དང་པོ།

འདིར་གླེང་བར་བྱ་བ་ནི་སྙན་ངག་གི་བསྟན་བཅོས་ཆེན་མོ་༼རཱ་མ་ཎའི་རྟོགས་བརྗོད་༽ཅེས་པའི་ཟུར་ངོས་ཤིག་ཡིན་ཅིང་། བསྟན་བཅོས་འདི་མཛད་པ་པོ་ནི་རབ་བྱུང་བདུན་པའི་ནང་བྱོན་པའི་ཞང་ཞུང་བ་ཆོས་དབང་གྲགས་པ་ལགས་རེད། ཁོང་གི་ལོ་རྒྱུས་ཐུང་ངུ་ཞིག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་༼རཱ་མ་ཎའི་རྟོགས་བརྗོད།༽ཅེས་པའི་དེབ་ཀྱི་མགོར་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོས་མཚམས་སྦྱོར་བྱས་པ་འདི་ལྟར།༼རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་༽ཞེས་བྱ་བ་འདིའི་རྩོམ་པ་པོ་ནི།ཞང་ཞུང་བ་ཆོས་དབང་གྲགས་པ་ཡིན་ལ། འདི་བ་རྗེ་ཙོང་ཁ་བ་ཆེན་པོའི་སློབ་མ་མཁས་ཆེན་བརྒྱ་ཕྲག་མང་པོའི་ནང་གི་སྙན་གྲགས་ཅན་ཞིག་ཡིན་ཏེ། མུས་སད་པ་བློ་གྲོས་རིན་ཆེན་སེང་གེ་དང་། འདི་བ་གཉིས་ལ། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཞེས་གྲགས། འདི་བ་རབ་བྱུང་བདུན་པའི་ཤིང་སྤྲེལ་ལོ[1404]ལ་འཁྲུངས། རབ་བྱུང་བརྒྱད་པའི་ས་གླང་[1469]ལ་འདས། རྟོགས་བརྗོད་འདི་ཁོང་དགུང་གྲངས་སོ་ལྔ་བཞེས་པ། ས་ཕོ་རྟའི་ལོ་[1439]ལ་རྗེ་ཙོང་ཁ་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་རེད། ཅེས་(ཤོག་ངོས་4)བཀོད་འདུག

གཉིས་པ།

གཉིས་པ་སྙན་ངག་གི་བསྟན་བཅོས་འདིའི་ཁུངས་གང་ལ་བྱས་ཡོད་དམ་ཞུ་ན། མཁས་དབང་དམུ་དགེ་བསམ་གཏན་ཚང་གིས།(རཱ་མ་ཎའི་རྟོགས་བརྗོད་ཀྱི་སྔོན་དུ་གླེང་བར་བྱ་བ)ཞེས་པར། (ཤོག་ངོས་3) དེས་ན་སྙན་ངག་༼རཱ་མ་ཎའི་རྟོགས་བརྗོད་༽འདིའི་བརྗོད་བྱ་ནི། སྔོན་རྒྱ་གར་དུ་གྲགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་རཱ་མ་ཎ་དགའ་བྱེད་ཀྱིས་སྲིན་པོའི་རྒྱལ་བོ་བཏུལ་བའི་གཏམ་རྒྱུད་དེ་ཡིན་ལ། འདི་ནི་༼བྷ་ར་ཏ་༽ཞེས་པའི་གཞུང་ལ་བརྟེན་ནས་བརྩམས་པར་གྲགས། ཞེས་ཕུ་ཐག་ཆོད་པར་གསུངས་མེད། ཡང་༼བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།༽རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་སྒྲིག་རྩོམ་བྱས་པའི་སྨད་ཆར། ཞང་ཞུང་པའི་༼རཱ་མ་ཎའི་རྟོགས་བརྗོད་༽ནི། སྔོན་རྒྱ་གར་དུ་གྲགས་པའི་རིག་བྱེད་ཀྱི་གཏམ་རྒྱུད༼རཱ་མ་ཡ་ཎ༽ཞེས་པའི་བྱུང་རིམ་གཙོ་བོར་བརྗོད་བྱར་བྱས་ཏེ་བརྩམས་པའི་དོན་གྱི་བྱུང་རིམ་བརྗོད་པའི་སྙན་ངག་རེད། ཅེས་དང་། གཏམ་རྒྱུད་ཀྱི་ནང་དོན་དང་བྱུང་རིམ་འདི་ནི་རཱ་མ་ཎ་གཞོན་ནུའི་དུས་དང་ནགས་སུ་བརྫངས་པའི་སྐོར་མེད་པ་ཙམ་ལས་ཧ་ལམ་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི༼རཱ་མ་ཎའི་རྟོགས་བརྗོད༽ཀྱི་ནང་དོན་འདྲ་བས། ཞང་ཞུང་བའི་རྟོགས་བརྗོད་འདི་ནི་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི༼རཱ་མ་ཎའི་རྟོགས་བརྗོད༽ལྟ་བུ་ཞིག་གཞིར་བཟུང་ནས་བརྩམས་པ་རེད་སྙམ། དེ་ནི་ལེགས་སྦྱར་གྱི་༼རཱ་མ་ཡ་ཎ༽ཡི་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོ་དང་ཡང་ཕལ་ཆེར་འདྲ།(ཤོག་ངོས་615) གཞན། ལེགས་སྦྱར་གྱི༼རཱ་མ་ཡ་ཎ༽ནི་དུས་རབས་བརྒྱད་པ་ནས་དགུ་བའི་དུས་ཏེ་བོད་བཙན་པོའི་དུས་སྐབས་སུ་བོད་ལ་འགྱུར་ཞིང་བོད་དུ་དར་ཁྱབ་བྱུང་ལ།(ཤོག་ངོས་616) ཞེས་དང་། ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་རང་གཞུང་གི་མཇུག་ཏུ། དོན་མང་བྱ་བས་གོམ་པའི་འགྲོས།།འཁྱོར་བ་འདི་དག་བྷ་ར་ཏའི།། འཁར་བ་ལ་བརྟེན་གྲོག་མཁར་གྱི།། རྗེས་འབྲང་ལོང་བ་བརྒྱུད་པ་ཉིད།། (ཤོག་ངོས་129) ཅེས་ཞང་ཞུང་བ་ཁོང་གྲོག་མཁར(1)གྱི་རྗེས་སུ་འབྲང་བ་དང་། གྲོག་མཁར་བ་བྷ་ར་ཏའི་རྗེས་སུ་འབྲང་བར་ཁ་གསལ་དུ་བསྟན་ཡོད། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་སྒྲིག་རྩོམ་བྱས་པའི༼བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས།༽ཞེས་པར། སྙན་ངག་གི་བསྟན་བཅོས་ཆེན་པོ་འདི་ཉིད་ཞང་ཞུང་བས་རྒྱ་གར༼རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད༽ལ་གཞི་བྱས་ཏེ་བརྩམས་པ་ཞིག་ཡིན་ལ། རྒྱ་གར་གྱི༼རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད༽ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཙམ་ནས་རྒྱ་གར་བའི་ཁ་རྒྱུན་ལ་གྲགས་ཤིང་། ཕྱིས་སུ་དྲང་སྲོང་གྲོག་མཁར་གྱིས་བྷ་ར་ཏ་ཞེས་བྱ་བའི་གཞུང་ལ་བརྟེན་ནས་ཁ་རྒྱུན་དུ་གྲགས་པའི་གཏམ་དེ་ལ་