མཇུག་མས་ཀུན་པོར་བགྲོ་བ། ༼མཁས་པའི་བློ་མིག་ཏུ་མེད་པ་ཞིག སྤྲང་བོའི་སྤྲང་ཁུག་ཏུ།   ༽

སྤྱིར་མང་བོ་ཞིག་ལབ་འདོད་ནའང་།   འདིར་བརྒྱ་ཁ་གཅིག་ཆོད་ཀྱི་དབང་དུ་བྱས་ཏེ།  ལབ་འདོད་པ་ནི་ང་ཚོས་ཤུལ་དངོས་སུ་གོ་རུང་བའི་དངོས་གཟུགས་གང་ལའང་དུས་ཀྱི་གཤོག་པ་གཟུག་ཤེས་རྒྱུ་འདི་ཤིན་ཏུ་གལ་ཆེ་བར་སེམས།  ཁོ་བོས་ཆོས་ལུགས་ལྟེ་བའི་བྱས་པའི་བོད་པའི་སྤར་བྱུང་རིག་གནས་༼ 游牧文化 ༽ཀྱི་ནང་དོན་བྱེ་ག་པ་དང་སྣང་ཚུལ་ཡན་གར་བ་གང་ལའང་ལྟ་ཚུལ་འདི་སྤྱད་ནས་ལྟ་གིན་ཡོད་ལ།   འདི་ལྟར་ན་ད་གཟོད་འུ་ཚོར་རེ་བ་དང་ཡིད་ཆེས་ཅུང་མཐོ་བར་མངོན།  དེ་བས་འདིར་དུས་རབས་བདུན་པར་རྒྱ་གར་ནས་བརྩམས་ཤིང་།  བཅུ་གསུམ་པར་ཆ་ཚང་བོད་དུ་བསྒྱུར་ནས་བཀོལ་ཞིང་།  བཀོལ་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་མེ་ལོང་མའི་བསྐྱར་གསོན་གྱི་ཐབས་གཉིས་དང་།   བོད་རྩོམ་གཞུང་འཕེལ་འགྱུར་གྱི་ལམ་གསུམ་དུས་བབ་ལ་གཞིགས་ཏེ།   ཐར་ཆགས་སུ་ལབ་པར་བྱ།       དང་པོ་སྟེ་མེ་ལོང་མ་ནི་དུས་རབས་བཅུ་གཅིག་པར་ཐོ་རེ་ལོང་ངེ་ཙམ་ཞིག་བོད་ལ་ས་པཎ་ནས་བསྒྱུར་ཅིང་།   རྗེས་སུ་ཆ་ཚང་བོད་དུ་འགྱུར་ཏེ།   དེའི་རྣམ་པ་ཅན་གྱི་ཚིགས་བཅད་ལེའུ་བགྲང་གིས་མི་ལོངས་པ་ཟམ་མ་ཆད་པར་བྱུང་མྱོང་ལ།  དེར་བརྟེན་ནས་དགེ་བ་ལས་སྐྱོན་གྱི་རིམ་པའང་མཐོང་སྟེ།  མེ་ལོང་མར་སྡིགས་པ་དང་དམོད་མཁན་ཡང་ཅི་རིགས་ཤིག་ཐོན་མྱོང་།  ཡིན་ནའང་ཤིན་ཏུ་ནས་བློ་ཡིད་སྐྱོ་བ་ནི།  མེ་གཞུང་‚གིས་དགོངས་པའི་སྙན་ངག་ནི་བཅད་པ་ཁོ་ནར་ལྟ་ལ།  མེ་གཞུང་དེ་སྙན་གཞུང་ཙམ་ལས་རྩོམ་གཞུང་དུ་རློམ་པ་ཉུང་བར་བརྟེན།  དུས་བབ་ཀྱི་མདུན་ནས་མེ་ལོང་མའི་མདོག་ཡལ་བར་གྱུར་ཏེ།  ཤི་མ་གསོན་དུ་གནས་ཡོད།  བསྐྱར་གསོན་གྱི་ཐབས་ནི།  འདི་རྩོམ་གཞུང་དུ་བལྟས་ཏེ། ལྷུག་བཅད་སྤེལ་གསུམ་གང་གི་རྣམ་པ་ལྟར་དེ་བཀོལ་ཞིང་སྤྱོད་དགོས་པ་སྟེ།  མེ་གཞུང་བཅད་པའི་རྣམ་པ་ཅན་སྔོན་ཆད་བརྩམས་ཤིང་བརྩམས་པས་འདིར་ཆེ་ཕྱོགས་ནས་རྩོམ་གྱི་རྣམ་པ་ལྟར་དུས་ལ་གཞིགས་ཏེ།  བསྐྱར་གསོན་གྱི་ཐབས་གཉིས་སོ་སོ་ནས་བསྟན་ན།

