགྱུར་བར་ད་དུས་ཚོད་རིང་བོ་ཡོད་རྒྱུ་མ་རེད”ཟེར། ཁོའི་བསམ་པར་ངས་མི་སྐད་དེ་ལ་རྒྱུས་ལོན་བྱེད་ཐུབ་རྒྱུ་མ་རེད་འདོད་འདུག་པས་རང་གི་རེ་བ་དང་ཚོད་དཔག་གི་སྐད་ཆ་དེ་ཐད་ཀར་ངའི་ཐོས་ས་ནས་བཤད་བྱུང་། ད་དུང་དབུགས་རིང་ཞིག་བྱུང་ནས”རྗེས་ཕྱོགས་འུ་གཉིས་ཀྱིས་མཉམ་དུ་རི་ཆུ་འདི་ལ་སྲུང་སྐྱོབ་དང་ལོངས་སྤྱོད་ཀྱི་བསྐལ་བ་ཇེ་ཉུང་དུ་འགྲོ་རྒྱུ་རེད་ཡ”ཟེར། ཁོའི་སྐད་ཆ་དེ་དག་ཐོས་རྗེས་ངའི་སེམས་ལ་རྡོ་ཕ་བོང་ཞིག་ལྷུང་བ་དང་འདྲ་བར་སྡུག་བསྔལ་ཆེན་པོ་ཞིག་གིས་མནར། ཡིན་ཡང་ངས་ནི་ཇི་ལྟར་ཨ་ལན་སློག་སྟེ་ཁོས་སྒྲ་འབྱིན་ས་དེ་ང་རང་ཡིན་པ་ལས་དོན་དམ་པར་གསལ་འདེབས་བྱེད་ས་དེ་ཁོ་རང་ཉིད་རེད།—རྒྱུ་མཚན་དེ་ནི་ལྷག་ཏུ་གངས་ཐོག་ལ་ཁ་བ་བུ་ཡུག་བཞིན་ང་ལ་ཧ་ཅང་གནོད།

ལོ་སར་ཚེས་གཅིག་ཉིན་ཁ་བ་མཐུག་པོ་ཞིག་བབས་པ་དེའི་རྐྱེན་གྱིས་ལོ་སར་ནང་གྲང་ངར་ཧ་ཅང་ཆེ། ཐ་ན་སྐར་ཆ་འགའ་ལ་ལག་པ་སྒོར་བྱུང་ནས་བསྡད་ན་མཛུབ་མགོ་ན་ཞིང་མགོ་དཀྲིས་ཕུད་ནས་ཅུང་ཟད་སོང་ན་ངོ་ལ་གཟེར་བརྒྱབ་ཡོང་། ལུང་མདོ་འདིའི་མི་རྣམས་ནི་ལོ་སར་ལ་རོལ་ནས་རང་གི་སྒོ་ཕྱུགས་དག་ལ་རྫི་ལེགས་པོ་ཞིག་བྱེད་ཀྱིན་མེད་པ་མ་ཟད། ཁྱིམ་ཚང་འགས་རང་གི་ནོར་ཁྱུ་མཚན་ཡང་རི་རྒྱག་བྱས་ནས་བསྐྱུར་འདུག ཏག་ཏག་དེ་ནི་ཤ་ཁྲག་དྲོན་མོ་ཟས་ལ་བསྟེན་པའི་རྔོན་པ་ཞིག་ལ་མཚོན་ན་ཆེས་བཟང་བའི་གོ་སྐབས་ཤིག་ཅི་ལ་མིན།

“ལྷ་ས་མ་ཆགས་ལྷ་ས་ཆགས། གཞས་ལ་ཁམ་པ་རོ། ལྷ་ས་རྒྱ་མཚོའི་ཁ་ན་ཆགས་ཡ། གཞས་ལ་ཁམ་པ་རོ། དགའ་ལྡན་མ་ཆགས་དགའ་ལྡན་ཆགས། གཞས་ལ་ཁམ་པ་རོ། དགའ་ལྡན་རི་བོའི་རྩེ་ན་ཆགས་ཡ། གཞས་ལ་ཁམ་པ་རོ།……”

“ཁ་བ་མར་མར་འབབ་དུས། ང་ཡི་མཐོང་ལམ་བཀག་བྱུང་།། བརྩེ་ལྡན(གྱི)གྲོགས་པོ་ཁྱེད་ལ།། སྙན་པའི་གཞས་ཞིག་སྐུར་ཡོད།།……”

