འཇམ་དབྱངས་མངའ་བ།(མདོ་ལྷོ)

DLཁོ་ཚང་གི་ལྟག་རྒྱབ་ཀྱི་དེའུ་འབུར་ཆུང་ཆུང་དེའི་འགོར་ལངས་ནས་འགྲོ་མིའི་ལུས་སེམས་ཀྱི་དཀའ་སྡུག་དང་ཡིད་མུག་མཐའ་དག་བདུད་རྩི་མཚོ་ལ་བཀྲུས་པ་བཞིན་འདག་པར་བྱེད་པའི་ཞོགས་པའི་ཉི་འོད་འཇམ་པོ་ལ་ངོ་གདོང་གླན་ཞིང་དྭངས་གཙང་གི་མཁའ་དབུགས་ལ་དབུགས་རྒྱུན་གཏད་དེ་ཁོའི་ཉིན་རེའི་ནངས་འདོན་ཏེ《སྤྱོད་འཇུག་སྨོན་ལམ》ལས“ཇི་སྲིད་ནམ་མཁའ་གནས་པ་དང།། འགྲོ་བ་ཇི་སྲིད་གནས་གྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག”ཅེས་པའི་ཤོ་ལ་ཀ་དེ་བསྐྱར་ཟློས་ཡང་ཟློས་བྱ་ཚུལ་ལ་བལྟས་ན་འཇིག་རྟེན་ཆོས་བརྒྱད་ཀྱི་གཉུག་གཤིས་གྲུབ་པའི་མིའི་ཁྲོད་ཇི་འདྲའི་རླབས་ཆེ་ལ་ཕུལ་དུ་བྱུང་བའི་སྐྱེས་བུ་ཡ་མཚར་བསམ་གྱིས་མི་ཁྱབ་པ་ཡོད་མྱོང་ཞིང་ཡོད་པ། ཡོད་སྲིད་པ་ཞིག་རེད་ཨང་སྙམ་བཞིན་ཡོད་ངེས་ཏེ་ལག་ཟུང་ཐལ་མོ་སྦྱར་ཞིང་ཕལ་ཆེར་ངུ་ཞུམ་བྱེད་པ་ལྟ་བའི་སྐད་ཀྱི་སྒྲ་གདངས་དེ་ཁོའི་མཐའ་འཁོར་གྱི་བར་སྣང་ལ་ཆུར་རྡོ་འཕངས་པ་བཞིན་འགུལ་ཞིང་སྐྱོམ།

DLདེའུ་འབུར་དེ་ལས་བབ་པ་དང་ཏག་ཏག་ཁོ་ཚང་གི་ཉིན་རེའི་ནངས་ཇ་འཐུང་ཚད་ལ་ཁེལ་ཡོད་ཅིང་ཁོས་རང་གི་ཁྱིམ་མི་ཚོར་སྒྲིག་ལམ་ཞིག་བཟོས་ཡོད་པ་ནི་ནངས་ཇ་འཐུང་སྐབས་སུའང་མེད་མི་ཆོག་པ་དེ་ཡིན། ཁོའི་བྱིས་པ་གཉིས་རྒྱུན་པར་རང་གི་རྩིབ་ན་མེད་པ་མ་ཟད་ད་ལྟ་སོ་སོས་ཁྱིམ་ཚང་ལྟ་བུ་བཙུགས་ནས་བསྡད་ཡོད་ཀྱང་ཁོ་ཚོའི་སུ་ཞིག་ཡུལ་ལ་ཐོན་ནས་ཤག་འདུག་བྱས་ན་ཞོགས་པའི་ནངས་ཇ་དེར་ཐོན་དགོས་པ་རེད། གསལ་བོར་བཤད་ན་ཉལ་ནས་བསྡད་མི་ཆོག་ལ་རྒྱུ་མཚན་ཅི་རིགས་ལ་ཁ་གཡར་ནས་ནངས་ཇ་མི་འཐུང་བ་དང་ནངས་ཇ་མ་འཐུང་བར་བུད་འགྲོ་བ་དེ་འདྲ་བྱས་མི་ཆོག་པ་མ་ཟད། ནངས་ཇ་འཐུང་སྐབས་ངོ་དྲུད་ནས་འདུག་ཀྱང་མི་ཆོག་པར་ངེས་པར་རང་ཐད་དུ་བསོད་ཅིང་ཕན་ཚུན་འཆམ་མཐུན་གྱི་མཁའ་དབུགས་ཁྲོད་ནངས་ཇ་འཐུང་དགོས་པ་ཡིན། དེ་ལས་འགལ་ན་ཁྱིམ་མི་ཚོརDLཡི་ཉེས་ཆད་ཕོག་པ་སྟེDLཡི་ཆད་པ་གཅོད་སྟངས་ནི་ཁོ་རང་གིས་ཁ་མི་གྲག་ཅིང་ནངས་ཇ་མི་འཐུང་བར་འདུག་པ་དེ་ཡིན། དེར་ཏག་ཏག་ཁོའི་ཁྱིམ་མི་ཚོ་སྐྲག་ཅིང་སུ་ཞིག་གིས་གནས་བབ་དེ་འདྲ་བཟོ་བར་ཞེད་སྣང་སྐྱེས་བཞིན་ཡོད་གཤིས་གནས་ཚུལ་དམིགས་བསལ་བའི་ལོགས་སུ་ཁྱིམ་མིའི་ཁྲོད་ཁོའི་སྒྲིག་ལམ་མི་བརྩི་མཁན་གཅིག་ཀྱང་མེད། ཡང་གཅིག་བཤད་ནDLཡི་སྒྲིག་ལམ་དེའི་འོག་ཁོ་ཚོ་སུའང་སྐྱིད་ནས་ཡོད་ཅིང་སྐྱིད་ནས་ཡོང་བ་རེད་དེ“ཟངས་པ་དང་ཐོམ་བུར་ཆག་སྒྲ་མི་གྲག་ཐབས་མེད”ཡིན་པའི་ཁྱིམ་ཚང་དུ་ཇི་འདྲའི་བཟའ་འཁོན་དང་དཀའ་སྡུག སེམས་གཅོང་ཆེ་བ་བྱུང་ཡང་ནངས་ཇ་དེར་ཁོ་ཚོ་ནམ་ཡང་སྐྱིད་ཅིང་འཆམ་ནས་ཡོད་ལ་ནངས་ཇ་དེས་ནམ་ཡང་ཁོ་ཚོ་སྐྱིད་ཅིང་འཆམ་དུ་འཇུག་པ་རེད།

ཁོས་བཟས་མི་ཚོ་དང་མཉམ་དུ་ནངས་ཇ་དྲོན་པོ་དེ་འཐུང་རྗེས་ལོ་ངོ་བཅུ་ཕྲག་གི་སྔོན་ལ་ཁོའི་མནའ་ཡ་འདང་ཆེན་ཞིག་གིས་བྱིན་པའི་མགོ་ལོག་མདོ་རྟ་དེ་ཞོན་ནས་སྡེ་དམངས་ཚོགས་སར་ལམ་ལ་བུད། མགོ་ལོག་མདོ་རྟ་ནི་རྟ་གཞན་དང་བསྡུར་ན་རྒྱུགས་ན་འགྲོས་མེད་ཅིང་བལྟས་ན་གཟུགས་ཆུང་ཡང་ཁོ་ལ་བཟང་ཆ་ཞིག་ཡོད་པ་ནི་གོམ་ལ་འགྲོ་བ་དེ་ཡིན། DLལ་མཚོན་ན་རང་གི་མནའ་ཡས་བྱིན་པའི་མདོ་རྟ་དེ་གོམ་ལ་འགྲོ་བ་ཙམ་མ་ཡིན་པར་གསར་བའི་དུས་ལ་དོན་དག་སྣ་ཚོགས་ཀྱི་ཁ་ཆར་བུ་ཡུག་ཁྲོད་ཡིད་དང་སེམས་པ་རྟོན་སའི“མ་གཅིག་གི་བྱང་ཁོག་མ་བརྒྱུད་ཅིང་བྲང་གཅིག་གི་ནུ་མས་མ་གསོས”པའི་སྤུན་མཆེད་འདས་པོ་དེས་རང་ཉིད་ནད་ཀྱིས་མནར་བར་མ་འཛེམ་པརDLཡི་བུ་ཆེ་བར་མནའ་མ་ལེན་དུས་ཆེད་དུ་ཁོ་རང་གིས་ཞོན་ཡོང་ནས་བྱིན་པ་ཞིག་རེད། དེ་བསDLལ་དེ་ནི་གསེར་སྲང་བརྒྱ་ལས་རྩ་ཆེ་བའི་དྲན་རྟེན་དུ་གྱུར་ཞིང་ཁོའི་མནའ་སྐྱེལ་སྤུན་ཟླ་དེ་འདས་པ་ནས་རྟ་དེ་མནའ་ཡའི་ཚབ་བྱེད་དུ་མཉམ་འགྲོ་མཉམ་འདུག་ལྟ་བུ་ཆགས་པས་དེང་གི་དུས་སུ་རྟ་ནི་རོལ་རྩེད་ཀྱི་ཡོ་བྱད་ཅིག་ཏུ་ཡེ་ནས་གྱུར་ཚར་ཞིང་འགྲིམ་འགྲུལ་ཡོ་བྱད་དུ་བེད་སྤྱོད་མཁན་ཤིན་ཏུ་དཀོན་པའི་དུས་འདིརDLཡིས་ཞོན་པ་རྟ་དེ་ཞོན་ཞིང་འགྲོ་བ་རྟ་དེ་ཞོན་ནས་འགྲོ་བ་ནི་ཁོའི་གོམས་སྲོལ་ཞིག་ཏུ་ཆགས་ཡོད། དེ་བས་དང་ཐོག་རྒྱལ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་རེ་ཐོན་ནDLནི་ཐེམས་རྒྱུ་མེད་པའི་པར་ལེན་བཅར་འདྲིའི་ཁ་གཏད་དུ་གྱུར་ཡོད་དེ་ཁོས་སྐྱེས་པ་ནས་ད་ལྟའི་བར་རྒྱབ་ལ་ཚི་ལེན་ཞིག་བླངས་མ་མྱོང་ཞིང་ཉ་རིགས་འདབ་ཆགས་ཀྱི་ཤ་ཟས་མ་མྱོང་། མདོ་དབུས་མཐོ་སྒང་འདི་དང་ཁ་བྲལ་མ་མྱོང་། རྫུན་གཏམ་མ་མྱོང་། ཕྲ་མ་བྱས་མ་མྱོང་། ནང་ཆོས་ལ་ལོག་པར་བལྟས་མ་མྱོང་། ཆུང་མ་བླངས་ཕྱིན་ནས་མོར་གཅར་མ་མྱོང་། བུ་ཕྲུག་ཡོད་ཕྱིན་ནས་ས་མཐར་འཁྱམ་མ་མྱོང་།…… མ་འོངས་པར་ཡང་མི་སྲིད། ད་ལྟ་ཡུལ་སྡེའི་དེའི་ཤེས་ཡོན་པ་འགའ་རེDLདང་ཉེ་བར་བཅར་ནས་ཁོའི་མི་ཚེར་རྒྱུས་ལོན་དང་བསམ་སྤྱོད་ལ་ཞིབ་འཇུག སློབ་སྦྱོང་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་སྒང་རེད།

DLསྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སླེབས་དུས་ད་རུང་ཁོ་རང་ཉིད་དང་འདྲ་བའི་མི་རྒན་འགའ་རེ་ལས་སུ་ཡང་ཐོན་མི་འདུག ཁོ་ཚོ་སུས་ཀྱང་སྔ་མོར་སླེབས་པས་དོན་དག་མེད་པར་སྒུག་དགོས་པའི་སུན་སྣང་དེ་ཚོར་ཡོད་ནའང་མི་རྒན་ཁོ་ཚོར་མཚོན་ན་དེང་གི་གསར་བུ་ཚོ་ལྟར་ཞོགས་པའི་དུས་ཚོད་གང་འདོད་ལྟར་སྟོང་ཟད་དུ་གཏོང་བའི་གོམས་ཕྱོགས་དེ་དང་ལེན་བྱ་ཐུབ་མེད་སྟབས་སྔ་མོར་ཡོང་རྒྱུ་ནི་གཡོལ་མེད་ཀྱི་གདམ་ཀ་རིགས་ཤིག་རེད། དེ་བཞིན་ཁོ་ཚོའང་སྒུག་པ་འབའ་ཞིག་གི་བསླུ་བྲིད་དུ་ཚུད་མི་སྲིད་དེ་རྒྱལ་རབས་ནས་གེ་སར། མེས་པོ། བླ་སྤྲུལ། དཔའ་བོ། སྡེ་བར་མྱི་སྐྱེ་ཚུལ། ཁྱིམ་རྒྱུད་ཀྱི་བྱུང་བས་མཚོན་པའི་སྔོན་རབས་པའི་ལོ་རྒྱུས་བགྲོ་བ། གནའ་དེང་གི་མི་དང་གནམ་གཤིས། བསམ་སྤྱོད། འཚོ་བའི་བར་ཁྱད་བསྡུར་བ། ཁ་རྒྱལ་རྩོད་པ། འཇུ་རེས་བྱེད་པ། འགྲིག་འདེད་པའི་རྩེད་འཇོས་ཁོ་ཚོའི་སྒུག་པ་དེ་ཡང་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་འགྲོ་བ་ཡིན།

དེ་རིང་ཡང་ཁོ་ཚོས“སྔོ་ཞིང་བསངས་པའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད། ཡངས་ཤིང་ཆེ་བའི་ས་གཞི། མཛེས་ཤིང་སྡུག་པའི་མེ་ཏོག”ཁྲོད་བླ་མར་མཇལ་བའི་སྒུག་པ། དཔོན་པོ་བསུ་བའི་སྒུག་པ། མགྲོན་པོ་བོས་པའི་སྒུག་པ། མཛའ་མོ་སླེབས་པའི་སྒུག་པ་ལྟ་བུའི་རྫོགས་མེད་ཀྱི་སྒུག་པ་རིགས་ཤིག་ལ་ལོངས་སྤྱོད་བཞིན་འདུག

——

“ …… ཐུམ་པའི་ནད་ནི་མི་དང་སྲོགས་ཆགས་གཉིས་ཀར་འབྱུང་སྲིད་པའི་འཁྲི་འབུའི་ནད་ཅིག་ཡིན། འཁྲི་འབུ་ནི་ཁྱི་དང་སྤྱང་ཀི ཝ་མོ་བཅས་ཀྱི་རྒྱུ་མའི་སྟེང་དུ་ཡོད་པ་དང་འཁྲི་འབུའི་སྒོ་ང་དེ་བཤང་གཅི་དང་བསྟུན་ནས་ཕྱིར་འདེད་པ་རེད། འཁྲི་འབུའི་སྒོ་ང་དེ་ཧ་ཅང་ཆུང་ཞིང་མིའི་མིག་གིས་མཐོང་དཀའ། དེ་ནི་ཁྱིའི་སྤུ་དང་ཁྱི་དུས་རྒྱུན་དུ་རྩེ་བའི་གནས་སུ་ཡོད། མི་དང་རྟ། ནོར་ལུག་བཅས་ཀྱིས་སྒོ་ང་ཟས་ནས་ནད་འགོས་རྗེས། མཆིན་པ་དང་གློ་ལ་སྐྲངས་འབུར་བྱུང་ནས་ཐུམ་འབུའི་ནད་བྱུང་བ་རེད། ཁྱི་དང་སྤྱང་ཀིས་སྐྲངས་འབུར་ཡོད་པའི་གློ་མཆིན་ཟས་རྗེས་རྒྱུ་མའི་སྟེང་དུ་འཁྲི་འབུའི་འབུ་སྒོང་འབྱུང་། འདི་ལྟར་བསྐྱར་ཟློས་བྱས་པ་བརྒྱུད་འབྲོག་ཁུལ་གྱི་མི་རྣམས་ལ་ཐུམ་འབུའི་ནད་འདི་བྱུང་བ་ཅུང་མང་།

ནད་འདི་ཞིན་ཅང་དང་ཀན་སུའུ། མཚོ་སྔོན། ནང་སོག བོད་ལྗོངས་སོགས་སུ་བྱུང་བའི་མི་ཅུང་མང་།”

ང་ཚོས་མིའི་ལུས་སུ་ཐུམ་འབུའི་ནད་བྱུང་བའི་གནས་མི་གཅིག་པ་གཞིར་བཟུང་ནས་གཙོ་བོར་མཆིན་པའི་ཐུམ་ནད་དང་གློ་བའི་ཐུམ་ནད། ཀླད་པའི་ཐུམ་ནད། རུས་ཀྲོང་ཐུམ་ནད་སོགས་སུ་དགར་ཆོག ཡིན་ཡང་འབུ་སྒོང་དེ་རྒྱུན་དུ་མི་དང་སྲོག་ཆགས་ཀྱི་མཆིན་པ་དང་གློ་བའི་སྟེང་དུ་འཁྲི་གནས་བྱེད་པས་ཆེས་རྒྱུན་མཐོང་གི་ནད་རིགས་ནི་མཆིན་པའི་ཐུམ་ནད་དང་གློ་བའི་ཐུམ་ནད་གཉིས་རེད། མི་ཚང་མར་ཐོག་མར་ཐུམ་འབུའི་ནད་འགོས་དུས་ལུས་པོར་མི་བདེ་རྒྱུ་ཅི་ཡང་མེད། ཡིན་ཡང་ཐུམ་འབུའི་སྐྲངས་འབུར་དལ་གྱིས་ཆེ་རུ་ཆགས་ཏེ་མཐའ་འཁོར་གྱི་དབང་བོ་དག་ལ་གནོད་བཙུར་བྱས་ཚེ་ནད་རྟགས་འབྱུང་བ་རེད།

དཔེར་ན་མཆིན་པའི་ཐུམ་ནད་བྱུང་ཚེ་དུས་རྒྱུན་དུ་མཆིན་པར་ན་ཟུག་སྐྱེས་ཤིང་ཐུར་གཟེར་ལངས་ཏེ་ཡི་ག་མི་བཟང་། མཆིན་པའི་ཐུམ་ནད་ཆེ་བ་ཡིས་བྲང་གནད་ཆེ་རུ་གཏོང་ཞིང་གློ་བ་བཙན་གྱི་མནན་ཏེ་དབུགས་འབྱིན་རྔུབ་བྱེད་དཀའ། གློ་བའི་ཐུམ་ནད་ཡིན་ཚེ་རྒྱུན་ལྡན་དུ་བྲང་གཞུང་ན་བ་དང་གློ་བའི་ཐུམ་ནད་ཆེ་བ་ཡིན་ཚེ་གློ་སྦུག་ལ་གནོན་བཙུར་བྱས་ཏེ་སྐམ་ལུད་བྱེད་པ་དང་གློ་བའི་ཡན་ལག་དག་མནན་ཏེ་དབུགས་འབྱིན་རྔུབ་བྱ་དཀའ་བའི་གནས་ཚུལ་འབྱུང་། ནང་ཁྲོལ་གཞན་དག་སྟེ་ཀླད་པ་དང་མཁལ་མ། སྙིང་སོགས་ཀྱི་ཐུམ་ནད་ནི་གོང་སྨྲོས་ཀྱི་ནད་ལས་ཀྱང་ཚབས་ཆེ། ནད་ཕོག་པ་ཧ་ཅང་ལྕི་ཚེ་འཆི་བའི་སྣང་ཚུལ་ཡང་འབྱུང་།

ནད་འདི་སྔོན་འགོག་བྱ་རྒྱུ་ཧ་ཅང་གལ་ཆེ། གཙོ་བོ་རྒྱུན་དུ་ལག་པ་བཀྲུ་དགོས་པ་དང་ཁྱི་དང་རིང་བོར་མི་རྩེ་བ། ཟ་མ་ཚོས་མེད་པ་མི་ཟ་བ། ཆུ་ཁོལ་འཐུང་བ་བཅས་བྱས་ན་འབུ་སྒོང་གིས་བཙོག་སྒྱུར་བྱས་ཡོད་པའི་དངོས་པོ་དང་ཟ་མ། ཆུ་ལ་རིང་དུ་གྱེས་ཏེ་ནུས་ལྡན་གྱི་སྒོ་ནས་ཐུམ་ནད་ལ་སྔོན་འགོག་བྱ་ཐུབ། གལ་སྲིད་ཁྱིམ་ན་ཁྱི་གསོས་ཡོད་ཚེ་དུས་བཀག་ཏུ་འཁྲི་འབུ་གསོད་དགོས། ཁྱི་དང་རྩེ་རྗེས་དུས་ཐོག་ཏུ་འདག་རྫས་དང་ལག་འདག་གིས་ལག་པ་བཀྲུ་དགོས། དེ་ལས་གཞན་ཐུམ་པའི་ནད་ཡོད་པའི་ནོར་ལུག་གི་ནང་ཁྲོལ་དེ་ཁྱི་ལ་གཏན་ནས་སྟེར་མི་རུང་བར་ཐད་ཀར་མེ་ལ་སྲེག་པའམ་ས་འོག་ལ་སྦ་དགོས”

