___ ཀླུ་ཆུའི་<<སྒོ་>>དུས་དེབ་སྤེལ་ནས་ལོ་ཡི་འཁོར་མོ་ལྔ་ལོན་པར་རྟེན་འབྲེལ་ཞུ།

 

ཤིས་ཚང་ལྗང་མྱུག[མདོ་ལྷོའི་ཀླུ་ཆུ།]


གཏམ་གྱི་འགོ་མ།

              མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་གཏན་ནས་བརྗེད་མི་རུང་བའི་གནས་ལུགས་ཀྱི་མདུན་ས་ནས་ངས་ནམ་ཡང་རང་གི་ཕ་ཡུལ་ལར་ནས་བརྗེད་མ་མྱོང་ལ།  ཕ་ཡུལ་གྱི་ཤེས་ཡོན་སློབ་གསོའི་མཁའ་དབུགས་ལའང་ནམ་དང་ནམ་ཡང་རེ་བའི་མིག་ཟུང་བཙུམ་མ་མྱོང་ཞིང་། དུང་བའི་སེམས་པ་ལྷོད་མ་མྱོང་།  སྐབས་འདི་འདྲ་ཞིག་ལ་སེམས་ཀྱི་ཁ་ཕྱོགས་གཅིག་ཏུ་མཐུན་པའི་ཆོས་གྲོགས་གྲྭ་རྐྱང་འགའ་ཡིས་ཁེ་གྲགས་དབང་གསུམ་གང་ལའང་མ་འབྲེལ་བའི་<<སྒོ་>>ཞེས་པའི་དུས་དེབ་ཅིག་གི་སྐྱེས་སྐར་བསུས་པའི་གཏམ་ཞིག་ཐོས་པ་ནི་ཏག་ཏག་རྣ་བའི་བདུད་རྩི་རུ་གྱུར་མྱོང་།  ཡིན་ཡང་།  གནས་སྐབས་ཁ་ཐག་ཡུལ་གྱིས་བསྐལ་པའི་རྐྱེན་གྱིས་ཁོ་ཚོར་ཡི་རང་བསྔགས་བརྗོད་ཀྱི་ཚིག་སྐམ་ཙམ་པོ་ལས་ཁོ་ཚོའི་བྱ་གཞག་དེར་ད་སྔར་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་རོགས་དང་རམ་འདེགས་གང་ཡང་མ་ནུས་པ་ལ་གུས་པ་ཡིད་སེམས་ཚར་ཚར་དུ་ནོངས།

ལོ་ཟླ་ནི་ཅི་འདྲའི་མགྱོགས་པ་ལ་ཨང་།  ཁོ་ཚོས་དེ་ལྟར་ཀྱག་ཀྱོག་གི་ལམ་བུ་ཆེ་ཕྲ་ཅི་རིགས་བརྒྱུད་ཅིང་།  དཀའ་སྡུག་གི་འགག་འཕྲང་གང་མང་བརྟོལ་ཏེ།  ད་སྔར་<<སྒོ་>>དུས་དེབ་བགྲང་བྱ་ལྔ་ཡི་ན་ཚོད་དུ་བསྐྱེད་ཟིན་ལ།  མ་འོངས་པའི་ཚེ་སྲོག་གི་ལང་ཚོ་ཡང་རེ་བ་སྟོང་ཕྲག་གི་ཀློང་ན་སེམས་ཤུགས་དང་ལྷག་བསམ་གྱིས་བཏེགས་ཏེ་མཆིས་པས།   མཚམས་འདིར་གུས་པས་ཀྱང་ལྷག་བསམ་ཁོལ་བའི་ངང་<<སྒོ་>>དུས་དེབ་སྤེལ་ནས་བགྲང་བྱ་ལྔ་འཁོར་བར་རྟེན་འབྲེལ་དང་བཀའ་དྲིན་ལེགས་སོ་ཞུ་བའི་མུར།   <<སྒོ་>>དུས་དེབ་ཀྱི་འབྱུང་འགྱུར་ལ་རེ་བའི་བསམ་ཚུལ་འགའ་ཞིག་ཀྱང་ལྷན་ཐབས་སུ་སྤྲོ་བར་འདོད་དོ།།

 

