དགེ་མ་དེ་ལ་སླར་ཡང་།

__ ཐ་ལཎ་དྲའི་དགེ་མ་ཞིག་ལ་བྲིས་པ།

ཉི་མ་དམར་ཐག་ཆོད་པ་ངོ་ཚས་སྐྱེངས་བ་འདྲ་བོ།།
མེ་ཏོག་སིག་སིག་འདར་བ་དགའ་བས་སྐྲག་པ་འདྲ་བོ།།
འགྲམ་གྱི་རླུང་ཡན་རེ་ཡང་ཉིད་ལ་བརྩེ་བ་ལྟ་བུ།།
ང་ནི་འདི་ལ་འཁྱོར་བ་ཅི་ཕྱིར་འདྲི་བ་མ་གནང་།།

དབྱིན་ཡིག་ཆག་རོ་འགའ་ལ་དམིགས་རྣམ་ཅི་ཞིག་ལྡན་ཡོད།།
པར་ངོས་རེ་རེའི་གསེང་ནས་དྲན་ཚོར་ཕྲ་རུ་ལུད་པ།།
ཆོས་གོས་གྱོན་པས་མ་ཡིན་སྐྲ་ལོ་ཟླུམ་པས་མ་ཡིན།།
སྡིག་པའི་སེམས་ངོ་དྭངས་མ་ཁྱེད་རང་ལག་པས་གཡོལ་བ།།

རི་ཀླུང་ལྷིང་འཇགས་སྒུམ་རོགས་ལོ་མའི་སག་སྒྲས་མི་ཉན།།
དབང་པོ་རྐྱང་སྐུམ་ཁྲོད་ནས་རྟེན་འབྲེལ་སྙིང་དུ་བརྒྱུས་པ།།
ཁེར་ཧྲིང་ནམ་ཟླ་ཤི་བོ་ཆུ་ངོགས་དེ་རུ་འཕང་ན།།
གཉེར་རིས་བབ་པའི་མེ་ཏོག་སླར་ཡང་མཛེས་པར་བཞེད་པ།།

ལོ་བརྒྱའི་ཆང་གི་མ་བཟི་འདི་ནས་ཅི་ཡིས་བཟི་སོང་།།
དད་དམ་གནམ་སའི་ཁྱོན་ནས་འདི་འདྲའི་བྲོ་བ་མ་རྙེད།།
ཆར་པས་ནེམ་དུ་མེད་པའི་བདག་གི་དགུན་དུས་རིང་མོར།།
ཁྱེད་ཉིད་འཛུམ་པའི་མོད་ལ་མེ་ཏོག་སྣ་བརྒྱ་འཁྲུངས་སོང་།།

འཁོར་བ་འཁོར་བ་ཟེར་ནས་ལོ་ཟླ་ག་ཚོད་ཕྱིན་སོང་།།
མགལ་མེ་འཁོར་ལོ་བཞིན་དུ་འཁོར་ཚུལ་ག་ཚོད་སྤྲོས་ཡོད།།
སྣང་བ་ལིང་ལིང་འདི་ཀོ་ཕྲ་རགས་འཕོ་འགྱུར་མེད་དུས།།
སྲིད་པའི་དབང་ཤུགས་འདི་ལ་ང་རང་རྨང་ནས་མགུ་སྲིད།།

དུས་ཚོད་བར་ཐག་མང་པོ་ཟུར་མིག་འོག་ནས་ཕྱིན་སོང་།།
རྩེ་རོགས་དགོད་རོགས་མེད་པའི་མི་རྐྱང་སེམས་ཅོང་ཨེ་ཆགས།།
འགྲིམ་འགྲུལ་མང་བའི་བར་ནས་བརྩེ་བ་སེམས་ལ་སྦྲུམ་པ།།
གནམ་ས་ཆ་ལང་རྡེབ་རུང་སྙིང་ལ་རྣག་པ་སུ་རེད།།