གཅིག       མེ་གཞུང་ལྷུག་རྩོམ་དུ་བཀོལ་ཞིང་སྤྱོད་དགོས་པ།

དོན་ལ་གོང་ནས་བཤད་ཟིན་པ་ལྟར་ང་ཚོས་མེ་གཞུང་དེ་རྩོམ་གཞུང་ཞིག་བལྟས་ནས་སློབ་གྲྭ་ཆེ་ཁག་དང་དགོན་སྡེ་སོ་སོར་མེ་གཞུང་རྣམ་པའི་ལྷུག་རྩོམ་ལད་ཁྲིད་མཁན་དང་ལད་འབྲི་མཁན་སྐྱེད་བསྲིང་དང་དེ་འདྲའི་བསམ་བློ་དར་ཁྱབ་རྒྱ་སྤྱོད་གཏང་དགོས་ཏེ།  བྱེ་བྲག་གི་རྒྱན་གང་དེ་བཅད་མ་རྐྱང་བ་མ་ཡིན་པར་ལྷུག་པའི་རྣམ་པ་ལྟར་འབྲི་བ་དང་བཀོལ་བ་ལོབས་སུ་གཞུག་དགོས་ལ།   དེ་ཡང་ངེད་ཀྱིས་སློབ་ཆེན་འགྲིམ་གྱིན་པའི་སྐབས་སུ་ཐེངས་འགར་དེ་ལྟར་རྒྱན་ལྷུག་མ་འགའ་རྒན་ལ་བསྟན་ཡང་།  ཁོང་གིས་དོ་སྣང་དེ་ཙམ་མ་བྱས་པ་དྲན་ན། འུ་ཚོའི་ཁོར་ཡུག་ཏུ་དོན་གསར་བ་དང་ཡག་པ་གང་དེ་ལེན་པ་དང་སྤྱོད་པ་ཅུང་དཀའ་ལ།  ཆུང་བོ་བདག་འདྲ་བས་གཏམ་ལུགས་སུ་གནས་པ་གསེར་འདྲ་བ་ཅི་བཤད་ཀྱང་བཤད་ཀྱང་།  ཨ་ལན་གནང་མཁན་སུ་ཡོད་སྙམ་ནས་སེམས་ནོངས་རུང་།  ཀུན་པོས་དེར་དོ་སྣང་དང་བསམ་གཞིག་གཏང་རྒྱུ་སྤྱི་བོའི་མདུན་ལམ་ལ་རག་ལས་འདུག་པས།  མེ་གཞུང་ལྷུག་རྩོམ་དུ་བཀོལ་ཞིང་སྤྱོད་ཅིག་ཅེས་སྨྲ་འདོད།