སྒུག་སྒུག་པའི་འབྲས་བུ་ནི་ཁུལ་ཐོག་ནས་ཡོང་བ་ཡིན་ཤོས་ཀྱི་སྨན་པ་འདྲ་འདྲ། ཚོང་བ་འདྲ་འདྲ། དགེ་རྒན་འདྲ་འདྲ་དེ་དག་གི་ཐུམ་ནད་ཅེས་པ་དེའི་འབྱུང་ཁུངས་དང་རང་བཞིན། ཁྱབ་ཁོངས། རྟགས་མཚན། ཚད་གཞི། སྔོན་འགག་བྱ་ཐབས་བཅས་ལ་སློབ་སྦྱོང་བྱ་རྒྱུ་དེ་རེད་ལ་ཁོ་ཚོས་སྐབས་འགར་ཕན་ཚུན་ལ་གྲོས་མོལ་བཞིན་པ་འདྲ་བ། སྐབས་འགར་ཡི་གེའི་སྦྱོར་ཀློག་སློབ་བཞིན་པ་འདྲ་བ། སྐབས་འགར་བཀའ་འབབ་བཞིན་པ་འདྲ་བས་ངང་སློབ་གྲྭ་བའི་ཅོག་ཙེའི་སྒང་ནས་ཡིག་ཆའམ་ཤེས་བྱ་དེ་བརྒྱུད་བསྒྲགས་བྱས་ཚར་རྗེས་དོན་དག་གལ་ཆེན་ཞིག་གྲུབ་པ་ལྟ་བུར་དགའ་དགའ་སྤྲོ་སྤྲོས་རྡུལ་འཚུབ་སྤུར་བའི་རླངས་འཁོར་དུ་ཕྱིར་མདའ་ཕངས་པ་ལྟར་ཆས་སོང—ཁོང་ཚོ་ཐོན་པ་འཛམ་གླིང་ཐོག་ཆེས་དལ་བའི་མེ་གླིང་ལྷོ་མའི་སྲོག་ཆགས་ནགས་ཀྱི་ལེ་ལོ་ཅན(树懒)དང་འདྲ་ལ་ཁོང་ཚོ་འགྲོ་བ་འཇིག་རྟེན་དུ་ཆེས་མགྱོགས་པའི་འོད་ཀྱི་མྱུར་ཚད་དང་འདྲ།

གནས་ཚུལ་དེསDLཡིས་མཚོན་པའི་ཡུལ་དེའི་འབྲོག་པ་མང་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་འབྲས་ཐོན་ངེས་ཅན་ཡིན་ཏེ་དེ་ནི་ཁོ་ཚོ་སྐྱེ་བ་ནས་གནས་མལ་དུ་གྱུར་བའི་འཚོ་གནས་དང་ཐད་ཀར་འབྲེལ་བའི་ཟུར་ཞིག་ཡིན་པ་རེད། DLཡིས་རང་ཉིད་ཀྱི་མཐའ་འཁོར་ནས་གློ་སྙིང་མཆིན་མཁལ་གྱིས་ཁྱེར་བའི་འདས་པོ་གང་མང་ཞིག་ཅི་ཡིན་འདི་ཡིན་ཆ་མ་འཚལ་བའི་ངང་གློ་བུར་གྱེས་སོང་བ་རེ་རེ་བཞིན་དྲན་སོས་ཤིང་དེ་དག་ཐམས་ཅད་གཅིག་བྱས་ན་ཐུམ་ནད་དང་འབྲེལ་སྲིད་ཅིང་ཐུམ་ནད་དང་འབྲེལ་ན་སྒོ་ཁྱི་དང་ཡང་མ་འབྲེལ་རང་འབྲེལ་ཞིག་ཆགས་འདུག་སྙམ། དེ་ལྟར་ཁོ་རང་སྒོ་ཁྱི་ལ་འཇིགས་སྣང་སྐྱེ་འགོ་ཚུགས་ཤིང་དྲང་མོར་ལངས་ནས་འགྲོ་ཐུབ་པ་ནས་རང་ཁྱིམ་གྱི་སྒོ་ཁྱི་དག་དང་འབྲེལ་འདྲིས་བྱས་ནས་ཡོང་བར་འགྱོད་པ་སྐྱེས། “ངས་རང་གི་འཚོ་བའི་ཁྲོད་དུ་ཐུམ་ནད་ཟེར་བ་ཞིག་ཡོད་པ་ཅི་ཞིག་ལ་ད་བར་དུ་མ་གོ་བ་ཡིན་ནམ” དེ་ནས་ཁོས་རང་གི་མཐའ་འཁོར་གྱི་མི་སུས་དོན་དག་འདི་ཤེས་སྲིད་པར་མནོ་བསམ་བཏང་། “སྔོན་རབས་པས་ཤེས་སམ། ཐག་གིས་མི་ཆོད། མནའ་ཡ་མགོན་སྐྱབས་ཀྱིས་ཤེས་སམ། ཁོའི་ཁ་ནས་ཐུམ་ནད་ཟེར་བ་འདི་གོ་མ་མྱོང་། ཆུང་མས་ཤེས་སམ། མོ་ནི་ངའི་མི་ལོ་བཞི་བཅུའི་ཉིན་མཚན་དུས་དྲུག དབྱར་དགུན་སྟོན་དཔྱིད་ཀྱི་ལག་རྡང་སྦྲེལ་ས་ཡིན། མོས་ཤེས་ན་ང་ལ་བཤད་ཁོ་ཐག་ཡིན། རང་གི་བུ་མོས་ཤེས་སམ། མོས་སློབ་ཆེན་ནས་བཏོན་པ་རྩོམ་རིག་དང་འབྲེལ་བ་ཞིག་ཡིན་ཤོགས། མོས་ཤེས་པར་བྱས་ཀྱང་གོ་ཐོས་ཙམ་ཡིན་སྲིད། རང་གི་ཞི་ལི་ཆེ་བས་ཤེས་སམ། དེ་ནི་མི་ཤེས་ཁོ་ཐག ཁོ་ནི་ངའི་རྒྱུད་འཛིན་པ་ཡིན་ལ་འཚོ་བའི་ཤེས་བྱ་ཕལ་མོ་ཆེ་ང་ལས་བསླབ་པ་ཡིན། རང་གི་ཞི་ལི་ཆུང་བས་ཤེས་སམ། དམ་ཆོས་ཀྱི་གཞུང་དུ་ཕལ་ཆེར་ཐུམ་ནད་ཟེར་བ་འདི་མེད་ཤག དེ་བས་ཁོས་བརྒྱ་ཆའི་གོ་དགུ་མི་ཤེས། འོ་ན། དོན་འདི་ཤེས་མཁན་ཡོད་སྲིད་དམ”ཁོས་ཇི་ལྟར་གཞིག་ཀྱང་རང་གི་མཐའ་འཁོར་དུ་དོན་འདི་ཤེས་མཁན་རྙེད་མ་བྱུང་། དེ་བས་ཁོས་རང་སེམས་གསོ་ཕྱིར“གཅིག་ཐང་ན་རང་གིས་མ་གོ་བ་མ་གཏོགས་སྔ་མོ་ནས་ནད་འདིའི་སྐོར་གྱི་བཤད་རྒྱུན་རེ་ཡོད་ཀྱང་སྲིད”པར་གཏན་ལ་ཕབ།

རེད་དེ་ཁོའི་གནད་དོན་དེ་ཙམ་གྱིས་གཏིང་ཡལ་བར་མ་གྱུར། “ངས་ཤེས་པས་ཅི་ལ་ཕན”དེ་མུར་ཁོའི་སེམས་ལ་ཟུག་གསེར་ལངས་པའི་སྡུག་བསྔལ་ཆེན་པོ་ཞིག་སྐྱེས། “ང་ནི་སྨན་པ་མིན་ལ་ཚན་རིག་པ་མིན། བླ་མ་སྤྲུལ་སྐུ་མིན་ལ་འགོ་བ་དཔོན་པོ་མིན། ཐ་ན་དགེ་རྒན་ཞིག་ཀྱང་མིན། སྡེ་བའི་ནང་དུ་དོན་དག་ཅི་ཡོད་ལ་བསམ་འཆར་འདོན་ཞིང་གཟུ་བྱ་བ། ཁ་ཏ་བསླབ་བྱ་གཏོང་བའི་རྒད་པོ་རྒོད་པོ་ཞིག་ཡིན་པ་དེ་ཡིན། དེ་བས་ངས་ཤེས་ཀྱང་ཕན་ཅི་ཞིག་ཐོགས”

ཕྱི་དྲོར་ཁོས་རང་ཁྱིམ་གྱི་སྒོ་ཁྱི་དེ་ཁང་བའི་ཕྱི་རོལ་དུ་བཏགས་རྗེས་ཤུགས་རིང་ཞིག་ཕྱུང་ནས་དགོང་ཁའི་མཚམས་སྤྲིན་ལ་བཅར་འདུག