ཉིན་ཞག་འདིར་སྔར་བཞིན་ལུང་མདོ་འདིའི་མི་ཐམས་ཅད་རུ་གོང་མའི་ཁྱིམ་ཚང་ཞིག་ཏུ་ལོ་སར་ལ་འཛོམས་ནས་གནའ་དེང་གི་གླུ་དང་བྲོ། ཁེད་དང་རྩེད་རིག་གི་ཁྲོད་ན་ལྷ་ཡུལ་གྱི་བདེ་བ་ཉམས་སུ་མྱོང་། དེ་བས་ཕྱི་རོལ་གྱི་སྒོ་ཁྱིའི་ཟུག་སྐད་ནི་རྣ་བའི་བུ་ག་རུ་སླེབས་ཙམ་ཡང་མ་བྱུང་། ཞོགས་པའི་སྐྱ་རེངས་ཤར་བ་དང་མི་རྣམས་གཞི་ནས་རང་ཁྱིམ་དུ་ལོག་འགོ་བརྩམས། དེ་དུས་ད་གཟོད་ཅུང་ཟད་འགྲིག་མི་འདུག་པའི་ཚོར་བ་རེ་ཐོན་ཡང་མི་རྣམས་ཀྱིས་དེ་ནི་འདྲེ་དགུ་འཁོར་བྱེད་ཀྱི་རྣམ་རྟོག་ཅིག་རེད་བསམ་ཏེ་རང་རང་ས་ནས་ཁོང་དུ་མིད་བཞིན་མུ་མཐུད་ཁ་རྒྱལ་རྩོད་བཞིན་ཡུལ་དུ་ལོག

ཉི་འོད་ཀྱི་ལྟད་མོ་ཤར་ཕྱོགས་སུ་སླེབས་ནས་དྲོས་ཁ་ལོན་དུས་ཐང་དཀར་རྒོད་པོའི་ཚོགས་ཤིག་རུ་འགབ་མའི་ནམ་མཁའ་རུ་འཚང་ཁ་ཤིག་ཤིག་གིས་འཕུར་བསྐྱོད་བྱེད། བརྡ་རྟགས་དེས་ད་གཟོད་མི་རྣམས་ལ་མདོང་གི་མཚན་མོ་དེར་ཆག་སྒོ་ཞིག་བྱུང་བ་ཚོར་དུ་བཅུག་ཅིང་དེ་མུར་གསར་བུ་འགའ་བྱ་རྒོད་འཕུར་སའི་ཕྱོགས་དེར་ཆས།

དགུན་གྱི་སྤང་སེར་བོ་ས་ནག་གིས་བརྫིས་ཤིང་ཚེར་མའི་ནང་དུ་སྤུ་དཀར་ནག་སྐྱ་གསུམ་གང་སར་ཐར་ཐོར་དུ་གཏོར་ཡོད་པའི་ལུང་ཁུག་དེར་ཤེད་གཉིས་དང་ཡ་རུ་གསུམ་གྱི་རོ་ནི་གཉིད་ཡུར་བ་ལྟར་ལུས་ཡོད་པའི་མི་རིང་ས་ན་སྤྱང་ཀི་གཉིས་དང་སྒོ་ཁྱི་ཞིག་གི་རོའང་དམར་བོ་ཁྲག་གིས་བརྫིས་ཏེ་ལུས་འདུག་པ་གསར་བུ་དེ་དག་གིས་མཐོང་ཞིང་གློ་བུར་ཕན་ཚུན་ལ་ཅི་ཞིག་བཤད་དགོས་པ་མ་ཤེས་པའི་སྐབས་དེར་གསར་བུ་དེ་ཚོའི་ཁྲོད་ཀྱི་བོད་ལྭ་ནག་པོ་གྱོན་པའི་མི་ཞིག་གིས”ཨ—ཧ་བོ། ཀན་དང་དཀར་རེད། དང་དཀར་བསད་འདུག”ཟེར་བཞིན་སྒོ་ཁྱི་དེའི་གམ་ལ་རྒྱུགས་སོང་།

ཁོས་སུའང་ངག་མི་སྨྲ་བར་ཁྱི་དང་དཀར་གྱི་རོ་དེ་ཁྲག་པར་ཁུར་ནས་རི་མཐོན་པོ་ཞིག་གི་མགོ་ལ་སྐྱེལ་རྗེས་རུམ་གྱི་ལྟེབ་གྲི་བླངས་ནས་ཁྱི་དེ་བྱ་གཏོར་བཏང་སོང་། དེ་མུར་རི་མགོ་དང་ལུང་ཁུག་ཀུན་ཏུ་སྐྱེ་བ་ནས་རོ་བདག་གི་འགན་བླངས་པའི་ཐང་དཀར་ཐང་ནག་དེ་དག་དཔའ་བོ་དགྲ་ཡི་སྟེང་ལ་མཆོངས་པ་བཞིན་བཀླུབས།

དེ་ནི་སྟག་རྒོད་ཀྱི་ཕུ་བོ་ཞིག་ཡིན་ཞིང་བདག་པོའི་སྒོ་ཕྱུགས་སྲུང་ཕྱིར་རང་གི་ཚེ་སྲོག་བློས་བཏང་བ་རེད།