གཉིས།     མེ་གཞུང་མོས་རྩོམ་དུ་བཀོལ་ཞིང་སྤྱོད་དགོས་པ།

འདིར་མོས་རྩོམ་ཞེས་པ་ནི་རྩོམ་གྱི་རྣམ་པ་ལྟར་བཏགས་པ་སྟེ།  ཆུང་ས་ནས་རང་མོས་སྙན་ངག་ལྟར་གོ་ཆོག་ཅིང་།  དབྱངས་འགྲོས་ཅུང་ལྡན་ལ་ཚིག་གི་རྐང་བ་རང་གི་མོས་པ་ལྟར་བྲིས་པའི་རྩོམ་གྱི་རིགས་ལ་ཟེར་ཏེ།  མེ་གཞུང་འདིིའི་རིགས་སུ་བཀོལ་བ་དང་སྤྱོད་པ་གལ་ཆེ་ཞིང་།  མེ་ལོང་མའི་རྣམ་པ་ཅན་གྱི་རང་མོས་རྩོམ་ཡིག་དང་བྱེ་བྲག་དེའི་ཐབས་སམ་རྒྱན་ལྟར་རང་མོས་སྙན་ངག་དང་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་པ་འགངས་ཆེ་བར་སེམས།  མ་ཡིན་ན་མེ་ལོང་མ་དུས་ཀྱི་རབ་ཁ་ནས་རུལ་ཏེ་ལོ་རྒྱུས་ཀྱི་རིན་ཐང་དང་དུས་རབས་ཀྱི་རིན་ཐང་ཡོངས་ཉམས་ལ།   ཁོ་བོ་འདུ་བའི་ལོ་གཞོན་མང་བོ་ཞིག་གིས་མེ་ལོང་མར་སྤྱོ་བ་དང་སྡིགས་པ་དོན་ཐོག་ཏུ་འཁེལ་བར་འགྱུར།    དེ་བས་ང་ཚོས་རང་རང་སོ་སོ་ཁོ་བོས་འདིར་བསྟན་གྱི་མེ་ལོང་མ་བསྐྱར་གསོན་གྱི་ལམ་གཉིས་ཀར་ཞུགས་ཏེ།    དེར་དུས་རབས་ཀྱི་གཤོག་པ་གཟུག་རྒྱུ་གཙིགས་ཆེའོ།།  འདི་དང་སྦྱར་ཏེ་ཞར་ལ་སྟོན་འདོད་པ་ནི།  གཉིས་པ་བོད་རྩོམ་གཞུང་འཕེལ་འགྱུར་གྱི་ལམ་མ་ནོར་བ་གསུམ་སྟེ།    རེ་རེ་བཞིན་ལབ་ན།

གཅིག   རང་ཡིག་གདམ་དུ་ཐོངས།

ང་ཚོ་མི་རིགས་བྱེ་བྲག་པ་གང་ཞིག་ཡིན་ནའང་།  རང་ཆོས་བོར་ན་གཞན་དང་ཁྱད་པར་འབྱེད་དཀའ་ཞིང་།  འཚོ་བ་དོན་གྱིས་སྟོངས་པས་བོད་ཀྱི་རྩོམ་དེ་འཛམ་གླིང་གི་རིག་གཞུང་རྩོམ་སྟེགས་སུ་གཟུད་དགོས་ནའང་།  ཆེས་མ་མཐའམ་རྩ་བར་གྱུར་བའི་མི་རིགས་ཀྱི་རང་ཆོས་འབོར་མི་ཉན་པས་ང་ཚོས་སྔ་རབས་ཀྱི་གླིང་སྒྲུང་གཙོ་བྱས་པའི་རིག་གནས་ཀྱི་གླེགས་བམ་ཕོན་ཆེ་བོ་དང་རྩ་ཆེ་བ་དག་བཀླགས་ཤིང་།  དེར་བརྟགས་ཏེ།    བོད་དམངས་ཁྲོད་ཀྱི་གླུ་དབྱངས་ལ་གཞས་དང་བཅས་པར་ཉན་ཉན་ནས་བོད་རང་གི་སྐད་བརྡའི་ཁྱད་ཆོས་དང་མཛེས་ཆོས་ཤིག་སྔོག་འདོན་དང་འཚོལ་རྟོག་བགྱིས་ཏེ།   དེར་ཕྱོགས་སྡོམ་དང་ཞིབ་འཇུག་བགྱི་བ་ནི།   བོད་རྩོམ་གཞུང་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་ཞིང་།  མེད་ན་ཉེས་པའི་ཐོག་མའི་གོ་རིམ་ཞིག་ཏུ་ཟད་དེ།  རང་ཡིག་སློག་པ་དང་སྔོག་པ་འདི་རྨང་དང་རྟིང་།   རྩ་བ་རུ་ལྟ་རུང་ངོ་།།