——

DLསྔ་མོ་ནས་མལ་དུ་ཉལ་ཡང་རྨི་ལམ་གྱི་ཞིང་ཁམས་འགྲིམ་མ་ཐུབ། རྒྱུན་ལྡན་དུ་བྱས་ན་ཁོས་ད་ལྟ་རྨི་ལམ་གྱི་ཞིང་ཁམས་སུ་གསར་བུའི་དུས་སུ་གཡག་ཞོན་ནས་ཁ་ཡ་ན་ཟླའི་བུ་མོ་ཚོ་དང་གླུ་ཤགས་འཕེན་རེས་བྱེད་པ་དང་གྲོགས་པོ་ཚོ་དང་ལྷན་དུ་ཆུ་ལ་རྐྱལ་བ། ཨ་རོགས་བདའ་བ། ཡང་ན་དགུང་སྔོན་མཐོན་པོར་ལག་ཟུང་བརྐྱངས་ནས་འཕུར་བཞིན་པ། བུ་དང་བུ་མོས་ཁོ་ཚོ་དང་འདྲ་བའི་བུ་དང་བུ་མོ་རེ་སྐྱེད་དེ་བདེ་ཞིང་སྐྱིད་པར་ཡོད་པ་ཏག་ཏག་རྨི་བ་ཡིན་མོད་འཁོར་བའི་ཁྲོད་ཀྱི་གནོན་ཤུགས་གང་གིས་ཀྱང་ཁྱུར་མིད་གཏོང་མ་ཐུབ་པའི་རྨི་ལམ་ཡག་པ་དེ་དག་དེ་དགོངDLཡི་འཇིག་རྟེན་དང་རྩ་ནས་ཁ་ཐག་རིང་བར་སོང་འདུག ཁོའི་རྣ་ལམ་དུ་ཁུལ་ཐོག་ནས་ཡོང་བ་དེ་དག་ཁྲོད་ཀྱི་ནུབ་ཆས་ནག་པོ་གྱོན་ཞིང་གོང་མདུད་དམར་བོ་བརྒྱབ་ཡོད་པ། ངོ་གདོང་སྐྱ་ལ་ལུས་ཕུང་རྒྱགས་པ། སྨིན་མ་མཐུག་པོའི་འགབ་ཏུ་མིག་ཤེལ་མདོག་མེད་ཞིག་རྣ་བ་ཙུ་གུ་འདྲ་བ་གཉིས་ཀྱི་བར་དུ་དཔྱངས་ཏེ་སྐད་ཆ་རེ་བཤད་རྗེས་འབུར་ཚུགས་སུ་མངོན་པའི་མིག་གཉིས་ཀྱིས་ཡར་མར་ལ་མྱུར་ཞིབ་བྱེད་ཅིང་དེ་ནས་ཡང་སྐད་ཆ་རེ་བཤད་དེ་སྒམ་ཚིགས་ཀྱིས་འགྱིང་བའི་མི་དེས་ཁོ་ཚོའི་འདུ་བྱེད་དེ་མཇུག་རྫོགས་ཁར“མིའི་རིགས་ཀྱི་ལོ་རྒྱུས་ནི་ནད་ཡམས་ལ་རྒོལ་བའི་བརྒྱུད་རིམ་ཞིག་ཡིན་པའི་བཤད་སྟངས་ཤིག་ཀྱང་ཡོད། གང་ལྟར་འབྲོག་པའི་འཚོ་བ་དང་ཧ་ཅང་ཉེ་བའི་ཐུམ་ནད་དང་བཅོས་ཐབས་ཡོད་མེད་གཉིས་ཀྱི་མཚམས་ན་ཡོད་པའི་ཨེ་ཙིའི་ནད། ཆ་འཕྲིན་དུས་རབས་ཀྱིས་ང་ཚོར་དཔལ་ཡོན་སྐྲུན་ཞོར་བཟོས་པའི་གནམ་གཤིས་དྲོ་འགྱུར་དང་ཟས་དང་ཁོར་ཡུག་གི་གད་སྙིགས། ཆུ་དང་མཁའ་དབུགས་བཙོག་སྒྱུར། ལྷག་པར་རང་རེའི་མི་ལ་ཚན་རིག་ཤེས་བྱའི་རྒྱུན་ཤེས་མེད་ཅིང་རྒྱུན་པར་ཁ་ཆར་ཙག་རླུང་གི་ཁོར་ཡུག་ཁྲོད་འགྲོ་འདུག་བྱེད་དགོས་པའི་འཚོ་བའི་འཁོར་སྐྱོད་ཀྱིས་རང་རེར་རང་དབང་ཡོད་ལ་མེད་པའི་འཕྲོད་བསྟེན་གྱི་དཀའ་ངལ་གང་མང་བཟོས་ཡོད་པ་ཡིན་ཀྱང་གནོད་འཚེ་མང་ཆེ་བ་ཞིག་ལ་ང་ཚོས་གདོང་ལེན་བྱེད་ཐུབ་པ་རེད་དེ་དུས་རྒྱུན་འཚོ་བའི་ཁྲོད་ལག་པ་གཙང་མར་བཀྲུས་ཏེ་ཟས་ཟ་བ་དང་ཁ་ཟས་རུལ་བ་དང་མི་གཙང་བ། མ་ཚོས་པ། སྣུམ་མང་དྲགས་པ། རྒྱུ་སྤུས་ཞན་པ་མི་ཟ་བ། ཁྲུས་བྱེད་པ་རྒྱུན་སྐྱོང་བ། གྱོན་གོས་རློན་པར་མི་གྱོན་པ། སྨད་འཚོང་མ་མི་བསྟེན་པའམ་གསང་ཤུབས་གྱོན་དང་གྱོན་དུ་འཇུག་པ། ཁྱིམ་ཕྱགས་གང་སར་མི་འཕེན་པ། མི་གཅིག་གིས་རླངས་འཁོར་རེ་སྐོར་ཏེ་ཡིན་མདོག་ཁ་བོ་མི་སྟོན་པ། ནད་རྟགས་བྱུང་ཚེ་དུས་ལྟར་སྨན་པར་སྟོན་པ། སྒོ་ཕྱུགས་ལ་རྒྱག་འོས་ཀྱི་འགོག་སྨན་དུས་ལྟར་རྒྱག་པ་སོགས་ནི་ང་ཚོས་ནུས་ཀྱང་ནུས་ལ་ནུས་དགོས་ཀྱང་དགོས་པའི་ཀུན་གཅེས་རང་བདག་གི་འགན་འཁྲི་ཞིག་རེད། དེ་ན་འདིར་ཞུགས་འབྲོག་པ་མང་ཚོགས་ཚོས་ཡང་དག་པའི་ཚན་རིག་ཤེས་བྱས་ལམ་སྟོན་བྱས་པའི་རྒྱུན་ཤེས་སློབ་སྦྱོང་དང་དང་ལེན་བྱས་ཏེ་རང་གི་ཚེ་སྲོག་དང་བཟའ་མིའི་བདེ་ཐང་ལ་འགན་ཁུར་རྒྱུ་ང་མི་གྱི་ན་བ་འདིས་རང་སེམས་དཀར་བོ་དར་དུ་ཕྱར་ནས་ལྷན་རྒྱས་ལ་སྐུ་མཁྱེན་གསུང་འཁྱེན་ཞུ་བ་ཡིན……”ཚུལ་བཤད་པ་དེ་རེད། DLཡིས་ཁོའི་སྐད་ཆ་དེའི་ཁྲོད་ཀྱི་མང་ཆེ་བར་རྒྱུས་ལོན་བྱ་ཐུབ་ཀྱང་གཏིང་ཟབ་མོ་ཞིག་ཡེ་ནས་རྒྱུས་ལོན་བྱ་མ་ཐུབ། དཔེར་ན་གནམ་གཤིས་དྲོ་འགྱུར་དང་མི་གཅིག་གིས་རླངས་འཁོར་རེ་སྐོར་མི་འོས་ལྟ་བུ། ཡང་གཅིག་བཤད་ན་དེ་དག་བར་གྱི་འབྲེལ་བ་རྒྱུ་འབྲས་ཁ་གསལ་བོ་ཞིག་རྟོགས་པར་མ་གྱུར། ད་ལྟ་ཁོ་ལ་འདོད་ཚུལ་ཞིག་ཡོད་པ་ནི་ཡང་བསྐྱར་རང་སྡེ་འཚོགས་སར་དོན་འདི་དག་གི་སོ་སོའི་གོ་བ་ལེན་སྟངས་བསྡུར་བ་ཞིག་བྱ་དགོས་ཤིང་དེ་ལ་གཞི་བྱས་ནས་རང་ཉིད་རྒན་གྲས་སུ་ཡོད་རྐྱེན་བསམ་བློ་བརྗེ་རེས་ལྟ་བུས་མདོ་བཟུང་སྟེ་ལག་ལེན་དུ་འདེབས་ཐབས་བཙལ་འདོད་པ་དེ་རེད།

དེ་མཚམས་ཁོའི་ཡིད་ལ་དོན་བཟང་ཞིག་དྲན། དེ་ནི་ཚོགས་འདུ་དེ་གྲོལ་ཁར་སྡེ་དཔོན་རྟ་མགྲིན་སྐྱབས་ཀྱིས“ཉིན་ཁ་ཤས་ཀྱི་སྔོན་ང་ཚོ་མགོ་འདྲེན་ཚོས་རང་སྡེའི་གཞི་དང་མི། འདུན་མ་ཨ་ལགས་ཚང་ལ་ཞུས་པ་ཡིན། ཁོང་ཚང་རང་སྡེ་ལ་ཆོས་འབྲེལ་ཟབ་ཅིང་སྐུ་དྲིན་ཆེ་བ་ཚང་མའི་སེམས་ན་གསལ་བ་དེ་རེད། དེ་ན་ཁོང་གིས་སྐུ་ཚེགས་དཀའ་ངལ་ལ་མ་འཛེམ་པར་ཕྱག་མོ་ལུང་བསྟན་བབ་པ་ནི་རང་སྡེས《གདུགས་དཀར་མཆོག་གྲུབ་མ》ཉིན་གསུམ་ལ་ནན་སྒྲུབ་བྱ་དགོས་ཤིང་དེའི་རྗེས《གདུགས་དཀར་བཟློག་ཆེན》འཕེན་དགོས་འདུག་གསུང་བྱུང་བས་སྡེ་བའི་མི་སུ་ཡང་ཁ་འཆམ་གྲོས་འགྲིག་གིས་མ་ཡོང་ན་མི་ཆོག་ལ་ཉིན་གསུམ་ལ་སྒྲུབ་ཚར་བ་བྱས་ནས་སྒར་གྱི་ཨ་ཁུ་འགའ་ངེད་ཅག་གིས་གདན་དྲངས་ཡོད། ཁོང་ཚོས《གདུགས་དཀར་བཟློག་ཆེན》འཕེན་རྒྱུ་རེད་དེ་འཕངས་ཚར་བ་དང་སྡེ་བས་སྡེ་བསང་ཕུད་དེ་ཚོགས་འདུ་ཞིག་ཀྱང་བསྡུ་རྒྱུ་ཡིན། དེ་ན་གནངས་ཉིན་ནས་འགོ་རྩོམ་རྒྱུ་ཡིན་པས་ཚང་མ་དུས་ལྟར་ཐོན་རྒྱུ་མ་བླས་མ་གཏད”ཟེར་བ་དེ་རེད།

བསམ་གྱིན་བསམ་གྱིནDLཡི་རྣམ་རིག་ཇེ་གསལ་ནས་ཇེ་གསལ་དུ་སོང་བས་ཁོས་མགོ་བོ་སྔས་འབོལ་ནས་ཟུར་ལ་ཅུང་འཁོར་ནས་གན་གྱི་ཙན་དན་ཕྲེང་བ་ཟད་པོ་དེ་ཧ་ཅང་གོམས་ལོབས་སུ་སོང་བས་མུན་ནག་ཏུ་ལག་བསྙབས་ཤིག་བྱས་ནས་བླངས་ཤིང་ངོ་ལ་འཛུམ་བག་ཅིག་དོད་ནས་འདྲེན་བཞིན་མུ་མཐུད་སྐབས་དེར་ཅི་ལྟར་གླེང་སློང་སྟེ་གང་ལྟར་གཙོ་གནད་དུ་ཞུགས་པ་དང་ཇི་ལྟར་ལག་ལེན་དུ་འདེབས་པར་མདོ་འཛིན་བྱ་རྒྱུར་གྲ་སྒྲིག་གི་འཆར་རིས་ཕབ་བཞིན་སྐར་ཚོགས་ཀྱི་འཛུམ་སེར་ཕྲེང་བསྟར་སྒྲིག་ཅིང་སྒོ་ཁྱིའི་ཟུག་སྐད་ཀྱི་མཉམ་སྒྲོག་རོལ་མོའི་ཁྲོད་མཚན་མོ་དེ་ཕར་ལ་སྐྱེལ།