ཉི་མ་འོད་ལ་འཐིམ་ཞིང་ཟླ་བ་བསིལ་བས་འཕྲོ་དུས།།
ཁོག་ཏུ་མིད་པའི་སེམས་འགྱུ་ལང་ལོང་གང་ནས་གཡོ་བ།།
འདྲ་པར་རེ་རེའི་ངོས་སུ་མཛུབ་རྗེས་ཅི་ཙམ་དཔར་བའི།།བསུབས་མེད་ལས་ཀྱི་རི་མོ་འདི་ནས་གང་དུ་འཐེན་ཡོད།།

རི་དང་ནགས་ཀྱིས་སྐོར་བའི་ཡུལ་ལྗོངས་ཅི་འདྲ་མཛེས་ཀྱང་།།
ཡིད་ཁམས་སྟེང་ནས་སྐྱོམ་པའི་སྐར་མ་སྨིན་དྲུག་ཁྲ་བོ།།
མཚན་སྨག་དགུ་རྩེག་འོག་ནས་བདག་ལ་འཛུམ་ཙམ་གནང་བ།།
ཚེ་འདི་ཡུན་ལ་འཕྲད་པའི་མཛེས་པའི་རོ་མ་ཡིན་སོང་།།

དྲ་བའི་འཕྲང་ལམ་རིང་མོ་སེམས་ཀྱི་སྲང་ལ་འཐེན་དུས།།
ཚེས་ཆེན་བཅོ་ལྔའི་ཟླ་བ་མཚོ་མོར་ཡོམ་པ་འདྲ་ཨང་།།
སྲིན་འབུ་མེ་འཁྱེར་ལྟ་བུ་རང་ལུས་འོད་ཀྱིས་བལྟམས་ཏེ།།
དག་ཞིང་བརྒྱ་ཕྲག་དུ་མ་ཉིད་ཀྱི་ཆེད་དུ་བཞེངས་དགོས།།

མཚོ་མོའི་འཇིངས་སུ་ནུབ་འདྲའི་ང་རང་གང་དུ་ནུབ་སོང་།།
ལས་དབང་ལྕགས་སྒྲོག་ཨེ་དགྲོལ་་ལྷ་ཞལ་ཁྲོ་བོར་ཨེ་འགྱུར།།
ཕྱིར་བལྟས་ལན་གསུམ་ཁྲོད་དུ་ཁྱེད་ཞལ་ཡུད་ཙམ་བརྗེད་པས།།
ཀུན་རྟོག་ལན་བུ་ཕྲ་མོ་རྡུལ་ཚུབ་ཁུད་དུ་བཏུམས་སོང་།།

2014. 7. 15

དུས་ཚོད་ཀྱི་ཕར་ནང་དུ།

ཉི་མ་རེ་རེ་བཞིན་དུ་བཞུད་ཤུལ་ན།།
མེ་ཏོག་ལྗང་ཁུ་ཁ་བའི་ཟོལ་གྱིས་བབས།།
མཚམས་མེད་རྨི་ལམ་བདས་པའི་རི་ཀླུང་དག།
སྔར་ན་མེད་པའི་འཇམ་ཞིང་བྱིན་རླབས་འབར།།
འཁྲུད་དུ་མེད་པའི་རལ་བ་ཚིལ་སྟུག་ཅན།།
སྐྱེ་བ་འདི་ལ་ཐོབ་པའི་གོས་སུ་བྱས།།

དྲི་བ་མོད་པའི་རྩྭ་ཡི་ཕུན་པོ་དག།
མགོ་བོ་ནམ་མཁའ་ངོས་སུ་ལྷོད་ཀྱིས་བཏེགས།།
ཉེ་འགྲམ་བྱ་བྱིའུ་གྲེ་བ་དབྱངས་ལ་གྲོལ།།
འཚོ་བའི་ནང་གི་ཉོབ་སྣང་རླུང་གིས་གསེད།།
ཚོད་མེད་འགྲོ་བའི་ཕ་མཐའ་འབྱམས་པའི་གཞིར།།
འདུ་ཤེས་མེ་ཏོག་རྐང་གཅིག་མཛེས་པས་བཟི།།

2014. 7. 4.