དང་བོ།   རང་གི་ཉམས་མྱོང་ལས་སྒེར་གཉེར་དུས་དེབ་ཀྱི་དགེ་མཚན་སྤྱིར་གླེང་བ།

               ང་རང་ཕ་ཡུལ་ནས་བྱེས་སུ་གྱར་བའི་ལོ་ངོ་འགའི་རྗེས་སུ་ང་གཞི་ནས་གསར་རྩོམ་གྱི་ལམ་བུར་ཞུགས་པ་ཡིན།  སྐབས་དེར།  རང་གིས་འབད་པ་བརྒྱ་ཕྲག་གིས་བྲིས་བྲིས་ཏེ་རྩོམ་ཡིག་ཡིན་ནོ་ལོ་རེ་འགྲུབ་ཚེ་འཕྲལ་མར་དུས་དེབ་ག་གེ་མོ་རེར་བསྐུར་རྒྱུ་ནི་ཆེས་འཇུག་སྤྲོ་བའི་བྱ་བ་ཞིག་ཡིན་ལ།  དུས་དེབ་དེ་ནམ་ཐོན་ལ་རེ་བས་སྒུག་པ་ནི་སྐོམ་པས་ཆུ་འདོད་ལྟར་ངོ་མ་སྡོད་བཟོད་མི་ནུས་པ་ཞིག་ཡིན།   དེ་བས་གསར་རྩོམ་པ་ཞིག་ལ་མཚོན་ན་དུས་དེབ་ནི་རང་གི་རྩོམ་ཡིག་གི་གཤོག་རྩལ་ངོམ་ཞིང་གཤོག་འགྱུར་རྒྱས་སའི་ནམ་མཁའ་ཡངས་པོ་དེ་ཡིན་ངེས།   འདིས་དུས་དེབ་ཡིན་ནོ་ཅོག་ལ་ཁྱབ་པས་མ་ངེས་ཀྱང་ངས་འདིར་རྩོམ་ཡིག་འབྲི་སྦྱོང་གི་གསོ་སྐྱོང་དམིགས་སུ་འཛིན་པའི་དུས་དེབ་རིགས་གཙོ་བོར་གླེང་གིན་ཡོད།

ཏག་ཏག་སྐབས་འདིར་ཕྱི་མིག་ཅིག་བལྟས་ཚེ་དེ་ལྟ་བུའི་དུས་དེབ་ནི་རང་ཉིད་གསར་རྩོམ་གྱི་ལམ་བུ་ནས་རྩོམ་ཡིག་འབྲི་སྦྱོང་ལ་མུ་མཐུད་དུ་གོམ་ཁ་སྤོ་རུ་འཇུག་པར་ཆེས་སེམས་ཤུགས་སྦར་མཁན་གྱི་མེ་ཆ་ཉག་གཅིག་ཡིན་པའི་ངེས་ཤེས་འདྲོངས་ལ།  གལ་ཏེ་ང་ལ་སྐབས་དེར་རང་གི་རྩོམ་ཡིག་ཡིན་ནོ་ལོ་དེ་དག་འགོད་སྤེལ་བྱ་སའི་སྡིངས་ཆ་ཞིག་མེད་ཚེ་ང་དེ་རིང་ད་ལྟའང་ལག་རྡུམ་བྲག་ལ་འཛེག་པའི་ངང་ཚུལ་ལས་འདའ་མེད་པར་འདོད།  འདི་ནི་གུས་པའི་ཉམས་མྱོང་དང་འབྲེལ་ཏེ་སྤྱིར་དུས་དེབ་ལ་གསོ་སྐྱོང་གི་ནུས་པ་ཡོད་པའི་དགེ་མཚན་གྱི་ཕྱོགས་གཅིག་བསྟན་པ་ཙམ་ཡིན་ལ།  སྐབས་ཀྱི་གླེང་བྱར་གྱུར་པའི་<<སྒོ་>>དུས་དེབ་ཀྱིས་ཀྱང་ཁོར་ཡུག་ཅིག་ཤེས་ཡོན་གྱི་ཆ་ནས་གསོ་སྐྱོང་བྱེད་པའི་ཐབས་ཀྱི་མཆོག་འདི་བདམས་ཤིང་།  ཕྱོགས་ངོས་འདི་ནས་ལྟོས་བཅས་ཀྱིས་གྲུབ་འབྲས་ངེས་ཅན་ཞིག་འཐོན་ཡོད་པར་ཡིད་ཆེས་ཡོད།  དེ་བས་མུ་མཐུད་དུ་<<སྒོ་>>དུས་དེབ་ཀྱིས་ཁོར་ཡུག་བྱེ་བྲག་པ་དེའི་གནས་བབ་གཙོ་བོར་བཟུང་སྟེ་རྩོམ་ཡིག་འབྲི་སྦྱོང་གི་གསོ་སྐྱོང་དམིགས་སུ་འཛིན་པ་ལ་སེམས་ཤུགས་འཕར་སྣོན་བྱེད་པའི་རེ་བ་བླ་ལྷག་ཏུ་ཆེ།

