— དཔེ་ཀློག་གི་ལམ་ནས་དཔེ་ཆ་འོས་སྦྱོར་བྱེད་པོ་དག་ལ་ཡི་རང་ཞུ།

ལོ་རེའི་ཟླ་བཞི་པའི་ཚེས་ཉེར་གསུམ་ནི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་རེད། དེ་ནི་མི་བུ་ཡང་དག་པ་ཚོས་ཐོས་པ་དང་། བསམ་པའི་ལོངས་སྤྱོད་དུ་གྱུར་པའི་དཔེ་ཀློག་ལ་ཕྱིར་དྲན་ཐེངས་གཅིག་བྱེད་པའི་དུས་ཚིགས་ཤིག་ཡིན་ངེས། དུས་ཚིགས་འདི་ནི་དཔེ་ཀློག་ལ་བརྟེན་ནས་ཤེས་རབ་དང་། མི་གཤིས་འཚོལ་བའི་མི་བུ་དག་ལ་མཚོན་ན་ཡང་དག་པའོ།།

ཡིན་ཡང་དཔེ་ཀློག་ལ་མི་དགའ་ཞིང་། དཔེ་ཀློག་ལ་མི་བརྩོན་པའི་མི་དག་ལ་ཉིན་འདིར་རིན་ཐང་ཡོད་ཚོད་མ་རེད། ཡོད་མདོག་གི་རྣམ་འགྱུར་ཅི་ཙམ་བསྟན་ཀྱང་སོ་སོའི་ནང་གི་དེ་ཉིད་ཕྱིར་མངོན་བྱས་པ་ལས། དེ་ལ་སུ་ཡང་ཡིད་སྨོན་སྐྱེ་མི་སྲིད། དཔེ་ཀློག་གི་ཉིན་མོ་ནི། དཔེ་ཀློག་ལ་བརྟེན་ནས་ཐོས་པ་འཚོལ་ཞིང་། དཔེ་ཀློག་ལ་བརྟེན་ནས་བློ་རྒྱ་བསྐྱེད་པའི་སྐྱེས་བུ་ཁོ་ན་ལ་དབང་ངེས།

བོད་ལ་དཔེ་ཀློག་པ་ཉུང་ཉུང་ལས་མེད། དེའི་ཚོད་ཀྱིས་དཔེ་ཀློག་གི་རིན་ཐང་འཚོལ་བའི་མི་ཕོ་ཧ་ཅང་དཀོན། ཡིན་ཡང་དཔེ་ཀློག་བྱེད་བཞིན་པའི་རྣམ་འགྱུར་སྟོན་མཁན་མང་པོ་རེད། བོད་མྱི་དག་གིས་དཔེ་ཀློག་གི་དུས་དྲན་ལ་དཔེ་ཀློག་བྱེད་བཞིན་ཡོད་པ་ལས། དེ་ལས་གཞན་པའི་ཉི་མ་མང་ཚོད་ཅིག་ལ་དཔེ་ཀློག་དང་འབྲེལ་བ་གཏན་ནས་མེད། དེ་ནི་ལྷག་དཀར་སྲུང་བརྩི་བྱེད་པ་དང་སྒོ་གང་ཐད་ནས་གཅིག་མཚུངས་ཡིན།

གཟའ་ལྷག་པར་བོད་ཡིག་བྲིས། བོད་སྐད་བཤད། བོད་ཆས་གྱོན་ཁུལ་ཙམ་བྱེད་མོད། གཞན་པའི་རེས་གཟའ་དག་ལ་དེ་དག་དང་འབྲེལ་བ་མེད། དེ་བཞིན་བོད་མྱི་མང་པོ་ཞིག་ལ་དཔེ་ཀློག་གི་འདུ་ཤེས་ཙམ་ཡང་མེད་པས། དཔེ་ཀློག་གི་གལ་ཆེའི་རང་བཞིན་དང་། དཔེ་ཀློག་གི་གོམས་གཤིས་ཡག་པོ་ཡོད་མཁན་དཀོན་པོ་རེད།