ཡིད་སྨོན་ལན་གསུམ་ཤོར་བ།

__ དུངས་བར་འཐིམ་པའི་གཏམ་བརྗོད་ལ་ཉན་རྗེས།

ལམ་ཟུར་གྱི་རྩིག་པ་ཞིག་རོ་བར་ཆོད་ཅིག་རེད།།
གནམ་མཐའ་ཡི་སྨུག་སྤྲིན་དུམ་བུ་སེམས་པ་ཞིག་རེད།།
དྭངས་འཐིབ་ཀྱི་རེས་མོས་མང་བའི་གནམ་ངོ་འདི་ལ།།
རྟེན་འབྲེལ་ཞིག་འགྲིག་ན་བསམ་ནས་སུ་ཞིག་དུབ་མྱོང་།།

ཕམ་ཁ་དང་ཁེ་བཟང་མ་ཟེར་བརྩེ་བ་སྤྲོད་དང་།།
འཇིག་རྟེན་ན་གྲངས་ངར་འཐིབ་ཀྱང་ང་རང་དགོད་ཆོག།
ཉི་ཟེར་དང་རླུང་བུ་བསིལ་མོ་གོས་སུ་གྱོན་ནས།།
ཁེར་རྐྱང་གི་སུན་སྣང་མཐའ་དག་བསྡུ་གསོག་བརྒྱག་ཆོག།

རྨི་ལམ་དུ་གོས་ཁྲ་གྱོན་མཁན་ཁྱེད་རང་ཡིན་ནམ།།
ཆར་སྨག་ཁྲོད་གཅིག་པུར་སྒུག་མཁན་ཁྱེད་རང་ཡིན་ནམ།།
ལས་དབང་ཟེར་མང་པོ་མང་པོ་བརྩིས་པའི་ཁྲོད་ནས།།
མཇུག་སྡོམ་ལ་ཞེ་འགྱོད་མེད་པར་སུ་དག་རྒྱལ་སྲིད།།

ཁ་ཡག་དང་ངོ་དགའི་གསེང་ལ་ཁྱེད་རང་མ་འཐོམས།།
རྒྱུ་ནོར་གྱི་འཆོར་ཆས་ལ་འང་འཛུམ་ཙམ་མ་གནང་།།
དཀའ་སྡུག་ལ་སུ་ཡི་ཞལ་རས་ལམ་མེར་བསྒོམ་སྟེ།།
གནམ་ས་གཉིས་ཚིག་ཁེབས་ཤིག་གི་ནང་དུ་ཤོང་སོང་།།

ཁྲོམ་གསེང་དུ་གད་སྙིགས་ལུད་པ་མི་ཚོགས་མ་རེད།།
ནང་ཁྲོལ་ལ་གསེར་རྩི་སྤུད་པའི་ནམ་ཟླ་དྲན་ན།།
བར་ཐག་འདི་སུ་ཡིས་བརྟོལ་བར་ཅི་ཕྱིར་འདྲི་སྟེ།།
དག་ཞིང་ལ་ལྷད་མེད་སེམས་ཀྱིས་རྒྱབ་བསྐྱོར་བྱ་འོ།།

2014. 7. 18.

དབྱར་ཀ།

ཆར་འབྲུ་ཟམ་ཟིམ་འབབ་པའི་དབྱར་ལྗོངས་སུ།།
སྨུག་ལོང་བན་བུན་རི་གྲོང་མེད་པར་ལུད།།
གཞིས་ཀྱི་གོས་ལ་བབས་པའི་གཡའ་ཐིག་གིས།།
ནང་མི་ཞིབ་ཚགས་ཅན་དག་ལས་ལ་བཀོལ།།