——

ཆར་བ་སམ་སིམ་ཞིག་ཆད་མེད་དུ་འབབ་ཅིང་སྐབས་འགར་མི་མང་གི་ཧབ་ཆ་རེའང་རྣ་ལམ་དུ་རྒྱུ་ཡོང་། Mསྡེ་བའི་བཅའ་བ་རིམ་གྲོ་དུས་ལྟར་ལེགས་པར་གྲུབ་འདུག་ཅིང་ད་ལྟ་སྡེ་བའི་གསར་བུ་འགས་སྦྱིན་བདག་བྱས་པའི་སྟོན་མོ་ལྟ་བུའི་ཁ་ཟས་ལ་ལོངས་སྤྱོད་བཞིན་པའི་སྒང་རེད། ཁོ་ཚོ་ཐམས་ཅད་སྡེ་དམངས་ཨུ་ལྷན་གྱི་ཁང་ཤག་ཆེ་ཤོས་དེར་འཚང་འདུག་ལ་མི་མང་བས་ཤེལ་ཁང་གི་བར་འཁྱམ་དུའང་སྡེར་ཁ་སྒྲིག་སྟེ་དེར་ཡང་མི་མང་བོ་འཚང་ཁ་བརྒྱབ་ནས་འདུག དགོན་པའི་འདུ་ཁང་གི་གྲལ་གདན་བཏིང་སྟངས་ལྟར་ཕྱིང་སྟན་ཁ་ཆུ་དཀར་བོ་ཅན་རེ་རེ་མཐུད་དེ་བཀྲ་དག་པར་བཏིང་བའི་ཐོག་མི་རྣམས་ཀྱང་རྒན་གཞོན་ལྟར་གྲལ་ཡག་པོར་སྒྲིག་ནས་བཞུགས་ཤིངDLནི་ཆེད་དུ་མང་ཚོགས་ལ་ཁ་འཁོར་ནས་བཏིང་བའི་ཕྱིང་བའི་སྟན་དེར་འདུག་ཅིང་ཁོའི་གམ་དུ་སྡེ་དཔོན་དང་མི་འགའ་ལས་ད་རུང་སློབ་གྲྭའི་དགེ་རྒན་འགའ་དང་སྡེ་བའི་སྨན་ཁང་གི་སྨན་པZཡང་གྲལ་དེའི་གྲལ་རྔ་ཟིན་པ་ཙམ་གྱིས་ཆེ་སར་བཞུགས་འདུག དེ་མིནMསྡེ་བ་ནི་མི་རིགས་ཀྱི་སྲོལ་རྒྱུན་རྔམ་མཐུག་པའི་སྡེ་བ་ཞིག་ཡིན་ཞིང་དེང་གི་ཆ་རྐྱེན་ཡང་ལྟོས་ས་ལྟོས་འཇོག་གིས་སྔོན་དུ་ཐོན་པར་བཤད་ཆོག་ལ་སྡེ་བ་གཞན་པར་མེད་པའི་གོམས་སྲོལ་ཁྱད་པར་བ་རེ་ཡོད་པ་ནི་སྡེ་བར་སྐྱིད་སྡུག་ཅི་ཡོད་ན་དེར་སྡོད་པའི་དགེ་རྒན་དང་སྨན་པས་མཚོན་པའི་མི་ཐམས་ཅད་ཐོན་དགོས་ཤིང་དེ་བཞིན་མི་དེ་དག་ལ་སྐྱིད་སྡུག་ཅི་བྱུང་ནMསྡེ་བའི་མི་རྣམས་ཀྱང་བརྒྱ་ཁ་མཉམ་གྲག་གིས་འགྲོ་དགོས་པ་དེ་ཡིན། གོ་སྐབས་དེ་དང་བསྟུན་ནསDLཡིས“ས་ཆའི་ཚོད་ཀྱི་རི་དྭགས”སུ་གྲགས་པའི་དགེ་རྒན་བན་ཏེ་རྒྱལ་ལ་ཁོ་རང་གི་གནད་དོན་དང་འབྲེལ་བའི་གཏམ་བཤད་ཅིག་སྤེལ་རྒྱུའི་རེ་བ་ཞུས་ཤིང་ཁོས་ཀྱང་ཡིད་ཆེས་བརྟན་པོའི་ངང་དང་ལེན་བྱོས།

ཁོས་གཙང་ཤོག་གིས་ཁ་ལག་ཅིག་ཕྱུས། དཀར་ཡོལ་འབྲུག་རིས་མ་དེ་ནས་འོ་ཇ་ཧུབ་གང་འཐུང་ནས་མི་ཆུང་ཁ་བདེའི་དོན་འདུ་ལ་འབྲུ་དག་པའི་ངག་རྩལ་དེ་འདུ་ར་དེར་ཡང་ངོམ་འགོ་ཚུགས།

“གནམ་གཤིས་འགྱུར་ལྡོག་ཅེས་པས་དུས་ཡུན་རིང་བོའི་གནམ་གཤིས་གནས་ཚུལ་གྱི་འགྱུར་ལྡོག་སྟོན་ཏེ་སྤྱིར་བཏང་དུས་སྐབས་མི་འདྲ་བའི་ནང་གི་དྲོད་ཚད་དང་ཆར་བ་འབབ་ཚད་ཀྱི་རིང་བ་ལོ་དུང་ཕྱུར་དང་ཐུང་བ་ལོ་རེའི་ནང་གི་ནམ་ཟླའི་རྒྱུ་རྐྱེན་གྱི་སྡོམ་རྩིས་ཚད་གཞི་ལས་མངོན་དགོས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དོན་ཚན་དང་བོའི་ནང་མིའི་རིགས་ཀྱི་བྱེད་སྒོས་རླུང་ཁམས་ཆེན་མོར་འགྱུར་ལྡོག་བཟོས་པའི‘གནམ་གཤིས་འགྱུར་ལྡོག’དང་རང་བྱུང་རྒྱུ་རྐྱེན་ལ་གཏོགས་པའི‘གནམ་གཤིས་འགྱུར་ཕྱོད’དུ་སོ་སོར་ཕྱེ་ཞིང་གནམ་གཤིས་འགྱུར་ལྡོག་གི་ནད་རྟགས་གཙོ་བོ་ནི་གོ་ལ་ཧྲིལ་བོའི་གནམ་གཤིས་དྲོ་འགྱུར་དང་སྐྱུར་ཆར། དྲི་ངན་དབྱང་རླུང་གི་བང་རིམ་གཏོར་བརླག་གསུམ་ལས་གནམ་གཤིས་དྲོ་འགྱུར་དེ་ནི་མིའི་རིགས་ཀྱི་མ་འོངས་པར་འབྲེལ་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།

གནམ་གཤིས་འགྱུར་ལྡོག་དེ་རང་བྱུང་ནང་གི་འཕེལ་རིམ་དང་ཕྱིའི་བཙན་ཤེད། མིས་རྒྱུན་མཐུད་དུ་རླུང་ཁམས་ཆེན་མོའི་གྲུབ་ཆ་དང་ས་ཆ་བེད་སྤྱོད་ཚུལ་གྱི་འགྱུར་ལྡོག་སྟེ་ཕྱི་ནང་གཉིས་ཀར་འབྲེལ་བའི་རྐྱེན་ཡོད་སྲིད་ཚུལ་ད་ལྟ་སྨྲ་ཞིང་དེས་གཙོ་བོ་གནོད་འཚེ་རང་བཞིན་གྱི་དོན་རྐྱེན། འཁྱག་ཀླུང་དང་གངས་གསོག་ཞུ་མགྱོགས་པ། ཆུའི་ཐོན་ཁུངས་ཁྱབ་ཚུལ་དོ་མཉམ་མེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་འཇིགས་སྐུལ་ཐེབས་པ། རྒྱ་མཚོའི་ངོས་མཐོ་རུ་ཕྱིན་ཏེ་མཚོ་རྒྱུད་ས་ཁུལ་ལ་ཆུ་ལོག་དང་ཞོད་སྐྱོན། རླུང་འཚུབ་གཡུགས་པའི་གནོད་འཚེ་ཚབས་ཆེན་བཟོ་བ་དང་གླིང་ཕྲན་རྒྱལ་ཁབ་ཆུང་གྲས་དང་མཚོ་རྒྱུད་གཤོང་སའི་ཞིང་སོགས་མཚོས་བསྣུབས་པའི་འཇིགས་སྐུལ་བྱུང་ཡོད་ཅིང་དེས་ཞིང་ནགས་འབྲོག་ཉའི་དཔལ་འབྱོར་དང་སྤྱི་ཚོགས་བྱེད་སྒོ་ཚང་མར་ཤུགས་རྐྱེན་ངན་པ་བཟོས་ཏེ་ནད་ཡམས་མཆེད་པ་ཇེ་སྡུག་དང་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་འཇིགས་སྐུལ་ཐེབས་པ་རེད། དཔེ་སླ་མོ་བཞག་ན་གྲོང་ཁྱེར་ཆེན་མོ་དག་གི་ནམ་མཁའ་སྨུག་རྡུལ་གྱིས་བཟུང་བའི་ཡ་ང་བའི་རྣམ་པ་ལྟ་བུ……མིག་སྔར་གོ་ལ་ཧྲིལ་བོའི་ཚན་རིག་པས་གཅིག་མཐུན་གྱིས90%ཡན་གྱི་འགན་དེ་མིའི་རིགས་རང་ལ་བབ……ད་ལྟ་འདས་ཟིན་པའི་ལོ་ངོ་ཉིས་སྟོང་ལས་ཚ། གནས་ཚུལ་ཇེ་སྡུག་ཏུ་སོང་ན་དུས་རབས་འདིའི་མཇུག་ཏུ་སའི་གོ་ལའི་དྲོད་ཚད་ས་ཡ་གཉིས་ཀྱི་ཧ་ཅང་མཐོན་པོར་འཕར་ངེས……འདས་པའི་ལོ་བརྒྱ་ཕྲག་ལྷག་ཙམ་གྱི་རིང་ཐོག་མཐའ་བར་གསུམ་དུ་རྡོ་སྣུམ་རྡོ་སོལ་སོགས་རྫས་འགྱུར་དང་རྡོ་སྣུམ་འབར་རྫས་ལ་བརྟེན་ནས་ཐོན་སྐྱེད་འཚོ་བར་མཁོ་བའི་ནུས་ཁུངས་འདོན་སྤྲོད་བྱས་ཤིང་དེ་དག་གི་དབྱང་གཉིས་ཐཱན་འགྱུར་གྱིས་དྲོད་ལུམས་མཁའ་རླུང་གི་དྲོད་ཁང་ནུས་པ་ཆེར་བཏང་བ་ནི་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་རེད། ད་རུང1/5ཙམ་གྱི་དྲོད་ལུམས་མཁའ་རླུང་ནི་ནགས་ཚལ་ལ་གཏོར་བཅོམ་བཟོས་ཏེ་དབྱང་གཉིས་ཐཱན་འགྱུར་བསྡུ་ལེན་བྱེད་ནུས་ཇེ་ཉུང་དུ་བཏང་ལས་བྱུང་། གཞན་བཟོ་ལས་བྱ་རིམ་བྱད་པར་བ་དང་ཞིང་ཕྱུགས་ལས་ཀྱིས་ཀྱང་དྲོད་ལམ་མཁའ་རླུང་ཉུང་ངུ་ཕྱིར་འདོན་བྱེད་ཀྱིན་ཡོད……གཞུང་ཕྱོགས་ནས་ན་ནིང་ད་ལོ་ནས་ཕྱི་ཕྱོགས་ཀྱི་རྒྱབ་ཁབ་གང་མང་དང་མཉམ་འབྲེལ་གྱིས་གནོད་འཚེ་འདིར་གདོང་ལེན་བྱས་དང་བྱ་བཞིན་ཡོད……ཆུང་ས་ནས་རླངས་འཁོར་གཏོང་བ་ཚོད་འཛིན”དགེ་རྒན་བན་ཏེ་རྒྱལ་གྱིས་གློ་བུར་པྲ་ཆལ་གྱི་ཉམས་ཤིག་བསྟན་ནས་བཤད་མཚམས་བཞག དེ་ནིDLཡིས་སྔོན་ཙམ་ནས“ད་ཆོག་པའི་”ཉམས་སྟོན་བཞིན་ཡོད་ཀྱང་ཁོས་ཨུ་ཚུགས་ལྟ་བུས་རང་ཉིད་ཀྱི་སྐད་ཆ་དག་བཤད་ཚར་རྒྱུར་འབད་མོད་མཚམས་དེར་སླེབས་པ་དང་ཅུང་ཟད་ཚད་ལས་བརྒལ་བཞིན་པའི་རྣམ་པ་བྱུང་བས་ཁོས་གློ་བུར་མཚམས་བཞག་པ་རེད། རྒྱུ་མཚན་ཁོས་བཤད་ཀྱིན་བཤད་ཀྱིན་ཉན་པ་བོ་མང་ཆེ་བའི་རྣམ་རིག་ཇེ་མེད་ནས་ཇེ་མེད་དུ་གྱུར་ཏེ་ལ་ལས་ཁ་པར་སློག་པ་དང་ལ་ལས་ས་སྟེང་དུ་རི་མོ་འབྲི་བ། ཕན་ཚུན་གྱི་རྣ་ལམ་དུ་ཅི་ཞིག་བཤད་བཞིན་དགོད་པ་སོགས་བྱེད་སྟབས་སློབ་མའི་སྤྲོ་བ་སྔོག་འདོན་བྱེད་པ་རྨང་གཞིར་འཛིན་པའི་མི་དམངས་དགེ་རྒན་ཞིག་གིས་ཉན་པ་བོའི་རྣམ་འགྱུར་ལ་བལྟས་ནས་བཤད་ཤེས་བྱ་རྒྱུ་ནི་དགོས་ངེས་ཤིག་རེད།