དེའི་ཕྱིར་བོད་མྱི་མང་པོ་ཞིག་གིས་དཔེ་ཀློག་གི་ཉིན་མོར་ས་རྡུལ་ཆགས་པའི་དཔེ་ཆ་དག་ཀློག་བཞིན་འདུག་མོད། ངས་ནི་ཆེད་དུ་དཔེ་ཆ་དག་ཉི་མ་དེར་རྩིག་གིན་ཡོད། ནམ་རྒྱུན་དཔེ་ཀློག་ལ་གོམས་ཤིང་། དཔེ་ཀློག་ལ་མོས་པའི་སྐྱེས་བུ་དག་ལ། དཔེ་ཆ་དག་སྒྲིག་གི་དུས་ཚོད་ཡོད་རྒྱུ་མ་རེད་འདོད། ལོ་རེའི་ནང་དཔེ་ཆ་དག་སྒྲིག་གི་ཉི་མ་ནི། དཔེ་ཀློག་གི་ཉིན་མོ་རང་ལ་གཏན་ཁེལ་བྱས་ན་འོས་སོ་སྙམ།

དཔེ་ཆ་དག་སྒྲིག་བྱེད་པ་ནི། དཔེ་ཆ་གཅེས་སྤྲས་བྱས་པ་ཡིན་ལ། དཔེ་ཆ་དག་སྒྲིག་བྱེད་ནི། དཔེ་ཆ་བཀླག་པར་སྟབས་བདེ་རུ་བཏང་བ་ཡིན། དེའི་ཕྱིར་ན་དཔེ་ཀློག་གི་ཉི་མོ་འདིར་དཔེ་སྒྲོམ་ལ་བཤམས་པའི་དཔེ་ཆ་དག་མར་བླངས་ནས་ཀློག་པའི་ཟོལ་སྟོན་རྒྱུ་མ་ཡིན་པར། གང་སར་བཀྲམས་པའི་དཔེ་ཆ་དག་ཡར་བསྒྲིགས་ཏེ། དཔེ་སྒྲོམ་དུ་གཙང་མ་ཡང་དག་གིས་ཉར་ཚགས་སྟབས་བདེ་ཞིག་བྱས་ན་འགྲིག་གོ་སྙམ།

དཔེ་ཀློག་པ་ཟེར་བ་ནི། དཔེ་ཆ་སྐད་གྲགས་ཆེ་བ་དང་། བརྗོད་དོན་ཟབ་ཚད་དཔེ་སྒྲོམ་དུ་ནམ་རྒྱུན་བསྒྲིགས་ནས་འཇོག་མཁན་ལ་མི་ཟེར་བར་“དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞིང་། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་”པའི་རྗེ་ཙོང་ཁ་པ་ལྟ་བུ་དག་ལ་ཟེར་ཞིང་། དེ་ལྟ་བུའི་མི་བོ་ཆེ་དག་ལ་ནི། དཔེ་ཀློག་གི་ཉིན་མོ་ཟེར་ན་དམིགས་བསལ་གྱིས་ཚོར་བ་ཞིག་ཡོད་ངེས་ལ། ཡང་ན་དེ་དག་ལ་ངལ་གསོའི་དུས་ཚོད་ལེགས་ཤོས་དེ་ཡང་ཡིན་ངེས་འདོད།

དོན་དངོས་ཀྱི་དཔེ་ཀློག་པའི་ཁང་པའི་ནང་ལ་དཔེ་ཆ་མང་པོ་ཡོད་ལ། མ་ཟད་དཔེ་ཆ་མང་པོ་ཞིག་གང་སར་བཀྲམས་ནས་ཡོད་སྲིད་པ་ལས། དཔེ་ཆ་དག་དཔེ་སྒྲོམ་དུ་ལྷ་སྐུ་བཞིན་བཤམས་ཏེ། དུས་ཆེན་རེ་འཁེལ་དུས་བསང་གསོ་རེ་གཏོང་བའི་ཚུལ་གྱིས་དཔེ་ཆ་ཀློག་ཁུལ་བྱེད་པའི་ཟོལ་སྟོན་མི་སྲིད། ལྷག་ཏུ་དོན་དམ་པའི་དཔེ་ཀློག་པ་ཞིག་ཡིན་ཚེ། རང་གི་དཔེ་སྒྲོམ་དུ་ཉར་བའི་དཔེ་ཆ་ལྗིད་ཏིག་གེ་བ་དག་གཞན་ལ་ངོམ་སོ་བྱེད་མི་སྲིད་ཨང་།

