འདིར་མེ་སྟག་རྩོམ་འབྲིའི་ཚོགས་ཆུང་གི་ཚོགས་མི་ལྷན་རྒྱས་ཀྱི་ངོ་མ་ཟློག་ཙམ་དུ་རྩོམ་དང་འབྲེལ་བའི་སྐད་ཆ་འགའ་འཆད་པར་བྱ་བ་ལ་གསུམ་སྟེ། དང་པོ་རྩོམ་གྱི་ངོ་བོ་དང་། གཉིས་པ་རྩོམ་ལ་འཇུག་པའི་སྔོན་འགྲོ་དང་། གསུམ་པ་རྩོམ་པའི་དམིགས་ཡུལ་དང་བཅས་སོ།།

དང་པོ།

རྩོམ་གྱི་ངོ་བོ་བཤད་པ། འཇམ་དབྱངས་བླ་མ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི༼སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས༽སུ་རྩོམ་ཞེས་པ་ལ་རིགས་ཆེན་པོ་གཉིས་བཀར་ཡོད་དེ། དངོས་པོའི་གནས་ལུགས་འཆད་པའི་རིགས་དང་སྐྱོན་ཡོན་བསྔགས་པའི་རིགས་སོ།། སྔ་མས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་ཅིང་ཡུལ་གྱི་དངོས་པའི་གནས་ལུགས་ཇི་ལྟར་ཡོད་པ་རྗེས་དཔག་གི་བློ་ལ་བརྟེན་ནས་ངག་དྲང་མོས་གཏན་ལ་འབེབས་པ་དང་། ཕྱི་མས་དཔེ་ཟུར་མིག་དང་། དྲང་བརྗོད་དང་། ཤུགས་བསྟན་སོགས་ལ་བརྟེན་ནས་མི་དང་འབྲེལ་བའི་དོན་ལེགས་པ་གང་དེར་བསྟོད་ཅིང་བསྔགས་ལ། དོན་སྤང་བྱ་གང་དེར་དགག་ཅིང་སུན་དབྱུང་སྟེ་ལེགས་པའི་ལམ་དུ་བཀྲི་བ་ལ་འབད་པའོ།། ང་ཚོས་རྩོམ་རིག་གི་ངོ་བོ་ལ་བག་ཆགས་འཇོག་དུས་ནི་དམའ་འབྲིང་གི་དུས་ནས་མགོ་བརྩམས་པ་ཡིན་ཤས་ཆེ་སྟེ། སྐབས་དེར་རྒྱའི་རྩོམ་གཞུང་དུ་འཁོད་པའི་རྒྱུན་ཤེས་ཐོར་རེ་ལོང་ངེ་བ་ཁ་ཤས་ལ་སྦྱངས་ཏེ་གཞན་དག་རྣམ་པར་བཅད་པ་དང་། རིམ་བཞིན་རྩོམ་གཞུང་གསར་རྩོམ་གྱི་རྟོག་པ་གཞན་བསྟུན་ཆེ་ལ་རང་གི་རིག་གནས་ཀྱི་གནས་སྐབས་དང་ལྡོག་པའི་ཡི་གེ་བོད་ཡིག་དང་རིགས་ལམ་གཞན་དུ་བྱས་པའི་དཔེ་ཆ་ཁ་ཤས་ཀྱི་རྗེས་སུ་འབྲངས་པས་ཕ་མེས་ལ་ངོ་མི་མཐོ་བའི་རྩོམ་པའི་ཤེས་བྱ་ར་མ་ལུག་ལྟ་བུ་ཞིག་ཆུ་ངན་ལམ་ཤོར་གྱི་ཚུལ་དུ་བྱུང་དང་བྱུང་བཞིན་པར་སྙམ། ཚུལ་དེ་ལས་ལྡོག་པ་ལ་སྔོན་གྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་དག་ལ་སྣང་བ་གཞག་རྒྱུ་གལ་ཆེ་ཞིང་། རྩོམ་རིག་བྱུང་དུས་ཀྱི་རིག་གནས་ཀྱི་གནས་སྐབས་ལ་བརྟག་སྟེ་ཚུལ་དང་མཐུན་པའི་རྩོམ་པའི་བྱ་བ་གཉེར་རྒྱུ་བྱུང་ན་དེ་བས་ཀྱང་དགེ་འབྲས་ཆེ་བར་སྙམ།