མཚམས་དེརDLཡི་བསམ་པའི་འཆར་སྒོ་ཐམས་ཅད་རབ་རིབ་མོག་མོག་ཏུ་གྱུར་ཞིང་མཚན་མོ་ཞིག་བེད་སྤྱད་ནས་བཟོས་པའི་འཆར་གཞི་མཐའ་དག་ཀྱང་ཁང་ཐོག་ནས་སྤུར་བའི་བྱ་སྒྲོ་བཞིན་རྐང་ཚུགས་ས་མེད་པར་གྱུར།

——

ཉིན་འདིརMསྡེ་བས་ཚ་འུར་འུར་གྱི་གད་སྙིགས་གཙང་དག་བྱེད་པའི་བྱ་འགུལ་སྤེལ་བཞིན་འདུག་ཅིང་ཁོ་ཚོས་རང་ཁྱིམ་ཕྱི་ནང་ནས་ལམ་འགྲམ། རྩྭ་ཐང་གི་གད་སྙིགས་ཐམས་ཅད་རྐང་གསུམ་དུ་གཙང་ཉར་བྱས་ཏེ་གད་ཁུང་སྐྱ་བོ་རེར་དེ་དག་དམར་བོ་མེ་ལ་སྲེག་རྗེས་སོ་སོས་གད་སྙིགས་སྒུམ་སྐབས་བླངས་པའི་འདྲ་པར་དག་ཕན་ཚུན་ལ་བསྟན་ནས་དགོད་ཅིང་ཀུ་རེ་རྩེ་བར་བྱེད། དེ་ནི་ཉིན་འགའི་སྔོན་གྱི་ཚོགས་འདུ་དེ་གྲོལ་ཁར་སྡེ་དཔོན་རྟ་མགྲིན་སྐྱབས་ཀྱིས་ཁོ་ཚོའི་སྡེ་བའི་བཅའ་བ་རིམ་གྲོ་སྒྲུབ་པ་ལེགས་གྲུབ་བྱུང་བར་སྐད་ཆ་གང་ཡག་གིས་གྱ་ནོམ་པ་ཞིག་བསྔགས་རྗེས་སུDLཡིས་གཞི་ནས་ཐབས་ལམ་ཞིག་རྙེད་པ་ལྟར་བཏོན་པའི་རེ་བ་དེMསྡེ་བའི་མི་ཐམས་ཅད་ཀྱིས་རྒྱབ་སྐྱོར་ཐོབ་ཅིང་དེ་རིང་དོན་དེ་ལག་ལེན་དུ་བཏབ་པ་རེད།

DLཡིས་ཕྲེང་བ་ཟད་པོ་དེ་འདྲེན་བཞིན་ཨ་མདོ་བརྙན་འཕྲིན་གྱི་ལེ་ཚན་ཞིག་ལ་ཅེར་འདུག་མོད་རྣ་ལམ་དུ་ལེ་ཚན་དེ་ལས་གཞན་པའི་མངར་སྐྱུར་ཁ་བསྐའི་སྐད་ཆ་གང་མང་ཞིག་རེ་རེ་བཞིན་རྒྱུ། “རང་ཅག་ཆེས་དམའ་རིམ་གྱི་མང་ཚོགས་ཚོས་གནམ་གཤིས་འགྱུར་ལྡོག་ཡིན་ན་དེ་འདྲའི་གནད་དོན་ཆེན་པོ་ཤེས་པས་དགོས་པ་ཅི་ཞིག་ཡོད”དེ་ནི་རྒད་པོ་མགོ་སེའི་འདར་བཞིན་པའི་ངག་ལས་ཐོན་ཞིང་ཁོ་ནི་མ་གཞི་ནས་མ་ཎི་ཡིག་དྲུག་བཟློས་པ་ལས་གཞན་གང་ལའང་སྙིང་བོ་མེད་པར་པར་ལྟ་མཁན་ཞིག་ཡིན་གྱི་མ་ཎིའི་ནང་དོན་རེ་འགྲེལ་རན་ལ་ཐོན་ན་ཁོས་དེར་ཡང“དད་པས་འདོན་དགོས་པ་ལས་ཁ་ལྕེ་གང་བདེ་ཚོས་འགྲེལ་བཤད་རྒྱག་ཁུལ་རེ་བྱེད་པ་ནི་ལས་མེད་ལས་ཀ་ཞིག་རེད”ཟེར་བ་ཡིན།

DLཡིས་དེ་ལ་བརྩི་བཀུར་ཚིག་འཇམ་གྱིས“མང་ཚོགས་ནི་རྩ་བ་དང་རྨང་གཞི། གཞི་རྟེན་ཡིན་པས་རྒྱལ་ཁབ་ཀྱི་དར་རྒུད་དང་མི་རིགས་ཀྱི་སྐྱིད་སྡུག་མཐའ་དག་ཐད་ཀར་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་ཞིང་རྒྱལ་ཁབ་དང་མི་རིགས་ཞེས་པའང་ལོགས་སུ་ཡན་གར་བ་ཞིག་མེད་པར་མང་ཚོགས་སྦྲེལ་བའི་འདོགས་གཞིའི་རྣམ་གྲངས་ཤིག་སྟེ་མང་ཚོགས་ཚོས་རང་ལ་སྦྱར་བའི་དཔེ་རྟགས་དང་ཡིད་རྟོན་གྱི་གནས་མལ་དེ་རེད། དེ་བས་ན་མང་ཚོགས་མེད་ན་རྒྱལ་ཁབ་ཟེར་བ་ཡོད་མི་ཐུབ་ཏེ་མང་ཚོགས་གཅིག་གྱུར་བ་ཞིག་གི་ཁེ་ཕན་ཁེ་དབང་སྲུང་སྐྱོབ་བྱ་ཕྱིར་རྒྱལ་ཁབ་ཆགས་པ་ཡིན་ཞིང་རྒྱལ་ཁབ་ཀྱི་འབད་བརྩོན་ཁབ་མགོ་འདྲ་བ་ཞིག་ཡིན་ནའང་དེ་ཁ་ཕྱིར་འཁོར་ནས་མང་ཚོགས་ལ་ཞབས་འདེགས་སྒྲུབ་ཕྱིར་ཡིན་པ་ལས་མིི་འགའ་ཡིས་ཁྱེར་འགྲོ་བ་ནི་དཔེ་མི་སྲིད་ཅིང་མི་སྐོར་ཞིག་ལ་རྩ་བ་དང་རྩད་པས་རྒྱལ་ཁབ་ཅེས་ཀྱང་ཅི་ལྟར་འབོད་དེ་འབོད་པའི་གནས་མེད། དེ་བས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་ཕྱིན་གནད་དོན་ལ་ཆེ་ཆུང་མེད་པར་དེ་ནི་ཐག་གཅོད་དགོས་པ་ཞིག་དང་གཞུང་སྒེར་གྱི་མི་སུ་ཡིན་རུང་དེའི་དོན་ལ་སྟོབས་ཤུགས་གང་ཡོད་འབུལ་དགོས་པ་ཞིག་རེད” རྒད་པོསDLཡིས་བཤད་པ་དག་གོ་སོང་བ་ལོས་ཡིན། ཁོའི་སྡོམ་སྐམ་བཞིན་གསོན་ཤུགས་ཡལ་བའི་ལག་པ་དེསDLཡི་ཕྲག་པར་རེག་རེག་གིས“བུ་རྒོད་པོ། ཤུ་རེ་བྱོས”ཟེར་བཞིན་ཁོའི་མེ་ཚེ་གང་གི་བླ་མེད་ཀྱི་དད་མོས་དེས་མ་ཎི་འདོན་བཞིན་བུད་སོང་།