སྣོན་འཕྲི་གང་ལེགས་མཛད་དེ་སྙན་གྲགས་ཀྱི་འབྲུག་སྒྲ་འཛམ་གླིང་ལ་འཕུར་བའི་སྙན་ངག་གི་བསྟན་བཅོས་རིང་མོ་ཞིག་ཏུ་གྲུབ་པ་རེད།(དེབ་དེའི་ཤོག་ངོས་130)ཅེས་པ་སོགས་ལ་གཞིགས་ན། ཞང་ཞུང་བའི་རྟོགས་བརྗོད་འདིའི་གཞི་གང་ལ་བཅོལ་ས་དེ་རྒྱ་གར་གྱི༼རཱ་མ་ཡ་ཎའི༽གཞུང་ཡིན་པ་གསལ་མོད། འདིར་ལེགས་སྦྱར་གྱི༼རཱ་མ་ཡ་ཎའི༽གཞུང་དེའི་གཞི་གང་ལ་བཅོལ་ས་དེར་བཞེད་པ་མི་མཐུན་པ་འགའ་རེ་སྣང་། གོང་དུ་སོང་བ་ལྟར་མཁས་དབང་དམུ་དགེ་བསམ་གཏན་དང་། ཞང་ཞུང་བའི་རྟོགས་བརྗོད་རང་གཞུང་། དཔལ་རྩེ་དང་ལྷ་རྒྱལ་ཚེ་རིང་སོགས་ཀྱི་གསུང་སྒྲོས་ལྟར་ན། ༼བྷ་ར་ཏ༽ཞེས་པའི་གཞུང་དེ་ཡིན་པར་བསྟན་ཀྱང་། ༼བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས༽ལས། དང་པོ། རཱ་མ་ཎའི་རྟོགས་བརྗོད་དང་མ་ཧཱ་བྷ་ར་ཏ་བར་གྱི་འབྲེལ་བ། དེ་ཡང་གཏམ་རྒྱུད་འདི་གཉིས་ཕྱི་རོལ་རིག་བྱེད་ལྷ་སྒྲུང་ལས་བྱུང་བས་བྱུང་སའི་ཡུལ་ཁམས་དང་དུས་རབས། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་ལས་དབང་སོགས་ཀྱི་ཐད་མཚུངས་ས་གང་མང་ཡོད་ཀྱང་དེ་གཉིས་ལ་ངོ་བོའི་སྟེང་འབྲེལ་བ་ཅི་ཡང་མེད། རྒྱལ་ཕྱིའི་མཁས་པ་དག་ལ་མཚོན་ནའང་གཏམ་རྒྱུད་འདི་གཉིས་ཀྱི་དུས་སྔ་ཕྱིའི་ཐད་ལ་ལྟ་བ་མི་མཐུན་པ་ཕྲན་བུ་ཡོད་པ་མ་གཏོགས། གཅིག་ལས་གཅིག་བྱུང་བ་འམ་གཅིག་གིས་གཅིག་ལ་ཤན་ཞུགས་པ་སོགས་ཀྱི་དོགས་གཞི་གཏན་ནས་མེད། དེ་ལྟ་ནའང་རང་རེའི་བོད་འདི་ཕྱི་ནང་མཁས་པ་སུ་ཞིག་གི་ངག་སྒྲོས་ཀྱི་རྗེས་སུ་འབྲང་བ་མི་ཤེས་མོད། ཐུན་མོང་དུ་རཱ་མ་ཎའི་རྟོགས་བརྗོད་དེ་མ་ཧཱ་བྷ་ར་ཏ་ལས་བྱུང་བའམ་ཡལ་འདབ་ཅིག་ཡིན་པར་བཤད།(ཤོག་ངོས་349)ཅེས་གོང་གི་འདོད་ཚུལ་དག་ལས་ལྡོག་སྟེ་བྲིས་འདུག (འདིར་བྷ་ར་ཏའི་གཞུང་དང་མ་ཧཱ་བྷ་ར་ཏའི་གཞུང་གཅིག་ཏུ་གོ་དགོས་པ་འདྲ་ཞིང་། རཱ་མ་ཎའི་རྟོགས་བརྗོད་དང་མ་ཧཱ་བྷ་ར་ཏའི་བར་གྱི་འབྲེལ་བ་ཞེས་པའི་རཱ་མ་ཎའི་རྟོགས་བརྗོད་དེ་ཡང་། ཞང་ཞུང་བའི་རྟོགས་བརྗོད་ལ་གོ་རྒྱུ་མ་ཡིན་པར།༼རཱ་མ་ཡ་ཎའི༽གཞུང་ལ་གོ་དགོས་པ་འདྲ།)