 

གཉིས་པ།  རྩོམ་སྒྲིག་པའི་དཀའ་ངལ་ལ་བསམ་ཤེས་ཀྱིས་བཀའ་དྲིན་ལེགས་སོ་ཞུ་བ།

                 ང་ཡང་ཁོ་ཚོ་ལྟར་སྔ་ཕྱིར་ཁེ་མེད་དང་བླངས་ཀྱིས་དུས་དེབ་དང་ཚགས་པར་རྩོམ་སྒྲིག་གི་བྱ་བར་ཞུགས་མྱོང་བས་ངས་རྩོམ་སྒྲིག་པའི་གཞི་རྩའི་དཀའ་ངལ་ལ་ནམ་ཡང་བསམ་ཤེས་བྱ་ཐུབ།  ལྷག་པར་”རྩོམ་པ་མི་མཁོ་རྩོད་པ་མཁོ་”བར་འདོད་ཅིང་། ཐུན་མོང་རིག་གནས་ཆོས་གྲྭའི་འཆད་ཉན་གྱི་གེགས་སུ་ལྟ་བའི་ཁོར་ཡུག་ཅིག་ནས་དེ་ལྟའི་རྩོམ་སྒྲིག་གི་ལས་གཉེར་བ་ལ་ཁོ་ཚོའི་དཀའ་ངལ་ནི་ང་ཚོས་ཕྱི་ནས་མཐོང་བའི་རྩོམ་ཡིག་གཏགས་འཇུག་དང་སྒྲིག་སྦྱོར་ཞུ་དག་གི་ཚེགས་དང་ངལ་བ་དེ་ཙམ་པོ་མ་ཡིན་པར་ཁོར་ཡུག་གི་གནོན་ཤུགས་ཆེ་ཞིང་།   སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཞན་པ།    དཔལ་འབྱོར་གྱི་རྒྱབ་རྟེན་བྲལ་ཞིང་།   སྐབས་ཀྱི་ལས་ཞོར་འབའ་ཞིག་ཏུ་བགྱི་དགོས་པའི་དཀའ་ངལ་བཅས་ཡིན།

དེ་ལྟར་དཀའ་བའི་ཚེགས་དང་སྡུག་བསྟུད་མར་མྱངས་ཤིང་།   དཀོན་པོའི་རྒྱུ་དང་རྩ་ཆེའི་དུས་ཚོད་མང་བོ་མང་བོ་ཞིག་བློས་བཏང་བ་ན་ད་གཟོད་དུས་དེབ་ཅིག་ཀློག་པ་བོ་ཐུན་མོང་གི་སྐལ་དུ་འཐོན་པར་འགྱུར་ཡང་།   ད་དུང་།  སུས་ཀྱང་མི་མཐོང་མི་ཚོར་བའི་དཀའ་ངལ་ཐོལ་བ་མང་དག་ཅིག་ཡོད་ངེས་པ་ནི་ལས་འདིར་ཉམས་མྱོང་མེད་ན་འདིར་བཤད་པ་ཙམ་གྱིས་མངར་སྐྱུར་གྱི་བྲོ་བ་མྱོང་མི་ཐུབ།

དེ་བས་ཁོ་པ་ཅག་གིས་འདི་ལྟར་ང་ཚོས་མཐོང་བའི་དཀའ་ངལ་མང་བོ་མང་བོ་ཞིག་གདོང་གིས་བསུས་ཤིང་།  མི་མཐོང་བའི་དཀའ་ངལ་མོད་པོ་མོད་པོ་ཞིག་སེམས་ཀྱིས་མྱོང་བཞིན་<<སྒོ་>>དུས་དེབ་མི་ལོ་ལྔ་ཡི་བགྲང་བྱའི་ན་ཚོད་དུ་བསྐྱངས་ཤིང་གཉོར་བ་ནི་ཁ་མིན་སེམས་ཀྱིས་བཀའ་དྲིན་ཞུ་འོས་སུ་མཆིས་ལ།  ལྷག་དོན་ཁོར་ཡུག་དེའི་ངོས་ནས་ལེགས་སོ་གསོལ་འོས་སུ་འདོད་དོ།།