གཉིས་པ།

རྩོམ་ལ་འཇུག་པའི་སྔོན་འགྲོ་བཤད་པ། སྒྱུ་རྩལ་རྩོམ་རིག་ལ་སྒྲ་གཙོ་བོ་ཡིན་པས་ཐོག་མར་སྒྲའི་རྒྱུ་ཡི་གེ་དང་མིང་དང་། ཚིག་གི་ཚོགས་པ་སྟེ་ཚོགས་གསུམ་ངེས་རྒྱུ་ནི་དེའི་སྔོན་འགྲོའོ།། ཚོགས་གསུམ་གྱི་རྣམ་གཞག་ལེགས་པར་མ་རྟོགས་ན་སྒྲ་དོན་འཁྲུལ་བ་ཅན་འབྱུང་ཉེན་ཆེ་བས་སྒྲ་ཇི་བཞིན་པ་མ་ཡིན་པའི་དོན་ཇི་བཞིན་དུ་རྟོགས་པར་མི་ནུས་ཤིང་། དཔེ་དོན་མི་འབྱོར་བའམ་རྗེས་སྒྲུབ་ཀྱི་བརྡ་ལོག་ལ་གོམས་ཤིང་འདྲིས་ན་ཁེ་ཆུང་ཞིང་ཉེན་ཆེ་བས་རྩོམ་པའི་དམིགས་ཡུལ་འགྲུབ་པ་མ་ཡིན་ནོ།། དེ་བས་ན། ཐོག་མར་ཚོགས་གསུམ་གྱི་རྣམ་གཞག་ལ་ལེགས་པར་བསླབ་ཅིང་། དེ་ནས་ཚིག་རྒྱན་སྦྱོར་ཚུལ་དང་། དེ་ནས་ཉམས་འདོན་སྟངས་དང་། དེ་ནས་ཚིག་རྒྱན་དང་ཉམས་བསྲེ་ཚུལ་དང་། དེ་ནས་རང་གཞན་གྱི་རྩོམ་ཚུལ་དམིགས་བསལ་ཅན་ལ་བསླབ་རྒྱུ་ནི་ང་ཚོའི་རྩོམ་པ་ལ་འཇུག་པའི་སྔོན་འགྲོ་དང་གོ་རིམ་ཡང་ངོ་།།

གསུམ་པ།

རྩོམ་པའི་དམིགས་ཡུལ་བཤད་པ། དེང་སང་རྩོམ་གྱི་སྐོར་ལ་བྱུང་རྒྱལ་དུ་སྨྲ་མཁན་མང་སྟེ། རྩོམ་མཁན་དགོས་མེད་དང་སྒྱུ་རྩོམ་དགོས་མེད་དུ་སྨྲ་མཁན་ཀྱང་འདུག དེ་ཡང་སྔོན་གྱི་དྲན་དབང་བསྟན་བཅོས་རྩོམ་མཁན་དག་ལ་ཡོན་ཏན་བཞི་འཛོམས་དགོས་པར་སྨྲ་སྟེ། དང་པོ་ང་རྒྱལ་མེད་པ་དང་། གཉིས་པ་སེམས་ཅན་རྣམས་དོན་གང་ལ་རྨོངས་པ་དེ་བསལ་བར་འདོད་པའི་སྙིང་རྗེ་དང་། གསུམ་པ་སེམས་ཅན་རྣམས་ཀྱིས་དོན་བདེ་བླག་ཏུ་རྟོགས་པར་འདོད་པའི་བྱམས་པ་དང་། བཞི་པ་རང་གཞན་གྱི་དགེ་རྩ་བསྐྱེད་པའི་ཕྱིར་བཅས་སོ།། འདི་ལ་བསམ་ན་རྩོམ་ཞེས་པ་དེ་འགྲོ་ཞོར་འདུག་ཞོར་གྱི་ལས་ཀ་ཞིག་མིན་པ་རྟོགས་ནུས་ཤིང་། འཚོ་བར་ཉམས་བཟང་པོ་ཞིག་དགོས་ན་རྩོམ་རིག་གི་བྱེད་པ་གལ་ཆེ་བའང་ཞོར་ནས་ཤེས་བཏུབ།

མིའི་འཚོ་བ་ནི་ཆུ་མོའི་གཞུང་གིས་བཅད་པའི་ཕ་རོལ་ཚུ་རོལ་གཉིས་དང་འདྲ། སྐུ་ཉིད་ཚུ་རོལ་ནས་སྡུག་བསྔལ་དུས་ཕ་རོལ་ལ་སྨོན་པའམ་འགྲོ་སྙིང་སྐྱེ་སྲིད་ཅིང་། དེའི་ཚེ་བགྲོད་བྱེད་རྩོམ་གྱི་སྒྱུ་མའི་ཟམ་པ་དེས་སྐུ་ཉིད་ལྡེམ་ལྡེམ་ལྡེམ་ལ་ཕ་རོལ་ཏུ་བསྐྱལ་ངེས་ཤིང་། སེམས་ངལ་དབོག་སྟེ་བློ་ཤེད་འཛོམས་དུས་སླར་ཡང་འཚོ་བར་གཞུག་འདོད་སྐྱེ་སྲིད་ན། ང་ཚོར་རྩོམ་པ་དགོས། སྒྱུ་མའི་ཟམ་པ་དགོས། མེ་སྟག་རྩོམ་འབྲིའི་ཚོགས་ཆུང་ལྟ་བུ་དགོས།

བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ཟླ་བཅུ་པའི་ཚེས་གསུམ་ཉིན་བྲིས་པ་དགེའོ།།