DLཡིས་རྣ་བ་ཕུར་ཕུར་ཞིག་བྱས་ནས་དེའི་འཕྲོར་བྱུང་བའི་ཟུག་གཟེར་དག་ལ་ཡིད་སེམས་གཏད། “རང་ཅག་གིས་ཆུ་དང་མཁའ་དབུགས་ལ་འབག་བཙོག་ཅིག་བཟོས་མ་མྱོང” “རླངས་འཁོར་མ་སྐོར། འཕྲུལ་རྟ་མ་ཞོན་ཞེས་མནའ་ཐུབ་བམ། ལྷག་པར་ཤུགས་རྐྱེན་ངན་པ་རང་ཅག་གི་སྒོ་ཁར་སླེབས་འདུག་པ་འདི་རེད། ལྟོས་དང་རང་ཅག་གི་ཨ་མྱེས་ཁྱུང་རྒོད་ཀྱི་གངས་ཞུ་ནས་ལག་མཐུལ་ཙམ་ལས་ལུས་མེད་པ་གན་རེད། ད་རུང་ཁྱེད་ཚང་གི་ལྟག་རྒྱབ་ཀྱི་ཆུ་མིག་དེ་ཡང་སྐམ་ལ་ཡོད་འདུག་པ་མིན་ནམ། ”

“རང་ཅག་གིས་ཁེ་བ་ལས་ཚོས《མཛུབ་དཀྲིས་རྒྱལ་བོ》རུ་འབོད་པའི་གློག་བརྙན་ནང་གི་འགོག་མེད་ཀྱི་འདོད་པ་དེ་འདྲ་སྤྱད་ནས་ཟས་རིགས་ལ་ལྷད་བསྲེས་ཏེ་འཛད་སྤྱོད་པའི་བདེ་ཐང་ལ་བསམ་བཞིན་འགན་མ་ཁུར་བ་མེད་ལ་གྲོང་ཁྱེར་གྱི་སྤྱོད་ཁང་དང་ཟ་ཁང་གི་མཚོན་པའི་མི་གཙང་བའི་ཆུ་སྣ་ཡོད་ཚད་འོག་རྐར་དྲངས་ནས་ཆུ་དང་གཙང་བོའི་ནང་དུ་སྐོར་བ་དེ་འདྲའང་བྱས་མེད”

“རང་ཅག་གི་དཔལ་འབྱོར་ཆུ་ཚད་ནི་རྒྱལ་ཡོངས་ལས་ཆེས་ཞན་པ་དེ་ཡིན་སྲིད། གཟིགས་དང་། རླངས་འཁོར་བཅུ་ཁ་བོ་གན་ལས་མེད་པ་མ་ཟད་གན་དག་ཀྱང་སྒོར་རྐྱང་བྱིན་ནས་ཉོས་པ་ཡིན་མིན་གཉིས་ཀ་ཡོད། དེའི་ཐོག་ལ་འཕྲུལ་རྟ་འགའ་དང་རྐང་གསུམ་འགའ་རེད། དེ་དག་གིས་སའི་གོ་ལར་ཕོག་ཐུག་ཅིག་མ་དགོས་རི་བོང་ཟུག་ཐུང་ལ་སྐྲག་ཅིག་ཀྱང་སློང་ཐུབ་རྒྱུ་མ་རེད”

“ཡིན་ཡང་རང་ཅག་ལའང་འགན་འཁྲི་ཡོད་རེད”DLལ་ལྷག་པ་ཅང་བཤད་རྒྱུ་མེད་སོང་།

DLཡི་རྣ་ལམ་དུ་ཡུལ་དུས་སྣ་ཚོགས་ནས་བརྒྱུད་པའི་རྩོད་པ་དེ་དག་རེ་ཞིག་འཇགས་པ་དང་མཐུད་དེ་སྡུག་སྨེ་འདོན་མཁན་གྱི་མི་སྐོར་ཞིག་འཚང་ཁ་བརྒྱབ་བྱུང་།

“བསྐལ་བ་ས་ལ་ཆགས་ཤིང་རང་ཅག་གི་ཕ་མེས་ཡང་མེས་ནས་ད་ལྟའི་བར་མ་མོའི་བྲང་མགོ་འདྲ་བའི་གཡང་ས་གཡང་ཡུལ་འདིར་གཞི་ཡི་ཐོག་མ་བཟུང་། སྒ་ཡི་ཐོག་མ་བསྟད། གླུ་ཡི་ཐོག་མ་བླངས་ནས་ད་ལྟའི་བར་ཡོང་རེད། གློ་བའི་ཚ་ནད་དང་ཨེ་ཙིའི་ནད། ཐུམ་ནད་ཀྱིས་ཤི་སོང་བ་མ་དགོས་བྱུང་ཡོད་པ་གོ་ནས་ཀྱང་མེད། ད་དེང་སང་ནངས་ཀ་ཅི་ཞིག་མ་ཉན་པ་རེད”

“ངེད་ཚང་གི་ལྟག་རྒྱབ་ཀྱི་རྡོ་རྗེ་ཕ་ལམ་འདྲ་བའི་གངས་དེ་ཞུ་ཚར་སོང་། དེའི་འཕྲོར་ལྷ་མོའི་ཞལ་རས་འདྲ་བའི་ཆུ་མིག་དེ་སྐམ་ཚར་སོང་། ད་ལོར་སྲིད་པའི་ཁྲག་རྩ་འདྲ་བའི་རྩྭ་སྔོན་དེ་ཡང་སྐྱེས་པ་མི་བཟང་གི”

“ད་དེང་སང་ནངས་ཀ གནམ་གཤིས་དྲོ་འགྱུར་དེ་ཀོ་ཟེར་ན་མགོ་བོ་སྲེག་ལ་བྱེད་ནི། ཆུ་དང་མཁའ་དབུགས་འབག་བཙོག་དེ་ཀོ་ཟེར་ན་དབུགས་རྩ་འགག་ལ་བྱེད་ནི། ནད་རིགས་བཞི་རྩ་བཞི་དེ་ཀོ་གླེང་ན་རྣམ་ཤེས་ཁྱེར་ལ་བྱེད་ནི། ས་འགུལ་ཆུ་ལོག་དེ་ཀོ་རྒྱུགས་ན་འཇིག་རྟེན་བསྣུབས་ལ་བྱེད་ནི། ཤོ་དང་རྒྱལ་ལྐུགས་དེ་ཀོ་གླེང་ན་འཁོར་བ་ལྟེབས་ལ་བྱེད་ནི། གསེར་དངུལ་ཤོག་སྒོར་དེ་ཀོ་མཐོང་ན་མི་རོ་བཙོང་ལ་བྱེད་ནི། རྫུན་དང་ཚིག་རྩུབ་དེ་ཀོ་བཤད་ན་ཁམས་གསུམ་སྐོར་ལ་བྱེད་ནི། ཨ་དཀོན་མཆོག་མཁྱེན” ……

——

“ལྷན་རྒྱས་སྐུ་ཁམས་བཟང། དེ་རིང་ནི་ལུགས་གསར་གྱི…… ལུགས་རྙིང་གི…… ” བོད་སྐད་ཀྱི《གསར་འགྱུར་མཉམ་བསྒྲགས》ལ་ལྟ་རྒྱུ་ནིDLཡི་དགའ་ཕྱོགས་རིགས་ཤིག་ཡིན། ཁོས་གསར་འགྱུར་དུ་བཤད་པའི་རང་བྱུང་འབྱུང་བའི་གནོད་པ་ནས་མི་ཤི་རྟ་བསད་ཀྱི་སྤྱི་ཚོགས་གྱོང་གུད་བར་དང་། ཞིང་བར་ལོ་ལེགས་བྱུང་བ་ནས་རྒྱལ་བོའི་མཇལ་ཕྲད་བར་གྱི་རྒྱལ་ཁབ་དར་རྒྱས་ཀྱི་གནས་ཚུལ་མ་ལུས་པ་རེ་རེ་བཞིན་ཕྲེང་བར་འདྲེན་ཞིང་དེ་ནས་དགའ་སྐྱོ་རེས་མོས་ཀྱིས་བླ་མ་དཀོན་མཆོག་གསུམ་ལ་གསོལ་འདེབས་སྐྱབས་འཇུག བསྔོ་བ་སྨོན་ལམ་འདེབས་པ་རེད།