 

གསུམ་པ།  <<སྒོ་>>དུས་དེབ་ཀྱི་འབྱུང་འགྱུར་ལ་རེ་བའི་བསམ་ཚུལ་འགའ་ལྷན་ཐབས་སུ་སྨྲ་བ། 

                ཚད་ངེས་ཅན་ཞིག་ནས་བསྙད་ཚེ།   “དུས་དེབ་ཀྱིས་མི་རིགས་ཤིག་ལ་བསམ་བློའི་ཁ་ཕྱོགས་བསྟན་དགོས་ལ། མི་རབས་གཅིག་ཤེས་ཡོན་གྱི་ཆ་ནས་གསོ་སྐྱོང་གནང་དགོས་པའི་”(རྩོམ་པ་བོ་རྒྱ་གྲོལ་གྱི་ཚིག)ལྟ་ཚུལ་གཟུང་ཆོག་ལ།  ཐོག་མ་ནས་དམིགས་ཡུལ་དང་ཁ་ཕྱོགས་དེ་ལྟ་བུ་གཙོ་བོར་འཛིན་པ་ནི་རབ་དང་མཆོག་དང་རྩེ་གྲ་རུ་མི་འདོད་མཁན་ཞིག་ག་ལ་ཡོད།   གལ་སྲིད་དེ་ལྟར་མ་བྱུང་ནའང་<<སྒོ་>>དུས་དེབ་ཐོག་མར་གང་དུ་འཚར་སའི་ཁོར་ཡུག་དེ་ཙམ་པོར་གཙོ་བོར་དམིགས་ཏེ་ཁ་ཕྱོགས་ངེས་ཅན་ཞིག་བཟུང་ནའང་འཐུས་པར་འདོད་དེ།  ང་ཚོས་ཐུན་མོང་རིག་གནས་ཀྱི་མཁའ་དབུགས་སྲབ་པའི་ཁོར་ཡུག་ཅིག་ནར་སོན་པ་ལ་ཐོག་མར་ལས་དང་བོ་བ་ཚོར་རྩོམ་ཡིག་འབྲི་སྦྱོང་གི་ཁོར་ཡུག་བསྐྲུན་རྒྱུ་ནི་གལ་ཆེ་ལ།  དེའང་དུས་དེབ་དང་ཚགས་པར་གྱི་སྡིངས་ཆ་བསྐྲུན་པ་འདི་ནི་ཐབས་ཀྱི་མཆོག་ཏུ་ལྟ་འོས་སྙམ།  དེ་བས་གཤམ་དུ་ངས་དུས་དེབ་ཀྱི་འབྱུང་འགྱུར་ལ་རེ་བའི་བསམ་ཚུལ་འགའ་སྨྲ་བར་འདོད།

 