ང་རང་བདག་པོ་ཆུང་བར་དགའ་བ་ནི་ཕོ་མོའི་བར་གྱི་བརྩེ་དུང་དང་འདྲ་བར་ལབ་ན་ག་ལ་འགྲིག སྐབས་འགར་ངས་རང་ཉིད་ལའང་བརྩེ་དུང་གསོན་པོའི་གཏམ་རྒྱུད་ཅིག་ཡོད་པ་དྲན་སོས་ནས་ཡོང་། དགུན་གྱི་ཆབ་རོམ་ལ་གས་ཁ་ཤོར་བཞིན་པའི་ནམ་ཟླ་ཞིག་ལ་ང་རང་བདག་པོས་བློས་བཏང་བའི་ཁྱི་མོ་ཁྲ་ཁྲ་ཞིག་དང་ལས་ཀྱི་ཁ་སྣ་ཐུག་ཅིང་དང་ཐོག་ང་རང་འདོད་ཆགས་ཚ་བོ་ཞིག་གིས་བཀླུབས་པས་ཕལ་ཆེར་བཙན་གཡེམ་ལྟ་བུས་མོ་དང་ལུས་ཀྱི་འབྲེལ་བ་བཙུགས། ཡིན་ཡང་དེ་ནས་བཟུང་ངེད་གཉིས་ཀྱི་འབྲེལ་བ་ནི་ཕྱི་ལུས་ནས་ནང་སེམས། དེ་ནས་ཡང་སེམས་ཀྱི་ཟབ་ས་ཞིག་ལ་འཐིམ་པས་ངས་བདག་པོའི་བཀའ་བཀྱོན་དང་གཞན་པའི་ཁ་མཆུ་གང་ལའང་ཁ་ཡ་བྱ་འདུན་མ་བྱས་པར་མོ་རང་ཁྲིད་ནས་བདག་པོ་ཚང་ལ་ཡོང་། ངའི་ཚེ་ཐོག་འདིར་ནམ་ཡང་སེམས་འགུལ་ཐེབས་པ་ཞིག་ནི་ཁྱི་མོ་ལ་ཡེ་ནས་མི་དགའ་བའི་བདག་པོས་ང་ལ་བཀའ་བཀྱོན་མ་གནང་བ་མ་ཟད་མོའང་དང་ལེན་བྱས་ཤིང་བདག་མོས་ངེད་གཉིས་ཁོ་ནར་དབང་བའི་ལྕི་བའི་ཁང་ཆུང་ནར་མོ་ཞིག་ཀྱང་བཟོ་སྐྲུན་བྱས། ངེད་གཉིས་གྲང་དུས་ཁང་ཆུང་དྲོན་མོར་ཕན་ཚུན་ལ་འཐམ་ནས་ལྡག་གིན་བསྡད་ཞིང་དྲོ་འཇམ་གྱི་གནམ་གཤིས་བྱུང་དུས་སེམས་ཀྱི་མ་ཡུམ་འཇིག་རྟེན་འདིར་མཉམ་དུ་ལྟ་སྐོར་ལ་བྱིན་པ་ཡིན། ཡིན་ཡང་སྐྱིད་པའི་ལོ་ཟླ་དེའི་ཚེ་ཐག་མ་རིང་། ཆར་ཞོད་ཆེ་བའི་དབྱར་གཞུང་ཞིག་ལ་ཁྱིམ་མཚེས་གཡས་གཡོན་གྱི་ནོར་ལུག་མང་བོ་སྤྱང་ཀིས་བསད་དེ་མེད་བརླག་ཏུ་བྱིན་ཞིང་ལྟས་ངན་པ་དེ་དང་སྦྲགས་ཏེ་རིམ་བཞིན་ངའི་དགའ་མའི་ཁ་ལག་མི་གཙང་ཚུལ་ཞིག་རུ་བ་ཁྱིམ་མཚེས་ཀུན་གྱིས་འུར་བ་དང་ངའང་ཁྱི་ངན་པ་ཁྱི་མོའི་ཁར་རློམ་ནས་ཐུན་ཡག་པོ་བྱེད་ཀྱིན་མེད་ཚུལ་ཞིག་ཁྱབ་བྱུང་། དེ་དང་མཉམ་དུ་ཁོ་ཚོས་སྐད་ཆ་འཇམ་རྩུབ་གང་རུང་སྒོས་ངའི་བདག་པོ་ལ་ངའི་དགའ་མ་རྒྱང་ཕུད་གཏོང་དགོས་ཚུལ་སྐོར་ལབ་པ་མ་ཟད”ཁྱོད་ཀྱིས་བློས་མི་ཐོངས་ན་ང་ཚོས་ཐག་གཅོད་བྱ་ཐུབ”ཡང་ཟེར། ཡིན་ཡང་ངའི་བདག་པོས་ཐོག་མཐའ་བར་གསུམ་དུ”ནོར་ལུག་གསོད་མཁན་ཁྱི་མོ་མིན་ཁོ་ཐག་ཡིན། སྐབས་དེ་ཚོར་ངས་སྤྱང་ཀི་འདུར་རྒྱུགས་བྱེད་བཞིན་པ་མངོན་སུམ་མིག་གིས་མཐོང་ཡོད། དེ་ལས་ངེད་ཚང་གི་ནོར་ལུག་ཀྱང་མེད་བརླག་ཏུ་བྱིན་ཡོད་པ་ཁྱོད་ཚོས་ཤེས་གསལ་ལྟར་རེད། མ་མཐའ་ཡང་སྒོ་ཁྱི་ཞིག་གིས་རང་གི་བདག་པོར་གནོད་འཚེ་མི་བཟོ་བར་ཁྱོད་ཚོས་ཡིད་ཆེས་ལོས་བྱེད”ཅེས་གསུང་སྟེ་སེམས་གདོན་གྱིས་བསླུས་པའི་ཁོ་ཚོར་བདེན་ཁ་མ་གནང་། རེད་དེ་ཁོ་ཚོས་གདོན་གྱིས་བསླུས་པའི་འདོད་བློ་ལ་ནམ་ཡང་ཚོད་འཛིན་མ་བྱས་སྟབས་ངའི་བདག་པོ་དང་བདག་མོ་ཐམས་ཅད་རྩ་བའི་བླ་མར་མཇལ་ཁ་ལེན་ཕྱིར་རྒྱང་རིང་དུ་ཕྱིན་པའི་རྗེས་སུ་ཁོ་ཚོས་ཁ་ལག་མཉམ་སྦྲེལ་གྱིས་ང་རང་བཙན་གྱིས་ཕུར་བར་བཏགས་པ་དང་ངའི་རིག་ས་གོ་ས་ནས་ངའི་དགའ་མ་ཐག་པས་བསྡམས་ནས་རླངས་འཁོར་ཞིག་གི་ནང་དུ་ས་གནས་ངེས་མེད་གང་ཞིག་ལ་ཁ་སྐོར་དུ་ཁྱེར་སོང་།

