སྤྲིན་དམར། གྱམ་ཤིས།

གནའ་བོའི་ཇ་ལམ་ལྟར་གྱ་གྱུའི་ངང་ནས་རྩི་ཆུའི་ནང་དུ་འདྲེན་པའི་གྱམ་ཆུའི་ཟམ་ཁར་སྒྲོན་སྐྱིད་ནི་ཆུ་ཡི་འགྲོས་ལ་ཅི་མི་སྙམ་པའི་སྒོ་ནས་གཡེང་འདུག་ཅིང་ཁྲ་ཞིང་གོར་བའི་མིག་དེ་ནས་མིག་ཆུ་རྡོག་པོ་ཞིག་ག་ལེར་ཐོན་ཏེ་གློ་བུར་དུ་སུ་ཞིག་གིས་སྤུར་བ་ལྟ་བུའི་རླུང་བུ་ཞིག་བྱུང་ནས་མིག་ཆུ་དེར་ཐོ་ཞིག་རྒྱབ་པས་ཆུ་ཐིགས་གྲངས་མང་ཞིག་ལ་འགྱུར་ཏེ་རྒྱབ་ཕྱོགས་སུ་འཐོར།

རླུང་བུ་དེའི་རྐྱེན་ནམ་ཡང་ན་དོན་གཞན་ཞིག་ཡིན་གསལ་བོར་མི་ཤེས་མོད་སྒྲོན་སྐྱིད་ཀྱིས་དབུགས་རིང་ཞིག་གཏོང་ཞོར་མིག་རྩ་ཕྱི་ཙམ་བྱས་ཏེ་ལག་པས་རུམ་ལ་ཉུལ་ཉུལ་འགའ་བྱས་རྗེས་འཛུབ་གུ་གཉིས་གཤིབ་པ་ལྟ་བུའི་ཁ་པར་ཞིག་བླང་སྟེ་ཁ་པར་གྱི་ཐོག་ནས་འཛུབ་གུས་ཨང་གྲངས་འགའ་མྱུར་མོར་མནན་པས་ལྟས་ཚོད་ལ་ཁོ་མོ་ཨང་གྲངས་དེ་གནོན་པ་ལ་ཤིན་ཏུ་ལོབ་ཡོད་པ་འདྲ།ཨང་གྲངས་གནོན་གྲུབ་རྗེས་ཁ་པར་ཁོ་མོའི་རྣ་རྩར་ཕྱར་ཏེ་ཅུང་ཙམ་ཉན་པས་ཕ་རོལ་ནས་གྲགས་པ་ནི་རང་གི་འཛུབ་གུས་ངལ་བ་སྤྱད་སྟེ་སྒྲུབས་ན་འདོད་པའི་འབྲས་བུ་མ་ཡིན་པར་རང་གིས་མི་གོ་བའི་གཞན་གྱི་སྐད་རིགས་གཉིས་སྔོན་རྗེས་སུ་གྲག ཁོ་མོ་རེ་ཐག་ཆད་པའི་ཉམས་ཀྱིས་ཁ་པར་སླར་ཡང་རུམ་དུ་བཅུག

སྒྲོན་སྐྱིད་ནི་མོ་ལོ་ཉི་ཤུ་ལ་སོན་ཙམ་ཡིན་པས་གཟུགས་སྐྱེ་ལོ་ལུས་ལས་ཀ་སོགས་གང་ལ་བལྟས་ཀྱང་དངོས་གནས་གེ་སར་གྱི་སྒྲུང་ལས་བཤད་པའི་འབྲུག་མོ་ལ་འདི་ལས་ཁྱད་དུ་འཕགས་པ་ཞིག་ཡོད་མི་སྲིད་སྙམ་པའི་བློ་ཞིག་སྐྱེ་སྲིད།
ཁོ་མོ་ལ་འབྲུག་མོ་དང་མི་འདྲ་ས་ཞིག་ནི་ཚེ་རོགས་གེ་སར་འདྲ་ཞིག་དང་གོ་ཐོབ་དཔོན་མོ་ཞིག་མིན་པ་རེད།