གཤམ་དུ་ཁོས་ཟླ་སྔོན་མར་དྲངས་པའི་ཟིན་ཐོ་འབའ་ཞིག་མདོར་བསྡུས་ཙམ་ཞིག་འགོད་པར་བྱ། “ 《ལྷ་སའི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》ལག་བསྟར་བྱས་པ། ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་དུ་དྲག་ཆར་བབབ་པ། ཨ་རིའི་སློབ་ཆེན་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་ནས་མི༢ཤི་བ། ཞིས་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྐུ་ཚབ་དང་མཇལ་ཕྲད་གནང་བ། བོད་རང་སྐྱོང་ལྗོངས་ཀྱིས《གླིང་སྒྲུང》དེབ༥རྒྱ་ཡིག་ཏུ་སྒྱུར་བ། ཁྲུང་ཆུང་གྲོང་ཁྱེར་དུ་དྲག་ཆར་བབ་པ། དབྱི་ཐ་ལིས་རྒྱལ་སྟོན་མཛད་སྒོ་སྤེལ་བ། ཡིག་ཚད་རྐུ་བཤུ་སོགས་ཀྱི་སྤྱོད་པ་ཉེས་ཁྲིམས་ནང་བཅུག་པ། ཁོར་ཡུག་སྲུང་སྐྱོབ་ཉིན་མོར་ལྷ་སར་གད་སྙིགས་གཙང་འཕྱག་བྱེད་པ། མེ་འཁོར་གཞུག་གཏུག་བྱུང་ནས་མི༣རྐྱེན་ལམ་དུ་ཤོར་བ་དང་མི༤༠རྨས་པ། གྲུ་གཟུངས་མགོ་རྟིང་ལོག་པའི་དོན་རྐྱེན་ནང་འདས་པོའི་སྐུ་ཕུང་རྙེད་པ། འདི་ལོར་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་ཞུགས་པའི་མི་གྲངས་ཁྲི༩༤༠ཡོད་པ། ཞིས་ཅིན་ཕིང་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་གྱི་གླེང་མོར་ཞུགས་པ། དབྱིན་ཇིའི་རྒྱལ་མོ་དགུང་ལོ༩༠ལ་སླེབས་པའི་རྟེན་འབྲེལ་མཛད་སྒོ་སྤེལ་བ། སེམས་ཀྱི་ཉི་ཟླར་རྟ་རྒྱུགས་འགྲན་འགོ་ཚུགས། མཚོ་སྔོན་གྱི་སློབ་ཞུགས་གོང་གི་སློབ་གསོས་བྱིས་པར་ཕན་བཏགས་པ། ཨ་རིར་མེ་མདའི་དོན་རྐྱེན་བྱུང་ནས་མི༥༠རྐྱེན་ལམ་དུ་ཤོར་བ། བོད་ལྗོངས་འཐུས་མི་ཚོགས་པས་ལྷོ་ཁོ་རེ་ཡར་མཚམས་འདྲི་བྱས་པ། ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེའར་དང་མཇལ་འཛོམས་གནང་བ། སི་རི་ལན་ཁ་ནས་དུག་རྫས་ཁོ་ཁ་དབྱིན་མང་བོ་ཞིབ་བཤེར་རྩིས་སྤྲོད་བྱས་པ། ཀན་སུའུ་ཡི་མཚེ་མ་ལུས་འབྱར་མ་ཞིག་བདེ་བླག་ངང་སོ་སོར་ཕྱེ་ཐུབ་པ། སྐྱ་མི་རུ་ཁག་གིསNBAསྤྱིའི་འགྲན་སྡུར་ནང་ཨང་དང་བོ་བླངས་པ། བོད་ལྗོངས་མེ་ཏོག་རྫོང་དུ་རི་ཉུལ་ནས་མི༨ས་རྡིབ་འོག་ཏུ་བཅུག་པ། བོད་ཀྱི་གནའ་གཞུང་གཉིས་བརྒྱ་ལྷག་ཙམ“རྒྱལ་ཁབ་ཀྱི་མང་གཞུང”དུ་ཚུད་པ། འདི་ལོའི་རྒྱ་གར་གྱི་གནས་མཇལ་བ་ཁག་དང་བོ་བོད་ལ་གནས་མཇལ་དུ་ཡོང་བ། ཞིས་ཅིན་ཕིང་གིས་ཕོ་ལན་གྱི་སྲིད་འཛིན་ཏུའུ་ཏ་དང་གྲོས་མོལ་གནང་བ། ཐའེ་ཝན་དུ་མེ་འཁོར་ཞིག་མགོ་རྟིང་ལོག་ནས་མི༢ལ་རྨས་སྐྱོན་ཕོག་པ། སི་ཁྲོན་རྔ་བའི་སློབ་མ༥ཆུ་སུབས་ཐེབས་ནས་ཤི་བ། ཞིས་ཅིན་ཕིང་གིས་ཅང་སུའུ་ཡན་ཁྲེང་གྲོང་ཁྱེར་དུ་རླུང་འཁོར་དྲག་པོ་དང་སེར་བ་བབ་པའི་གནོད་འཚེ་དམིགས་བསལ་ཚབས་ཆེན་ཐེབས་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་། ཁེར་གྷི་སི་ཐན་དུ་ས་ཡོམ་རིམ་པ༦.༧བྱུང་བ། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རྒྱང་སྐྱོད་ཨང༧པ་ལམ་ལྷུངས་བྱུང་། རླངས་འཁོར་ཞིག་ལ་དོན་རྐྱེན་བྱུང་ནས་མི༣༥རྐྱེན་ལམ་དུ་ཤོར་བ། ཞིས་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་གནང་བ། ཐུར་ཁེའི་དབྱི་སི་ཐན་པུར་གནམ་གྲུ་ཐང་དུ་རང་ལྕེབས་འཇབ་རྒོལ་ཐེབས་པ། ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་ཆབ་མདོ་ཁོངས་སུ་རི་ཉུལ་བྱུང་བ། ཞིས་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་གི་ཧྲུའུ་ཅི་དང་བོ་ལའོ་ཨར་ཁ་སི་ཐེ་ལུའོ་ཡི་དམིགས་བསལ་ཕོ་ཉ་དང་མཇལ་ཕྲད་གནང་། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཚོགས་འདེམས་བསྐོ་བྱས་པ། ཡར་ག་ནས་རེབ་གོང་བར་གྱི་མྱུར་ལམ་ཤར་གཏོང་བྱེད་གྲབས་ཡོད་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཚུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ༦པའི་ཚེས༢༧ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཚུང་གི་ཚོགས་འདུ་ཐེངས་ཉེར་ལྔ་བ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང……”

“ཨ་མྱེས། ཁྱོས་ཅི་ཞིག་ལ་འདང་རྒྱག་གི་ཡོད” DLཡི་ཆུང་མ་དང་བུ། མནའ་མ། ཚ་བོ་བཅས་པས་རྟ་ནོར་ལུག་གསུམ་ལྷས་ལ་བཅུག་ནས་ཡོང་བ་དངDLཡི་ཚ་བོས་ཁོའི་སྐེ་ལ་སྣར་བཞིན་དེ་སྐད་དྲིས།

“ཨོ། གཅེས་ལོ། ཨ་མྱེས་ཀྱིས་ཁྱོད་ཡོང་རྒྱུར་སྒུག་སྟེ་གསར་འགྱུར་ལ་བལྟས་ནས་བསྡད་ཡོད”

“ཨ་མྱེས། ‘རི་བོང་གནམ་རྡིབ’ཅེ་ན་ཅི་ཞིག་ཟེར་བཞིན་པ་རེད”

“ཁྱོར་སུས་དེ་འདྲ་ཟེར་གི”

“ར་ལུ་ཙོར་ཙོར། ངེད་ཚོའི་སློབ་གྲོགས་ཤིག་རེད། ངས་ཁོ་ལ་གལ་སྲིད་བྱིས་པ་རྐུ་མཁན་གྱི་གཏེ་བོ་དེ་དག་སྤྲང་བོ་དང་ཁ་ལོ་བ། ལམ་འགྲོ་བ། མགྲོན་པོ་སོགས་སུ་བརྫིས་ཡོང་ནས་བྱིས་པ་ཚོ་ཨ་མའི་ལག་ནས་མགོ་སྐོར་བ་དང་སྦྲིད་སྨན་གཙུབ་པ། བཙན་ཀྱིས་འཕྲོག་པ་སོགས་བྱས་ན་ང་ཚོ་ལོ་ཆུང་བྱིས་པ་ཚོ་ཆེར་མ་འགོར་བར་བཟུང་ནས་ཚར་རྒྱུ་རེད་ཅེས་སྨྲས་པར་ཁོས་ང་ལ་དེ་ནི་རི་བོང་གནམ་རྡིབ་རེད་ཟེར”

“ཨོ། ‘རི་བོང་གནམ་རྡིབ’ཟེར་བ་ནི་སྐྲག་མི་དགོས་སར་སྐྲག་བཞིན་འདུག་ཅེས་པའི་དོན་རེད། ཁོས་བཤད་པ་བདེན་གི ཁྱོད་སྐྲག་དགོས་ནི་མ་རེད། ཨ་མྱེས་དང་ཨ་ཕྱི། ཨ་ཕ་ཨ་མ། ཨ་ཁུ་ཨ་ནེ། སློབ་གྲྭའི་དགེ་རྒན། ཨ་ཁུ་ཉེན་རྟོག་པ་ཚང་མས་ཁྱོད་ལ་ནམ་རྒྱུན་སྲུང་སྐྱོབ་བྱེད་ནི་རེད་ཨ”

“ཨིན”

སུ་ཞིག་གིས་གསར་རྙེད་བྱུང་བ་སུས་ཤེས། དེང་སང་དྲ་ལམ་དུ་དོན་མཚོན་རི་མོ་དང་ཁ་མཚར་རྩོམ་ཡིག་སྣ་ཚོགས་ཀྱི་སྒང་བྱིས་པའི་དུས་སེམས་རྒྱ་རང་ཉིད་ལས་ཆེ་ཞིང་ན་ཚོད་རིམ་བཞིན་ཆེ་ཆེར་སོང་བ་དང་སེམས་རྒྱ་དེ་ལས་ལྡོག་ནས་ཇེ་ཆུང་ཇེ་ཆུང་དུ་འགྲོ་བའི་བཤད་ཚུལ་ཞིག་ཡོད། ཡིན་ཡངDLཏག་ཏག་དེ་ལས་ལོག་འདུག ཁོས་རང་ཉིད་བྱིས་པའི་དུས་སུ་སེམས་རྒྱ་ཆེ་ཆུང་ཇི་འདྲ་ཞིག་ཡིན་པ་མི་ཤེས་ནའང་ད་ལྟ་ནི་ལང་ཚོའི་དུས། གསར་བུ་དུས། དར་མའི་དུས་གང་ལས་ཀྱང་འཕགས་པར་སྤྱི་ཚོགས་ཀྱི་གནད་དོན་ཡིན་ཚད་ལ་སེམས་ཁུར་དང་ཐེ་གཏོགས། ཟབ་ཞུགས་བྱེད་པ་སྟེ་སྔོན་ཆད་ཁོས་སྡེ་བ་གཡས་གཡོན་གྱི་གྱོད་ཁ་མཆུ། མག་པ་མནའ་མའི་གནད་དོན། སུ་ཚང་གི་བྱིས་པའི་སློབ་བཤོལ་བྱེད་པའམ་སློབ་སྦྱོང་ལ་བརྩོན་པ་མ་སྐྱེད་ན་དེ་ལ་སྐུལ་མ་གཏོང་བ། བླ་མ་དང་དཔོན་པོ་གདན་འདྲེན་པ། དེ་མིན་སྡེ་བ་གཡས་གཡོན་གྱི་གནད་དོན་ཆེ་ཆུང་ཅི་རིགས་ཐག་གཅོད་རམ་འདེགས། ཟབ་ཞུགས་བཅས་ལས་མི་བྱ་བ་ཡིན། ལགས་ཀྱི DLཡིས་རང་གི་ཚ་བོའི་ཁ་ནས‘རི་བོང་གནམ་རྡིབ’ཀྱི་དཔེ་ཆོས་དེ་ཐོས་པ་དང་རང་ཉིད་ལའང་ན་ཚོད་རྒས་པའི་རི་བོང་གནམ་རྡིབ་ཅིག་བྱུང་ཡོད་པ་མིན་ནམ་སྙམ།

ཏག་ཏག་སྐབས་དེར་ཁོའི་བུ་ཆེ་བས“བྱིས་པ་རྐུ་མཁན་ཡོད་པ་མ་ཟད་ལོ་ལོན་དང་དར་མ་རྐུ་མཁན་ཡང་ཡོད་པ་འདྲ། ཁ་སང་དེ་རིང་གི་སྐད་འཕྲིན་གྱི་སྒང་ན་ཅིག་ནས་རྒད་མོ་ཞིག་བོར་སོང་བ་དང་ཉིག་ནས་དར་མ་ཞིག་གློ་བུར་གར་སོང་ཆ་མེད་དུ་གྱུར་བས་མི་འདི་དང་དེ་མཐོས་ཐོས་བྱུང་ན་ཁ་པར་ཨང་གྲངས་ཅིག་དང་ཉིག་ལ་འབྲེལ་བ་བྱ་རོགས་ཟེར་མཁན་ཧ་ཅང་མང”ཞེས་ཀུ་རེ་ཞིག་བརྩེ་བརDLཡིས་ཕྱིར་ཁ་མཚར་ཞིག་བཤད་འདོད་མོད་གློ་བུར་ངག་སྒོ་ཅི་ཞིག་གིས་བཅད་པས་ངག་མི་ཁྲོལ་བར་གྱུར།

2016ལོའི་སྤྱི་ཟླ་བདུན་པའི་ཚེས་མགོར།