ངའི་བདག་པོ་ཕྱིར་སླེབས་མ་ཐག་དོན་དེ་རྟོགས་པ་དང་ཐུགས་རྒྱལ་ཆེན་པོ་བཞེངས་མོད་གདོན་འདྲེ་ཁོ་ཚོ་ཁ་ཡག་ངོ་དགའ་ལབ་དུ་རེ་རེ་བཞིན་ཡོང་ནས་བདག་པོར་ཡ་ལན་སློག་ཐབས་མེད་པའི་གནས་བབ་ཅིག་སྐྲུན་པས་དུས་དེ་ནས་བཟུང་ཁོ་ཚོའི་ཁ་ནས་ཁྱི་མོ་ཁྱི་མོ་ཟེར་རྒྱུ་དེ་གླེང་མཚམས་བཞག་ཅིང་ངའི་འཇིག་རྟེན་གྱི་ཕྱེད་ཀའང་དེ་ལྟར་མེད་བརླག་ཏུ་བཏང་སོང་། ང་རང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བས་ཐད་ཀར་མོ་དང་ཡང་བསྐྱར་ཐེངས་གཅིག་ཐུག་འདུན་གྱིས་རི་ལུང་ཀུན་ལ་འཁྱམ་ནས་ཡུལ་ལ་ཡེ་ནས་མ་ལོག ལྟོགས་སྐོམ་དང་འཕྱ་སྨོད། ཐུབ་ཚོད་ཚད་མེད་ཅིག་མྱོང་མོད་སྔར་བཞིན་མོ་དང་མ་ཕྲད། ཉིན་ཞིག་ང་རང་ལམ་ཆེན་ཞིག་གི་འགྲམ་རྒྱུད་ནས་སྔར་ལྟར་འགྲོ་བཞིན་ལྟོགས་སྐོམ་གྱིས་མནར་ནས་རྐང་ལག་ཐམས་ཅད་ལ་ཤུགས་མེད་པ་ཆགས། ང་ལ་ཐབས་མེད་པར་ས་དེ་ནས་འཆི་བར་སྒུག་ནས་བསྡད། དེ་ལྟར་ང་རང་རབ་རིབ་མོག་མོག་ཏུ་གྱུར་ཞིང་མཐའ་མཇུག་ཅི་ཡང་མ་ཚོར་ངེས། ཡིན་ཡང་ངས་ཡང་བསྐྱར་དཀར་ངོགས་མིག་གིས་མཐོང་དུས་ངའི་བདག་པོ་ཆུང་བས་ངའི་ཁ་ནང་ལ་དྲོ་འཇམ་ཞིམ་མངར་ལྡན་པའི་འོ་མ་ལྡུད་ཀྱིན་འདུག་ཅིང”སྐར་མ་འགའ་ཤས་འགོར་བ་ཡིན་ན་སྟག་རྒོད་ཤི་རྒྱུ་ལས་མི་འདུག”ཚུལ་སུ་ཞིག་ལ་ལབ་བཞིན་འདུག དེ་ནས་ངས་ཇི་སྲིད་འཚོའི་བར་ཁྱིམ་ཚང་འདི་ལ་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བཞག