དོན་དམ་དུ་བཤད་ན་ཁོ་མོ་ལ་ཡང་ཚེ་གྲོགས་ཞེས་པའི་ཐ་སྙད་སྙན་པོ་འདི་བཀོལ་ས་ཞིག་ལོས་ཡོད་དེ་ཁོ་ནི་ཁོ་མོ་དང་སྡེ་བ་གཅིག་པའི་གསར་བུ་རྩེ་གྲས་ཤིག་ཡིན་ལ་ཁོའི་ཁྱིམ་གྱི་འཚོ་བ་ཡང་སྡེ་བ་འདིའི་རྩེ་གྲས་ཞིག་ཡིན་ཅེས་བཤད་ན་ཆོག་ཅིང་ཁོའི་མིང་དཔལ་ལྡན་ཟེར།

དཔལ་ལྡན་དང་སྒྲོན་སྐྱིད་གཉིས་ལོ་སྔོན་མར་དགོན་པ་ཞིག་གི་དུས་ཆེན་གྱི་ཐོག་ལ་ལྷན་དུ་སོང་སྟེ་ཕན་ཚུན་ལ་རྒྱུས་ལོན་དང་འབྲེལ་འདྲིས་བྱུང་སྟེ་དུས་དེ་ནས་བཟུང་རྟ་བདུན་དབང་པོ་མཁའ་ལ་འཕགས་ཐེང་རེར་མཐོ་རི་བོའི་མགོ་ནས་བརྩེ་གླུ་དང་དམའ་རྒྱ་མཚོའི་འགྲམ་ནས་རྩེད་དགའི་དཔལ་ལ་རོལ་ཏེ་སྒྲོན་སྐྱིད་ལ་མཚོན་ན་ལོ་གཅིག་གི་དུས་ཚོད་དེ་དགོད་སྒྲའི་སྙིང་གཏམ་གྱིས་ཉི་མ་རེ་རེ་བཞིན་འདས་ཏེ་མི་ཚེ་གཅིག་གི་ནང་ཆེས་སྐྱིད་པའི་ལོ་གཅིག་ཡིན་ཞེས་བཤད་ཆོག

ཡིན་ན་ཡང་ཉི་འགའི་སྔོན་སྒྲོན་སྐྱིད་དང་དཔལ་ལྡན་ལ་མོ་སྒང་གི་ཟམ་སྟེང་དེ་ནས་ཁ་བཀར་སྟེ་རང་རང་གི་སར་ནོར་ནག་འདེད་དེ་སོང་བ་ནས་བཟུང་སྒྲོན་སྐྱིད་ཟམ་པ་འདི་ཕ་རོལ་དུ་འགྲོ་མྱོང་མེད།

ཉིན་དེར་སྒྲོན་སྐྱིད་ཟམ་ཁ་དེ་ནས་ཁ་བྲལ་རྗེས་སེམས་དགའ་བའི་དགོད་སྒྲ་ཤིག་ཤིག་ངང་རང་ཁྱིམ་དུ་སོང་བས་ཡ་མཚན་པ་ཞིག་ལ་ཨ་ལགས་གི་དུས་རྒྱུན་མི་ཚོགས་ཀྱི་བར་ནས་ངོམ་སོ་ལྟ་བུས་ཡར་རྒྱུག་མར་རྒྱུག་བྱེད་བྱེད་ཀྱི་རླང་འཁོར་དེ་དང་འདྲ་བ་ཞིག་ཁོང་ཚང་གི་སྒོ་ཁར་བཞག་འདུག ཁོ་མོ་ཡ་མཚན་པའི་མིག་ཟུང་དེ་རླང་འཁོར་སྟེང་ལ་འཕེན་ཞོར་ས་ཁང་དེར་འཛུལ་བ།

དུས་རྒྱུན་ཡིན་ཁོ་མོ་འི་མ་རྒན་གྱིས་ཇ་བཀོལ་ཏེ་ཇ་ཁང་ནས་སྒུག་འདུག་མོད་ཡིན་ཡང་དེ་ཉིན་འཛུམ་ཤིག་ཤིག་གིས་ཁང་ཆུང་དེར་སྒུག་འདུག་པས་ཁོ་མོ་ཡ་མཚན་པའི་ངང་