དཔེ་ཀློག་གིས་རང་ཉིད་ལ་ཤེས་རབ་བསྐྱེད་ཀྱང་། དཔེ་ཀློག་གིས་རང་གི་མི་ཚེ་ལ་འོད་བསྒྲོན། དཔེ་ཀློག་གི་ཐོས་བསམ་ལ་འབད་པས་བྲེལ་བའི་མྱི་དག་ལ། དཔེ་ཀློག་གིས་བསྐྲུན་པའི་བཟང་སྤྱོད་ཀྱི་མཛེས་སྡུག་ཡོད་ལ། དཔེ་ཀློག་གིས་སྦྱིན་པའི་མྱི་ཚེ་ལ་འོད་སྣང་ཡོད། དེའི་ཕྱིར་ན། དཔེ་ཀློག་བྱེད་པའི་ཟོལ་ལ་དགའ་བ་དག་གིས་ཇི་ལྟར་རྣམ་པ་སྙིང་རྗེ་མོ་རེ་བསྟན་ཀྱང་། དཔེ་ཀློག་ཐོས་བསམ་བྱས་པའི་འབྲས་རྟགས་མེད་ཙ་ན། དཔེ་ཀློག་བྱེད་བཞིན་ཡོད་ཅེས་དཔེ་མང་སྤུངས་པའི་དཔེ་སྒྲོམ་རྫིག་པོ་དག་ངོམ་སོ་བྱས་པས་གང་ཡང་མི་ཕན་ནོ།།

བོད་མྱི་མང་དག་ཅིག་གིས་ཉིན་འདིར་དཔེ་ཀློག་བྱེད་པའི་འདུ་ཤེས་སྐྲུན་ཐབས་བྱ་རྒྱུ་མ་ཡིན་པར། དཔེ་ཀློག་ལ་དུས་དྲན་བྱ་རྒྱུ་ཙམ་ལས་ཤེས་ཀྱི་མི་འདུག དཔེ་ཀློག་གི་ཉིན་མོར་རྗེས་ཡོང་ལོ་ལ་དཔེ་ཆ་གང་ཞིག་ཉོ་བ་དང་། དཔེ་ཆ་གང་ཞིག་ལ་བལྟ་རྒྱུ། ཡང་ན་འདས་ལོར་དཔེ་ཆ་ག་ཚོད་ཅིག་ལ་བལྟས་ཟིན་པ་དང་། གང་ཡང་དག་པ་དང་། ཡང་མ་དག་པའི་ཕྱོགས་བསྡོམས་རང་བཞིན་གྱི་འདུ་ཤེས་ཤིག་ཡོད་ན་དགའ་བ་ལ་ཨང་།

མདོར་ན། དཔེ་ཀློག་བྱེད་པར་སྤྲོ་བ་རྒྱས་ཤིང་། དཔེ་ཀློག་གི་འདུ་ཤེས་ཡོད་པའི་མྱི་སྒེར་དང་། ཡང་ན་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་ཤེས་རབ་ལྡན་ལ། ཀུན་སྤྱོད་ལེགས་པ་ཞིག་ཡིན་ངེས། དེ་ནི་རེ་བ་ཡོད་ལ་མདུན་ལམ་ཡངས་པའི་སྒེར་མྱིའམ་ཚོགས་སྡེ་ཞིག་ཡིན་ངེས། དེའི་ཕྱིར་ན། འུ་ཚོས་དཔེ་ཀློག་གི་ཉིན་གཅིག་པུར་དཔེ་ཀློག་བྱེད་ཀྱིན་པའི་ཟོལ་སྟོན་རྒྱུ་མ་ཡིན་པར་དུས་རྒྱུན་དཔེ་ཀློག་གི་འདུ་ཤེས་དང་། དེས་བསྐྱེད་པའི་དཔེ་ཀློག་གི་གོམས་སྲོལ་འཇགས་ཐབས་བྱ་དགོས་པ་དེ་ཡིན།

སློབ་གསོའི་དཔེ་མང་ཀློག་པའི་མི་ནི། དཀྱེལ་ཆེ་ཁོག་ཡངས་ཀྱི་སྐྱེས་བུ་ཞིག་ཡིན་ངེས། གཞུང་ལུགས་རྐྱང་པར་འཐམ་པའི་དཔེ་ཀློག་པ་ནི། གཤིས་གྱོང་སེམས་པ་མ་ནེམ་པའི་མི་ཞིག་ཡིན་ངེས་ན། སློབ་གསོ་དང་གཞུང་ལུགས་ཡ་བྲལ་དུ་མ་སོང་བའི་དཔེ་ཀློག་དེ་ནི། མི་གཤིས་ཡང་དག་སྐྲུན་བྱེད་ཀྱི་བགྱི་བ་ཡག་ཤོས་དེ་ཡིན་པ་ཁོ་བོས་འདོད། དཔེ་མང་འདྲ་མིན་ཀློག་པའི་དཔེ་ཀློག་པ་མང་པོ་ཞིག་གི་དོན་འབྲས་སྨིན་ན་ཅི་མ་རུང་སྙམ་མོ། །