ཁྱི་སྟག་རྒོད་ཀྱི་བདག་པོ་ཚང་གིས་སྟག་རྒོད་ཁེར་རྐྱང་གི་གདུང་བས་མི་མནར་ཕྱིར་ཁོ་རང་ཁྱིམ་དུ་བླངས་ནས་ཆེར་མ་འགྱིང་བར་ཡང་བསྐྱར་སྐྱ་ཝར་དུ་འབོད་པའི་ཁྱི་ཕྲུག་ཅིག་གསོས། འབྲེལ་བ་ནི་ཉིན་ཞིག་གི་ཉི་མའི་འཆར་ནུབ་དང་འདྲ་བར་མཚར་སྣང་ནས་འདྲེས་གོམས་དང་མཐའ་མཇུག་འདས་པའི་དྲན་པ་ཡིད་ལ་ཉེར་ནས་སོ་སོར་བདེ་མོ་འཇོག་དགོས་པ་རེད། ཡིན་ཡང་འདས་པའི་དྲན་པ་དེ་ནི་ང་ཚོའི་ཚེ་སྲོག་གི་གྲུབ་ཆ་ཞིག་ཡིན་ལ་ནམ་ཡང་གནག་གསུབ་བྱ་མི་ཐུབ་པའི་མངར་སྐྱུར་ཁ་བསྐའི་གཏམ་རྒྱུད་དེའང་ཡིན། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་སྟག་རྒོད་དང་སྐྱ་ཝར་ཡང་ཕན་ཚུན་གདུང་བ་སེལ་བའི་རྩེ་གྲོགས་ནས་སེམས་དང་སེམས་པ་རྟོགས་པའི་ཕུ་ནུ་ལྟར་གྱུར་ཞིང་མངོན་པའི་གདུག་རྩུབ་ཀྱིས་གཏིང་ཟབ་པའི་འབྲེལ་བ་དེར་སྨྲ་བསམ་བརྗོད་འདས་ཀྱི་ན་ཟུག་ཀྱང་དབང་མེད་དུ་བཞག དེ་ནི་འདི་ལྟར་ལབ་དགོས་ཏེ་ཁྱི་སྐྱ་ཝར་ནི་ཚོར་ཤུགས་རྣོ་ཞིང་རང་སྣང་མཐོ་བ། སེམས་རྒྱ་ཆུང་བའི་སྒོ་ཁྱི་ཞིག་ཡིན་གཤིས་ན་ཚོད་དར་ལ་སྨིན་པ་དང་མི་གཞན་པའི་གཤེ་གཤེ་དང་རྡོ་རྡེའུ་ལ་བཟོད་སྒོམ་བྱ་མི་ཐུབ་པར་གནོན་ཤུགས་དེར་ལྡོག་ཕྱོགས་ཀྱི་རྒོལ་ལན་སྤྲོད་པ་རེད། ཁོའི་རྒོལ་ལན་སྤྲོད་སྟངས་ནི་སྒོ་ཁྱི་གཞན་དག་དང་འདྲ་བར་གནོད་འཚེ་བཟོ་མཁན་དེ་ལ་ཐད་ཀར་རྒོལ་བ་མིན་པར་དེ་ཚང་གི་རྒྱུ་ནོར་གྱི་སྟེང་ལ་ལག་ངན་བསྲིངས་པ་སྟེ་ནོར་ལུག་གསོད་པ་དང་མར་ཆུར་རྐུ་ཟ་སོགས་བྱེད། ཏག་ཏག་བྱ་སྤྱོད་ངན་པ་དེས་ཁྱི་སྐྱ་ཝར་གྱི་སྙན་གྲགས་དང་ཚེ་སྲོག་ལའང་འཇིགས་སྐུལ་ཐེབས་པ་ནི་སྨྲས་མེད་རེད། ཐོག་མར་གྱོང་གུད་ཐེབས་ཡུལ་དེ་དག་ཁོའི་བདག་པོ་ཚང་གི་སྒོ་ཁར་འཚང་ནས་ཁྱི་སྐྱ་ཝར་རྒྱ་ལག་ཏུ་རྒྱག་པའམ་ཁ་སྐོར་བ། ཡང་ན་ལྕགས་ཐག་སྲ་མོ་ཞིག་གིས་འདོགས་དགོས་ཚུལ་ལབ་མཁན་བརྒྱ་ཁ་མཉམ་གྲག་གིས་བྱུང་སྟབས་ཁོའི་བདག་པོས་ཆེས་ཡང་བའི་ཉེས་ཆད་དེ་ལྕགས་ཐག་འདོམ་པ་གཉིས་ཅན་ཞིག་གིས་ཕུར་བ་སྲ་མོ་ཞིག་ལ་བཏགས་ནས་ཁྱི་སྐྱ་ཝར་གྱི་ཉེས་སྤྱོད་དེར་སྔོན་འགག་བྱ་ཐུབ་བྱས། ཡིན་ནའང་ཁྱི་སྐྱ་ཝར་བསླབ་བྱ་དེ་འདྲ་ཞིག་གིས་ཚོད་འཛིན་བྱ་མ་ཐུབ་སྟེ་ཁོས་སྐེ་ལུང་ལ་སོ་བཏབ་ནས་གཅོད་པ་དང་ཟུག་འཐེན་བྱས་ནས་ཕུར་བ་འབལ་བ། ཐ་ན་ལྕགས་སྐུད་ཉིས་སུམ་རྐྱའི་སྟེང་ལ་ཕྱར་བ་གཡོགས་ནས་སྐེ་ལུང་བྱས་ཀྱང་འཐེན་ནས་འཆོར་ཐབས་བྱས་འགྲོ་བ་མ་ཟད་གོ་སྐབས་དེ་དང་བསྟུན་ནས་དགྲ་གྲོགས་ཀྱི་དབྱེ་བ་མེད་པར་ནོར་ལུག་གསོད་གང་ཐུབ་དང་དེ་ལྟར་ཤོར་རྗེས་ལྟོ་རྐུ་འཐུང་བྱེད་ཀྱིན་བདག་པོའི་གམ་ལ་ཡེ་ནས་མ་བཅར། ཁྱི་སྟག་རྒོད་ཀྱིས་གནས་བབ་དེར་བཟོས་སྒོམ་བྱ་མ་ཐུབ་པར་ཁོ་ལ་ཐེངས་དུ་མར་ཁ་ཏ་བྱས་ཀྱང་ཁྱི་སྐྱ་ཝར་གྱིས་ཁ་ནས་བརྩི་བཀུར་གྱི་ཨ་ལན་རེ་སློག་པ་ལས་རང་གི་བྱ་སྤྱོད་ལ་སྒྱུར་བཅོས་ཡེ་ནས་མ་བྱས་སྟབས་ཁྱི་སྟག་རྒོད་ཡིད་མུག་ནས་སྡོད་རྒྱུ་ལས་ཐབས་ཟད།

དེ་ནི་ཡུལ་ལུང་ཐམས་ཅད་ཁ་ཏོག་སེར་བས་བཏུམ་པའི་དུས་ཚིགས་ཤིག་རེད། བྱིས་པ་པྲ་ཚག་འགས་བརྙན་འཕྲིན་ཟློས་གར་གང་ཞིག་གི་སྣང་རྣམ་ལ་དཔེ་བྱས་ནས་ཁྱི་སྐྱ་ཝར་གྱི་རོ་དེ་ས་འོག་ཏུ་དུར་སྦས་བྱ་བཞིན་འདུག་ཀྱང་ཁོ་ཚོའི་གདོང་དུ་མངོན་པ་ནི་མིག་ཆུ་དང་སྐྱོ་གདུང་མིན་པར་རྩེད་མོའི་སྤྲོ་སྣང་འབའ་ཞིག་གིས་བཀང་འདུག་པ་མ་ཟད། ཁོ་ཚོས་དེ་ནི་ཉེས་ཅན་ལ་ཆད་པ་གཅོད་པ་ཡིན་ཟེར། བྱིས་པ་ཚོས་ནི་ཇི་འདྲ་ཞིག་ལ་ཉེས་པ་དང་ཇི་འདྲ་ཞིག་ལ་ཆད་པ་ཟེར་བ་ག་ལ་ཤེས། ཁོ་ཚོར་ཐ་སྙད་དེ་དག་མཁོ་འདོན་བྱེད་མཁན་ནི་ཏག་ཏག་ཡུལ་ལུང་དེའི་མི་རྣམས་རེད—བཤད་ཚུལ་ཞིག་ལ་ཁྱི་སྐྱ་ཝར་གྱིས་ནི་དུག་ཟོས་ནས་ཤི་བ་རེད་ཟེར།

གལ་སྲིད་འཆི་སྟངས་ལ་གདམ་ཀ་ཞིག་བྱ་ཆོག་པར་བྱས་ན་ངས་ནི་རང་གི་གཤིས་ཀ་བསྣམས་ནས་འཐབ་འཁྲུག་གི་གཡུལ་ས་ནས་ཤི་ན་འདོད། ལྷག་པར་ངའི་སྤུན་ཟླ་ནང་བཞིན་བྱིས་པ་བསམ་མེད་འགའི་རྩེད་ཆས་སུ་མ་གྱུར་བའི་བེམ་རོ་ཞིག་ཤུལ་དུ་འཇོག་འདོད། འདི་ལྟར་ལབ་ན་མང་བོ་ཞིག་ང་ལ་ཞེད་སྣང་སྐྱེས་སྲིད། རེད་དེ་སྐྱེ་དངོས་གང་ལའང་འཚོ་གནས་ཀྱི་དགེ་མཚན་ཡོད་པ་རེད་དེ་དགེ་མཚན་དེ་ནི་སྐྱེ་དངོས་སོ་སོའི་འགན་འཁྲི་ཡིན་ལ་ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་རང་རང་གི་གཡུལ་སའང་ཡིན། ང་ནི་སྐྱེ་བ་ནས་ཁྱིམ་ཚང་ཞིག་སྲུང་བའི་སྲོག་ལྡན་དཀྱུས་མ་ཞིག་ཡིན་པ་ནང་བཞིན་ཚེ་ཡི་འདུ་བྱེད་མཐའ་མ་དེ་ལའང་དེའི་འོས་འགན་མ་ཆག་པ་བྱ་རྒྱུ་ནི་ང་རང་འཚོ་བའི་དམིགས་འབེན་དང་དགེ་མཚན་ཏེ་དེ་ནི་ཏག་ཏག་ངའི་གཡུལ་ས་ཡིན།