༡  ཕྱིའི་དེབ་གཞིའི་ཇུས་འགོད་དང་པར་ངོས་སྒྲིག་སྦྱོར་ལེགས་དགོས།

              དུས་དེབ་ཅིག་ལ་མཚོན་ན་ནང་པར་ངོས་སྒྲིག་སྦྱོར་ལས་ཀྱང་ཕྱིའི་དེབ་གཞིའི་ཇུས་འགོད་དེ་ཧ་ཅང་གལ་ཆེ་སྟེ།  ཕྱིའི་ཇུས་འགོད་ནི་ཀློག་པ་བོ་ཆེ་ཆུང་སུ་ཞིག་ཡིན་རུང་ཐོག་མར་མིག་དབང་འདྲེན་པའི་རྙི་ཐག་ལྟ་བུ་ཡིན།  དེ་བས་དེབ་གཞིའི་ཇུས་འགོད་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་སྟེང་དེང་རབས་མཛེས་དཔྱོད་ཀྱིས་ཟུར་བརྒྱན་པར་བྱ་དགོས་ལ།  དེ་ནས་པར་ངོས་སྒྲིག་སྦྱོར་ལའང་སྒྲིག་གཞི་ཞིབ་ཚགས་ཤིང་རྣམ་པ་ཁོད་ཡངས་པ་བཅས་ཀློག་པ་བོས་བལྟས་པ་ཙམ་གྱིས་མིག་དབང་འདྲེན་ཐུབ་པ་ཞིག་ཏུ་བརྩོན་དགོས།  དེའང་ང་ཚོས་མིག་སྔར་མི་རིགས་གཞན་གྱི་ཚད་ལྡན་དཔེ་སྐྲུན་ལས་རིགས་ལས་ལེགས་ཆ་ཚུར་ལེན་བྱ་རྒྱུ་ནི་གལ་ཆེ་ལ།  རྒྱུན་དུ་རྩོམ་སྒྲིག་པས་དཔེ་ཚོང་ཁང་དང་དྲ་བ་བཅས་སུ་ཉུལ་སྐབས་དེབ་རིགས་སྣ་ཚོགས་ཀྱི་ཕྱི་ནང་གི་མཛེས་ཆ་ལ་དོ་སྣང་མཉམ་འཇོག་བྱས་ཏེ་གཞན་གྱི་ལག་རྩལ་དང་མཛེས་དཔྱོད་ལས་བློ་སྐྱེད་འཚོལ་རྒྱུ་ནི་སླད་མར་རང་གི་དུས་དེབ་ཀྱི་ཕྱི་ནང་གི་རྣམ་པ་ཇེ་ལེགས་དང་སྤུས་ཀ་ཇེ་མཛེས་སུ་གཏོང་བའི་ཐབས་དང་གྲོགས་སུ་ཉེ་བར་འགྱུར་རོ།།

 

༢  བསམ་བློའི་སློབ་གསོར་སྨན་པའི་བརྗོད་བྱ་བསྡུ་དགོས།

          གོང་དུ་གུས་པས་རྩོམ་པ་བོ་དགེན་རྒྱ་གྲོལ་གྱི་སྐད་ཆ་དུམ་བུ་ཞིག་བཀོད་པ་ལས།  “དུས་དེབ་ཀྱིས་མི་རིགས་ཤིག་ལ་བསམ་བློའི་ཁ་ཕྱོགས་བསྟན་དགོས་”ཞེས་པ་ལྟར།  སྐབས་ཀྱི་གླེང་བྱར་གྱུར་པའི་<<སྒོ་>>དུས་དེབ་ཀྱིས་ཀྱང་ཁོར་ཡུག་ཅིག་ལ་བསམ་བློའི་ཁ་ཕྱོགས་བསྟན་དགོས་ན།  བསམ་བློའི་སློབ་གསོར་སྨན་པའི་བརྗོད་བྱ་འཚོལ་བསྡུ་བྱ་དགོས།  དེའང་གོ་སླ་ཞིང་ཚིག་སྦྱོར་ལེགས་པའི་བོད་རང་གི་གནའ་དེང་གི་བརྩམས་ཆོས་གྲགས་ཅན་རེ་དང་།  ཡང་ན་བསམ་བློའི་སློབ་གསོ་ཤས་ཆེ་བའི་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཚོའི་བརྩམས་ཆོས་བོད་འགྱུར་མ་རེ་ཅིས་ཀྱང་འོས་སྦྱོར་བྱ་རྒྱུ་གལ་ཆེ།  དེ་མིན་ཀློག་པ་བོའི་ཡིད་འགུགས་ཀྱི་ནུས་པ་སྐྱེན་པའི་ལེགས་རྩོམ་ཅི་ཞིག་ཡིན་རུང་དུས་ནས་དུས་སུ་མཁོ་སྤྲོད་བརྒྱུད་འགོད་བྱས་པ་ན་གོང་དུ་བརྗོད་པ་ལྟར་དུས་དེབ་ཀྱིས་ཆེ་ས་ནས་བཤད་ན་མི་རིགས་ཤིག་ལ་བསམ་བློའི་ཁ་ཕྱོགས་སྟོན་ཐུབ་ལ། ཆུང་ས་ནས་རང་ཉིད་གང་དུ་འགྲེམས་སྤེལ་བྱ་སའི་ཁོར་ཡུག་དེ་ཙམ་པོར་ཡང་དངོས་ཤུགས་གང་རུང་ནས་ནུས་པ་རེ་མི་ཐོན་པའི་ངེས་པ་གཏན་ནས་མེད་དོ།།