: ཨ་མ་སྒོ་ཁའི་རླང་འཁོར་དེ་སུའི་རེད།
: ཨེ་བུ་མོ་ཁྱོད་སླེབས་ཡོད་ནས་འདིར་ཤོག་ནས་གཅིག་སྡོད་དང་།
: ཨ་མས་ཁྱོད་ལ་དེ་རིང་དོན་དག་གལ་ཆེན་ཞིག་བཤད་དགོས་འདུག དེ་རིང་ནས་བཟུང་ཁྱོད་ཟོག་རྒྱབ་ལ་འགྲོ་མི་དགོས་ཁྱོད་རང་ད་ནི་ཆེན་པོ་རེད་འདུག་པས་བུ་མོ་ཆེ་ན་འགྲོ་ས་གནས་ཡིན་ཞེས་པ་ལྟར་ཁྱོད་ཀྱང་གནས་ལ་འགྲོ་བའི་དུས་ཚོད་ལ་ཐོན་འདུག ངེད་རྒན་གོག་གཉིས་ཀྱིས་ཁྱོད་ལ་ཁྱོ་ག་ཞིག་བཙལ་ཡོད།
: ཨ་མ་་་་་།
: ཁྱོས་སེམས་ཁྲལ་མ་བྱེད་སྐྱེས་པ་དེ་ནི་ང་ཚོའི་རྫོང་དཔོན་གྱི་བུ་རེད་ཁྱོད་ལ་རྗེས་མ་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡོང་རྒྱུ་རེད།
: དེ་འདྲའི་ཉམས་མྱོང་དང་རྒྱུས་ཅན་གྱི་སྐད་ཆ་གང་མང་ཞིག་བཤད།

སྒྲོན་སྐྱིད་ཀྱིས་སྐད་ཆ་དེ་གོ་རྗེས་རང་ཉིད་ཀྱིས་ཅི་ཞིག་བྱེད་དགོས་དང་ཅི་ཞིག་བཤད་དགོས་པ་ཡང་མ་ཤེས་པར་ཉིན་མཚན་གྱི་རྣམ་པ་འདི་ཇི་ལྟར་འགྱུར་བ་ལ་བརྟག་པ་ལྟར་ཉིན་ཟམ་སྟེང་འདིར་འགྲེང་སྟེ་ཆུ་བོའི་དལ་འགྲོས་དང་རླུང་བུའི་ལྡང་ཕྱོགས་ལ་ཧད་དེ་བསྡད། ཕྱི་དྲོར་ཕྱི་རོལ་གྱི་དབེན་འཇམ་གྱི་འཇིག་རྟེན་ལ་མིག་ཟུང་བགྲད་དེ་སྔོན་གྱི་རྣམ་པ་དག་རེ་རེ་བཞིན་ཕྱིར་དྲན་གྱི་སྣེ་མོར་བཏག་སྟེ་བསྡད།

ཁ་པར་དེ་རུམ་ལ་བཅུག་སྟེ་ཅུང་ཙམ་ཕྱིར་དྲན་གྱི་ཀློང་དུ་གཡེང་དུས་གློ་བུར་དུ་རི་བོ་མཐོན་པོ་དེ་ཕག་ནས་ཉི་མ་ཡལ་ཞིང་། གྲིབ་མ་རང་གི་ལུས་ཐོག་ལ་ཕོག་སྟེ་ལུས་པོ་ལ་གྲང་འདར་ཞིག་བརྒྱབ་པས་ཁོ་མོས་གཞི་ནས་ཉི་མ་ཡང་རི་བོའི་ཕག་ནས་ཡལ་ཏེ་མྱུར་མོར་མུན་པ་གཡུག་གྲབ་ཡོད་པ་ཚོར་བས་མགོ་བོ་གྲང་ཁར་སྨད་དེ་ལྗིད་ལྟིག་ལྟིག་གི་གོམ་ཁ་རེ་རེ་བཞིན་མདུན་ཕྱོགས་གྱི་ཁང་ཁྱིམ་དེའི་ཕྱོགས་སུ་བསྒྱུར།

ཁོ་མོ་རྒྱ་སྒོ་དམར་པོ་ཡིན་པའི་དུད་ཁྱིམ་དེའི་སྒོ་ཁར་ཐོན་དུས་ཅུང་ཙམ་ལང་སྟེ་ངོ་གདོང་སོགས་འཕུར་ཙམ་བྱས་ཏེ་བྲེལ་འཚུབ་ཀྱི་ངང་ནས་ནང་དུ་འཛུལ།