དུས་ཚོད་འདི་དག་གི་ནང་ང་རང་འཆི་བ་དང་མཉམ་དུ་གནས་པའི་ཚོར་བ་ཞིག་འདུག དེ་བས་བསམ་བློའི་འཁོར་ཕྱོགས་དང་སྐད་ཆའི་ལབ་ཕྱོགས་གང་ཐད་ནས་ཀྱང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཐོན་བཞིན་པ་འདིར་ངས་ནི་དངོས་ནས་དང་ལེན་བྱ་ཐུབ་པ་ཞིག་མིན་མོད། གཅིག་བྱས་ན་ཚོར་བ་འདི་འདྲ་ནི་ངའི་མི་ཚེ་ནང་ཐོག་དང་བོ་དེ་ཡིན་ལ་ཡང་ཐེངས་རྗེས་མ་དེ་ཡང་ཡིན་སྲིད། ངའི་བདག་མས་རླངས་པ་ཕྱུར་ཕྱུར་བྱེད་པའི་ལྟོ་ཁྱེར་ཡོང་ཐེངས་རེའམ་ང་རང་མཐོང་ཐེངས་རེར”ཁ་སང་དེ་རིང་སྟག་རྒོད་འདིར་རྣམ་རིག་མེད་ཀི ཅི་ཞིག་ན་བཞིན་པ་ཨེ་ཡིན་ནམ”ཟེར་བ་དེ་ཐོས་ཐེངས་རེར་ངས་ནི་རང་གི་ཚོར་བ་དོན་དངོས་ཡིན་པ་ཐག་ཆོད་ཡོང་།

གལ་སྲིད་ཡོད་ཚད་དོན་དངོས་ཡིན་ཞིང་དེ་ལ་སྒྱུར་ཐབས་མེད་པ་ཡིན་ན་ད་ནི་ངས་རང་གི་མི་ཚེ་ནང་སྐྱིད་པའི་དོན་དག་ལ་བསམ་བློ་གཏོང་དགོས་འདུག ལོ་ངོ་འདི་དག་གི་རིང་ང་རང་དགུན་ཟླ་རིང་མོ་དང་མཉམ་དུ་རྩེ་ཞིང་སོས་ཀའི་ཆུ་མིག་ལས་ཧུབ་ཐོག་མ་དེ་འཐུང་རྗེས་གསར་སྐྱེས་ཀྱི་ལྗང་མྱུག་ལ་སྣོམ་སྣོམ་དང་དབྱར་གྱི་ཆར་ཆུ་ལ་ཁྲུས། ཁུ་བྱུག་གི་དབྱངས་རྟ་ལ་རྣ་བ་གཏད་དེ་སེར་ལམ་ལམ་གྱི་སྟོན་ཟླ་ལ་བསུ་མ་བྱས། དེ་ལས་ཀྱང་སྤྱང་རྐུན་ལ་བླ་འབོར་ངེས་ཀྱི་མཆེ་རྗེས་ཕབ་སྟེ་རང་གི་བྱ་བཞག་གི་ལང་ཚོ་དར་དུ་ཕྱར། ཨེ་མ་མི་ཡུལ་གྱི་མཛེས་པ། ཁ་ཏོག་ལ་མདངས་ཡོད་ཅིང་དུས་ཚོད་ལ་གཏམ་རྒྱུད་སྦྲུམ།……

༡༠

“སྨག་ནག་པས་ཅི་ཡང་མཐོང་མི་ཐུབ”
“སྤྱང་ཁྱི་འཛིང་བའི་སྒྲ་ཆེ་བར་ཉོན་དང་སྟག་རྒོད་གནས་ཀན་ན་ཡོད་པ་ཁོ་ཐག་རེད”
“ཨ་ཤུ་རེ་ཁོ། ཁོར་ནད་ཅིག་བྱུང་ཡོད་པ་ད་རུང་དྲག་མེད་ཚོད་ཡིན། སྤྱིར་བཏང་སང་ཉིན་ཨ་ཁུ་སྨན་པས་བལྟ་རྒྱུ་བྱས་ཡོད་རེད།…… ”
ཁྱི་སྟག་རྒོད་ཀྱི་བདག་པོ་དང་བདག་པོ་ཆུང་བ་གཉིས་ཀྱིས་གློག་དཀར་འོད་ཆེན་རེ་དང་མགོ་སྐོར་རེ་ཁྱེར་ནས་སྤྱང་ཁྱིའི་འཛིང་སའི་གནས་དེར་རྒྱུགས།
“ད་ཕལ་ཆེར་གཅོག་རྒྱུ་མ་རེད། ཞི་ལི་ཁྱོད་རྒྱུགས་ནས་མ་ཎི་རིལ་བུ་དེ་དང་སྔགས་ཆུ་དེ་ཚོ་ཁྱེར་ཤོག”
“ལད་མེད་ཀི མ་མཐའ་ཡང་སྤྱང་ཀི་གསུམ་བཞི་ཞིག་ཡོད་འདུག ལས་བཙོག་ནི་དེ་དགོང་མགོན་པོ་སྐྱབས་ཚང་གི་སྒོ་ཁྱི་གཉིས་ཀའང་གང་ཞིག་ལ་ལྡོམ་སོང་བ་ཡིན་ནམ། རིག་ས་ན་མེད་ཀི”
“ཨ་ཧ་བོ། དེ་ན་སྟག་རྒོད་གཅིག་པུ་ཡིན་ནས་རེད”
“ཁྱི་ལྡོམ་ཞིག་ཡོད་ཀི་མོད། དེ་ཙམ་གྱིས་རྒོལ་ལན་སྤྲོད་ཐུབ་པའི་སྤྱང་ཚོགས་ཤིག་མ་རེད། དེ་ཚོར་ཤེད་རྒྱས་ནས་དོམ་དྲེད་འདྲ་འདྲ་ཆགས་འདུག”