༼བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།།༽དེ་ཡི(ཤོག་ངོས་354) ད་ནི་འཛམ་གླིང་གི་མཁས་པ་དུ་མས་རཱ་མ་ཎའི་རྟོགས་བརྗོད་དང་མ་ཧཱ་བྷ་ར་ཏ་གཉིས་ཀྱི་དུས་རབས་གཏན་འབེབས་བྱེད་པའི་སྐོར་གྱི་ལྟ་བ་རྣམས་ཕྱོགས་བསྡུས་ཀྱི་འགོད་པར་བྱ་སྟེ། གཏམ་རྒྱུད་འདི་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་དཀྱིལ་གྱི་ལེའུ་དང་བྱུང་རིམ་གལ་ཆེན་རྣམས་ཁུངས་བཙུན་ལ་གཏམ་རྒྱུད་གྲུབ་པའང་ཤིན་ཏུ་སྔ། འཁྲུངས་སྐོར་ཏེ་གཞོན་ནུའི་དུས་ཀྱི་རྟོགས་བརྗོད་དང་མཇུག་ཏུ་རྒྱས་འཛོམས་བྱུང་བ་། འཚང་རྒྱ་བ་སོགས་ཁྱབ་འཇུག་གི་སྐྱེ་རབས་སོགས་ཀྱི་ལེའུ་རྣམས་བྱུང་བ་ཤིན་ཏུ་འཕྱི། དེ་བས་གཏམ་རྒྱུད་འདི་གཉིས་ཀར་དོ་མི་མཉམ་པའི་རྣམ་པ་གང་མང་ཡོད། ཅེས་དོན་ཚན་བཞི་བྲིས་པ་ལས། དོན་ཚན་གཉིས་པ་དང་། གསུམ་པ། བཞི་བ་བཅས་སུ༼རཱ་མ་ཡ་ཎའི༽གཞུང་དེ༼མ་ཧཱ་བྷ་ར་ཏ༽ལས་སྔ་བའི་ཚུལ་བྲིས་པ་འདིར་དྲངས་ན། (ཤོག་ངོས་355-356) དོན་ཚན་གཉིས་པ།(2)མ་ཧཱ་བྷ་ར་ཏ་ཡི་ཁྲོད་དུ་བར་བཅུག་གཏམ་རྒྱུད་དང་གླེང་མོལ་འགའ། སྙན་ངག་ཤོ་ལོ་ཀ་འགའ་རཱ་མ་ཎའི་རྟོགས་བརྗོད་ལས་བླངས་ཤིང་སོར་བཞག་ཏུ་གནས་ལ་གཞན་ད་དུང་དྲང་སྲོང་གྲོག་མཁར་ཉིད་རླབས་ཆེན་གྱི་དཀའ་ཐུབ་པ་དང་སྙན་ངག་པ་ཡིན་ཞེས་ཆེ་བ་བརྗོད་མྱོང་བས་མ་ཧཱ་བྷ་ར་ཏ་ད་ལྟའི་བམ་པོ་འདི་འདྲར་གྲུབ་དུས་རཱ་མ་ཎའི་རྟོགས་བརྗོད་ཡོངས་གྲུབ་བྱུང་ནས་དུས་ཡུན་རིང་པོ་སོང་བ་མཚོན་ཐུབ། དོན་ཚན་གསུམ་པ།(3)སྐབས་དེའི་གླེགས་བམ་གང་མང་གི་ལུང་དང་བསྟུན་ན། མ་ཧཱ་བྷ་ར་ཏ་ཡི་གཏམ་རྒྱུད་ཁ་ཚང་གཏན་འབེབས་བྱས་པ་དེ་ལས་དུས་རབས་གཉིས་ཙམ་སྔ་སྟེ་སྤྱི་ལོ་དུས་རབས་གཉིས་པའི་དུས་ཡིན། དོན་ཚན་བཞི་བ།(4) རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩ་བའི་གཏམ་རྒྱུད་རྣམས་ནང་བསྟན་མ་དར་གྱི་ཡར་སྔོན་ནས་དམངས་ཁྲོད་དང་རིག་བྱེད་གླེགས་བམ་སོ་སོ་ན་གནས་ཤིང་། སྙན་ངག་ཤོ་ལོ་ཀ་ལས་བརྩམས་པ་ནི་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་ཡན་ཆད་ཡིན། དྲང་སྲོང་གྲོག་མཁར་གྱིས་རཱ་མ་ཎའི་རྟོགས་བརྗོད་བརྩམས་པ་ནས་བཟུང་ཤོ་ལོ་ཀ་བྱ་བའི་སྙན་ངག་གི་རྩོམ་གཤིས་འདིའི་ཤིང་རྟའི་སྲོལ་ཕྱེས་པ་(2)ཡིན། སྤྱིར་ཤོ་ལོ་ཀ་བྱ་བ་རྒྱ་གར་གྱི་གདོད་མའི་སྙན་་ངག་རྩོམ་ལུས་ཀྱི་རྩོམ་གཤིས་ཤིག་ལ་གོ་བ་ལས་རང་རེ་ཇི་བཞིན་སྙན་ངག་གི་ཚིག་རྐང་ངེས་ཅན་ཞིག་གི་ཚད་འཛིན་གྱི་ཚིག་ལ་མི་གོ། དེ་ཡང་རིག་བྱེད་བསྡུས་པ་སོགས་ཀྱི་མཆོད་སྦྱིན་གྱི་ཚིག