 

༣ རྗོད་བྱེད་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་དགོས།

          དེང་དྲ་དེབ་ཚགས་ངོས་(དྲ་རྒྱ་དང་དུས་དེབ། ཚགས་པར་གསུམ་གྱི་བསྡུས་མིང་དུ་གོ་དགོས།)གང་དུའང་ཡིག་ནོར་མེད་པའི་བརྗོད་པ་ཞིག་མཐོང་དཀོན་ལ།  ལྷག་པར་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་གང་སར་ཡིག་ནོར་གྱི་རྫོབ་མཐུག་ལ།  ཁ་སྐད་ཀྱི་དཔུང་དར་བའི་སྐབས་ཤིག་ཡིན་ཙ་ན།  སྒེར་གཉེར་དུས་དེབ་ཀྱིས་ཅིས་ཀྱང་རྗོད་བྱེད་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་པའི་ལངས་ཕྱོགས་བརྟན་པོར་བཟུང་སྟེ། མགོ་མཇུག་བར་གསུམ་དུ་ཁ་སྐད་ཀྱི་ཚི་དྲེག་དབྲལ་ཞིང་། ཡིག་ནོར་གྱི་དྲི་མ་འདོར་བར་བྱ་དགོས།

དེ་ལྟར་རྗོད་བྱེད་ཁམས་གཙང་ཞིང་སྒྲོས་དག་པའི་ཕྱོགས་སུ་གོམ་པ་རྒྱུན་འཁྱོངས་ཀྱིས་སྤོ་ཐུབ་ན་མིག་སྔའི་སྤྱི་ཚོགས་སྟེང་སྒེར་གཉེར་དུས་དེབ་སྤྱི་ལ་འཛིན་པའི་ལྟ་ཚུལ་སྡུག་ཅག་དེ་བཟང་ཕྱོགས་ནས་ག་ལེར་ལྡོག་པར་ངེས་ལ།  ནམ་ཞིག་<<སྒོ་>>དུས་དེབ་ཀྱི་འཕྲིན་ལས་ཕྱོགས་སུ་རྒྱས་ཏེ་ཁ་བ་རི་བའི་སྐད་ཡིག་འཕེལ་རྒྱས་ལ་ནུས་པ་རླབས་ཆེན་ཞིག་འཐོན་པར་ཡང་རེ་བ་དང་ཡིད་ཆེས་བྱ་ཆོག་གོ།།

 

མཇུག་གི་གཏམ།

             གོང་དུ་དོན་གནད་བྱེ་བྲག་པ་རེ་དམིགས་སུ་བཟུང་སྟེ་གླེང་བ་ནི་མིག་སྔའི་<<སྒོ་>>དུས་དེབ་ཀྱི་ཞན་ཆ་ནས་བཟུང་བ་མིན་པར་སྤྱིར་དུས་དེབ་ཅིག་བསྒྲུབ་པ་ལ་མ་མཐའི་མཉམ་འཇོག་དགོས་པ་འགའ་རེར་རང་གི་ལྟ་ཚུལ་ཐོར་རེ་བ་ཞིག་བྱེ་བྲག་ཏུ་གླེང་བ་དེ་ག་རང་ཡིན།  དེ་མིན་འདི་ཙམ་གྱིས་དུས་དེབ་ཅིག་འཐུས་ཚང་དུ་འགྲུབ་བམ་ཞེ་ན་ག་ལ་ཡིན་ཏེ་མ་ཡིན་པས་རྣམ་པ་ཚོས་དུས་ནས་དུས་སུ་འདིའི་སྐོར་ལ་ཐུགས་གཞིགས་གནང་བའི་རེ་བ་ཡོད།

མཇུག་མཐར།   དབྱངས་གསལ་སོ་བཞིའི་འཕྲིན་ལས་ཕྱོགས་ནས་ཕྱོགས་སུ་རྒྱས་པའི་མུར།  <<སྒོ་>>དུས་དེབ་ཀྱི་མདུན་ལྗོངས་འོད་དུ་འཚེར་བའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ།

 

༢༠༡༤ ལོའི་ཟླ་ ༡༢ ཚེས་ ༢༠ དགོང་མོར་ཞི་བདེ་རྒྱ་མཚོ་ཆེན་པོ་དང་ཁད་ཉེ་བར་སྦྱར།