དེ་ནི་ཁོ་མོ་ཚང་ཡིན་ཞིང་ཁྱིམ་གྱི་ཆ་རྐྱེན་ནི་སྡེ་བ་འདིའི་རྩེ་གྲ་མིན་ཡང་དམན་ས་ཡང་མིན་པས་ཁྱིམ་མི་དག་ནི་དུས་རྒྱུན་ཉིན་དཀར་ལས་ཀ་ཅུང་ཙམ་བྱས་རྗེས་དགོང་མོའམ་ཕྱི་དྲོ་ངལ་གསོ་བྱ་བཞིན་བསྡད་ཡོད། ཁོ་མོ་རྒྱ་ར་དེའི་ནང་གི་ཁང་པ་ཆེ་བ་དེར་འཛུལ་བ་ན་ནང་དུ་རང་གི་ནུ་མོ་དང་ཨ་མ་ད་དུང་སྡེ་བ་འདིའི་ལག་བདེ་སྐོར་ཞིག་གིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕོ་ལོག་དང་གྲོ་ཁྲ་སོགས་བཅའ་བཞིན་འདུག་ཅིང་དེ་དག་ལས་སྡེ་བ་འདིའི་བཤད་རྒྱུ་མང་བའི་བུད་མེད་དཔལ་སྒྲོན་གྱིས་

སྒྲོན་སྐྱིད། ཁྱོད་ཀྱི་དོན་དུ་ང་ཚོས་འདི་འདྲ་དཀའ་ལས་རྒྱག་དུས་ཁྱོས་ཅིའི་ཕྱིར་རོགས་མི་བྱེད།

སྒྲོན་སྐྱིད་ཀྱིས་སྐད་ཆ་དེ་གོ་རྗེས་ཅི་ཞིག་དྲན་སོས་པ་ལྟར་མིག་རྩ་དམར་པོར་གྱུར་ཏེ་ཅི་ཙམ་སྲོན་ཡང་བསྲན་མ་ཚུགས་པར་མིག་ཆུ་ཞིག་ཐད་ཀར་གདོང་ཁུག་ནས་མར་གཞུར་བས་ཁོ་མོ་ཁ་ཕྱིར་འཁོར་ཏེ་རང་ཉིད་ཀྱི་ཉལ་ཁང་ཆུང་ཆུང་དེར་བརྒྱུགས།

དཔལ་སྒྲོན་གྱིས་རང་ཉིད་ཀྱིས་བཤད་པ་མ་འགྲིག་པ་རྟོགས་ཏེ་སྒྲོན་སྐྱིད་ཀྱི་རྗེས་སུ་སྙེག ཡིན་ནའང་དཔལ་སྒྲོན་ཁང་ཆུང་དེའི་སྒོ་ཁར་ཐོན་དུས་སྒོ་ནི་སྲ་འཁྲིག་ངང་རྒྱབ་འདུག་པས་ཐེངས་འགར་འབོད་པ་ལས་ཐབས་མ་བྱུང་།

སྒྲོན་སྐྱིད་ནི་ཟད་མཐའ་མེད་པའི་མིག་ཆུ་འདོན་ཞོར་མགོ་རང་གི་ཉལ་ཐུལ་གྱི་ཐོག་ལ་བསྙེས་ཏེ་གནས་འདུག་ཅིང་གློ་བུར་དུ་རུམ་ལ་ཡོད་པའི་ཁ་པར་དེ་འདར་འགུལ་བྱུང་བས་དམར་པོར་གྱུར་བའི་མིག་ཟུང་དེ་ཕྱི་ཞོར་ཁ་པར་མྱུར་དུ་བླང་།

: ཝེ་སྒྲོན་སྐྱིད་ཡིན་ནམ།
: ཡིན།
: ཁྱོད་ཀྱིས་དོན་གྲུབ་མཐོང་སོང་ངམ།
: མཐོང་མ་སོང་ཁྱོད་སུ་ཡིན།
: ང་པད་མ་ཡིན་དོན་གྲུབ་ཀྱིས་ངའི་བུ་མོ་ཁྲིད་དེ་བྲོས་ཚར་འདུག
: ཨེ་བདེན་ན།
: ངོ་མ་ཡིན།

སྒྲོན་སྐྱིད་ནི་ཅི་ཆ་མ་འཚལ་བར་དོན་གྲུབ་ཀྱིས་སྔོན་ནས་བཤད་མྱོང་བའི་སྐད་ཆ་དག་རེ་རེ་བཞིན་ཡིད་ལ་འཁོར།

:ང་ཁྱོད་སར་མཚན་མོ་ཡོང་མི་ཐུབ།
:ང་གཉིས་ཀྱི་འབྲེལ་བ་གཞན་ལ་ཤེས་སུ་མ་འཇུག
: ཁྱོས་ང་ལ་དུས་རྒྱུན་ཁ་པར་མ་བཏང་

2016.5.20ཉིན་གྲུབ།