རྩྭ་ལོའི་ཕྲག་པར་དཔྱངས་བའི་ཟིལ་ཆུ་རྣམས།།
ནང་དགོང་མེད་པར་ལྷོད་ཀྱིས་འཁྱིལ་བ་ཡི།།
ཕྱི་རོལ་ཡུལ་གྱི་བསྡུས་གཟུགས་ཁྲ་ཚོམས་དག།
གཞན་དུ་མ་འཕོས་འདི་ན་ཅི་དགར་ཤར།།

ཆར་པ་ས་རུ་སིམ་པའི་ཅག་སྒྲ་ཡིས།།
བྱི་འུ་སྣ་ཚོགས་གྲེ་བ་གཅིག་ཅར་གྲོལ།།
ལམ་གྱི་ངོས་དང་ཡུལ་གྱི་བཀོད་པ་དག།
ནག་ནོག་དྲི་མའི་གཡུལ་ལས་རྒྱལ་བར་བྱས།།

མིག་གིས་བརྟན་པ་དབང་མེད་འཕྲོག་བྱེད་པ།།
སྤང་ཐང་འདི་ཀོ་མཛེས་ཤིང་མཚོན་མདངས་བཀྲག།
ཁ་དབུགས་བསིལ་བས་བཀྲུས་པའི་སྲོག་ལྡན་དག།
འདི་ན་སྐྱིད་པའི་གླུ་དབྱངས་བར་མེད་ལེན།།

ཆུ་བོ་འཕེལ་ཁ་རྒྱས་པའི་འགྱུར་འགྲོས་དང་།།
སྤྲིན་པའི་འདུ་འགོད་མཁའ་རུ་མངོན་སྟངས་སོགས།།
ཇི་ཙམ་བལྟས་ཀྱང་ངོམས་པར་མི་འགྱུར་བའི།།
སྲིད་པ་ལྟད་མོ་འདི་དག་ཟབ་ཅིང་ཕྲ།།

འཁྲུལ་བའི་ཁམས།

ང་རང་གནམ་མཐའི་སྐྱ་རེངས་འགྲམ་དུ་སྒྲེང་།།
མཚན་སྨག་གཏིང་ལ་ཨག་སྐད་དྲག་ཏུ་བཏབ།།
ལྡེམ་ལྡེམ་གཡོ་བའི་ནགས་ཀྱི་འགུལ་སྐྱོད་ཀྱིས།།
ཞེད་སྣང་མེད་པར་ཁོང་ཅག་ལྷོད་ལ་ཕབ།།

སྲིན་འབུ་དག་གི་གྲེ་བའི་ངོས་ཤིག་ཏུ།།
ང་ཡི་གཉིད་ཅོག་བརྒྱབ་པའི་ནམ་མཁའ་ཡོད།།
སྟེང་འོག་སྙོམ་པ་མེད་པའི་གླུ་དབྱངས་ནི།།
ས་ཆེན་ཁོག་ཏུ་འཚང་བའི་ལོ་རྒྱུས་ཐོས།།

རྒྱང་རིང་ཡུལ་ལ་ཞེན་པའི་ཟེའུ་འབྲུ་ཞིག།
ཁ་བའི་ཁྲོད་དུ་ཟགས་པ་ལག་ཏུ་བླངས།།
སྙིམ་པའི་དཀྱིལ་དུ་བཙུད་ནས་ཐོད་དུ་བཞག།
སྨོན་ལམ་ཁ་དོག་སྣ་ལྔ་ཡིད་ཀྱིས་བཏབ།།

དེ་ནི་མྱོང་དུ་མེད་པའི་མཛེས་པ་སྟེ།།
ཞེན་ཆགས་འགྲེལ་བའི་གླེགས་བམ་དཀར་པོ་ཡིན།།
དེ་ནི་བརྗོད་དུ་མེད་པའི་ཡིད་འགྱུ་སྟེ།།
སྟོང་པའི་ངོས་ཀྱི་འཇའ་ཡི་རས་ཡུག་ཡིན།།

2014. 7. 28.