ཁོའི་བདག་པོ་ཆུང་བས་སྔགས་ཆུ་དེ་དག་རང་གི་ཨ་མར་གཏད་པ་དང་ག་ས་གང་དུ་མཆེ་བས་རྨུག་ཅིང་ཁྲག་གིས་བརྫིས་པའི་སྟག་རྒོད་ཀྱི་རྒྱབ་ལ་ཕུར་ཕུར་བྱེད་བཞིན་གང་ནས་ཐོན་པ་མི་ཤེས་པའི་ཤུ་སྒྲ་ཞིག་དང་མཆི་མའི་ཕྲེང་བ་དག་སྟག་རྒོད་ཀྱི་རྨ་ཁའི་སྟེང་ལ་ལྷུང་། མཇུག་མཐར་ཁོས་མགོ་བོ་ཡར་ལ་བཀྱགས་ནས་མིག་གཉིས་ལག་པས་ཕྱིས་ཏེ་ཅི་ཡང་མ་བྱུང་ཁུལ་གྱིས”འགྲོ—སྟག་རྒོད”ཅིག་མིད་པ་ནས་བཙན་གྱིས་ཕྱུང་བ་དང་ཐད་ཀར་སྒོ་ལ་བུད་སོང་།

དེ་ལྟར་ཁྱི་སྟག་རྒོད་ནི་སྒོ་ཁྱི་སྤྱིར་བཏང་བ་ཀུན་དང་འདྲ་བར་སོས་མེད་པའི་རྨ་ནད་དང་ན་ཚོད་ཟིན་པའི་ཤུགས་རྐྱེན་གྱི་འོག་སྤྱང་ཚོགས་དང་འཐབ་པའི་གཡུལ་ས་དེ་ནས་མི་ཡུལ་དང་གཏན་དུ་གྱེས། ཁོ་རང་མི་རྣམས་ཀྱིས་རྟ་རུ་འཕངས་ནས་མཚོ་ངོས་མཐོ་ཚད་སྨི༥༢༠༠ཡོད་པའི་རི་བོ་མཐོན་པོ་ཞིག་གི་སྒང་ནས་མ་ཎི་དབྱངས་ལ་གྱེར་བཞིན་བྱ་ལ་གཏོར། ཁོའི་མི་ལོ་དགུའི་མི་ཡུལ་གྱི་འཚོ་བའི་ནང་སྒོ་ཁྱི་ཞིག་གི་འོས་འགན་དང་དུ་བླངས་ནས་ཁ་ཆར་བུ་ཡུག་བརྒྱུད་ཅིང་སེམས་དང་བསམ་པ། སྟོབས་དང་ཤེས་རབ་ནམ་ཡང་ཁོའི་བདག་པོ་ཚང་མཚོན་པས་རི་ལུང་དེར་ཕུལ།

ཁོའི་བདག་པོ་ཆུང་བས་ཁོ་དང་སྟག་རྒོད་འགྲོ་མྱོང་སའི་ལམ་བུ་དེ་དེད་ནས་ཕྲེང་བ་འདྲེན་བཞིན་ཁ་ཕྱོགས་མེད་པར་འགྲོ་བཞིན་འདུག སྐབས་དང་སྐབས་སུ་ཕྱིར་མིག་རེ་སློག་པ་ནི་ཕལ་ཆེར”འགྲོ—སྟག་རྒོད”ཟེར་བ་དང་འདྲ།

ལོ་གཅིག་གི་རྗེས་སུ།

སྟག་ཕྲུག་ཏུ་འབོད་པའི་ཁྱི་ཕྲུག་ཅིག་གིས་ཁྱི་སྟག་རྒོད་ཀྱི་བདག་པོ་ཚང་གི་ར་བའི་ནང་འགྲེ་ལོག་རྒྱག་གིན་རྩེད་མོ་ལ་གཡེང་འདུག……