རཱ་མ་ཎའི་རྟོགས་བརྗོད་ཀྱི་ཤོ་ལོ་ཀའི་གླུ་ཚིག ནག་མོ་ཁོལ་གྱི་ཚིག་རྐང་བཅུ་བཞི་ཅན་གྱི་སྙན་ངག་སོགས་ནི་དུས་རབས་རེ་རེའི་ཁྱད་ཆོས་འཛིན་པའི་སྙན་ངག་གི་རྩོམ་གཤིས་མི་འདྲ་བ་ཡིན། ཞེས་སྒྲུབ་བྱེད་གསལ་བོར་བཀོད་འདུག དེས་ན་རང་རིས་དག་གང་ཁས་ལེན་དགོས་པ་མི་ཤེས་ཀྱང་། རེ་ཞིག་གང་ལ་སྒྲུབ་བྱེད་བཙན་ན་དེའི་རྗེས་སུ་འབྲང་ན་ལེགས་སམ་སྙམ།

མཆན། (1) གྲོག་མཁར་ཞེས་པ་ནི་དྲང་སྲོང་གྲོག་མཁར་ལ་གོ་དགོས། དེ་ཡང་དྲང་སྲོང་གྲོག་མཁར་ནི་རཱ་མ་ཡ་ཎའི་གཞུང་མཛད་པ་པོ་ཡིན་ཅིང་། མཚན་ལ་གྲོག་མཁར་ཅིའི་ཕྱིར་བཏགས་སམ་སྙམ་ན། དེ་ཡང་འདི་སྐད་ཐོས། དྲང་སྲོང་གྲོག་མཁར་གྱིས་ལྷའི་དཀའ་ཐུབ་ལོ་སྟོང་ཕྲག་རིང་དུ་བསྒོམས་པ་ན། གྲོག་མས་ཚང་སློག་པའི་ས་སྤུངས་ཀྱིས་སྒོམ་ཆེན་དེའི་ལུས་པོ་མཁར་བུས་བསྐོར་ཅིང་གནས་པར་བསྟུན། མཚན་ལ་གྲོག་མཁར་ཐོགས་པ་ཡིན་ནོ།། (2) དྲང་སྲོང་གྲོག་མཁར་ཞི་གནས་ལས་གྲོལ་སྐབས་ཐོག་མར་མིག་ལ་སྣང་བ་ནི། ལྗོན་ཤིང་གི་རྩེ་ལ་བབས་པའི་འདབ་ལྡན་ཟུང་ཞིག་ཡོད་པའི་གཅིག་རྔོན་པ་ཞིག་གིས་མདས་བསད་པ་མཐོང་ནས་སྙིང་རྗེ་དང་ཁྲོ་བས་བསྐུལ་ཏེ། རྔོན་པ་ཁྱོད་ནི་ནམ་དུ་ཡང་།། ཐར་བ་ཐོབ་པ་འགྱུར་མ་ཡིན།།དགའ་མགུར་རྩེན་པའི་འདབ་ལྡན་ཟུང་།། གཅིག་ནི་ཁྱོད་ཀྱིས་མངོན་པར་བསད།། ཅེས་དམོད་བོར་བའི་ཚེ། ལྷ་རྣམས་ཀྱིས་ཐོས་པས་རྗོད་བྱེད་ཚིག་དེ་དག་ཚིགས་སུ་བཅད་པ་དང་སྡེབ་སྦྱོར་མཛེས་པ་རྟོགས་ནས། འདི་ནི་ཤོ་ལོ་ཀ་སྟེ། ཤོ་ལོ་ཀ་འདི་ལས་དྲངས་ཏེ་༼རཱ་མ་ཡ་ཎའི༽རྟོགས་བརྗོད་ཅིག་རྩོམ་དགོས་པའི་བཀའ་བསྒོས་པ་ལྟར། གྲོག་མཁར་གྱིས་བརྩམས་ཤིང་ཚིགས་བཅད་སྙན་ངག་ཤོ་ལོ་ཀའི་སྲོལ་བྱུང་བ་ཡིན།

ཟུར་བཤད། ཟིན་བྲིས་ཐུང་ངུ་འདིའི་རིགས་ནི་དཔྱད་གཞི་ཚད་ལྡན་གྱི་གྲས་ཤིག་མ་ལགས་ཤིང་། གོ་མྱོང་ཐོས་མྱོང་མེད་མཁན་ཞིག་གིས་ལག་སྣེ་ཡི་དཔེ་ཆ་གཅིག་གཉིས་ཙམ་བཀླགས་རྗེས་བརྗེད་ཐོར་བཀོད་པ་མཁྱེན་པར་མཛོད།

མུ་འགོད།