གཉིས།   མེ་གཞུང་མགྲོན་དུ་དྲོངས།

དེ་ལྟ་བུའི་རང་ཡིག་རང་ཆོས་ཀྱི་རྩ་བ་ཞིག་ཡོད་པ་གཞི་བཅས་པའི་སྟེང་དུ།  འུ་ཚོར་དུས་ཡུན་རིང་བོར་འདྲིས་ཤིང་གོམས་ལ་རྩོམ་སྟེགས་སུ་བརྗིད་པོར་འགྱིང་བའི་མེ་ལོང་མར་ཡུལ་དང་འཚམ་པའི་དུས་ཀྱི་གཤོག་པ་བཙུགས་ཏེ།  དེའི་རྣམ་པ་ཅན་གྱི་ལྷུག་པ་དང་མོས་རྩོམ་འབྲི་བ་དང་བཀོལ་བ་རྒྱ་ཁྱབ་ཏུ་བཏང་ན།  འོ་ཇའི་ཇ་ཁར་མར་གྱིས་བརྒྱན་པ་བཞིན་མཛེས་ཤིང་རྩིས་ཆེ་བ་སྟེ།  མེ་ལོང་མའི་ངོས་ནས་འདི་སླར་གསོན་པའི་ཐབས་དམ་པ་ཞིག་དང་།  བོད་སྐད་པ་དག་གི་ངོས་ནས་རྩོམ་གཞུང་ཚད་ལྡན་དང་འཐུས་ཚང་དུ་གཏོང་བའི་ལམ་མ་ནོར་བ་ཞིག་སྟེ།  དངོས་གནས་དགེ་ལེགས་སུམ་འཛོམས་ཀྱི་འདོད་དོན་བླ་མེད་ཅིག

གསུམ།    གཞན་ལུགས་རྒྱན་དུ་སྤྱོད།

རབས་འདི་དང་དུས་འདི་ནི་འཕེལ་རྒྱས་དང་འགྲན་རྩོད་ཀྱི་སྐབས་ཤིག་ཏུ་བཤད་པས་ང་ཚོར་ནམ་དུའང་གཞན་གྱི་ལེགས་ཆ་དང་བཟང་ཆ་དང་དུ་ལེན་པའི་བློ་མ་འཁྲུལ་བ་ཞིག་མངའ་དགོས་ལ།  འདི་ནི་གཏན་གྱི་འཚོ་ཕྱོགས་མ་ནོར་བ་ཞིག   རྒྱུ་མཚན་དེའི་དབང་གིས་ང་ཚོས་རང་གི་མི་རིགས་ཀྱི་རང་ཆོས་རྣམས་བླངས་པ་ཁོ་ནས་མི་འཐུས་ལ།  མེ་གཞུང་བཅོས་པ་འདིས་ཀྱང་མི་ཆོག་པར་མི་རིགས་གཞན་དང་སྐད་ཡིག་གཞན་གྱི་རྩོམ་གཞུང་དང་འཛམ་གླིང་གི་ལོ་རྒྱུས་རིང་བའི་རིག་གནས་ཀྱི་གླེགས་ཚན་བསྒྱུར་ཅིང་བཀོལ་པ་འདི་སྐོམ་པར་ཆུ་འདོད་པ་ལྟར་གལ་ཆེ་སྟེ།   དེ་ལྟར་ན་མི་རིགས་དང་སྐད་ཡིག་ལ་དུས་ཀྱི་ཁ་མདོག་དང་རིན་ཐང་མངའ་སྲིད་དེ།  མ་ཡིན་ན་གནའ་ཤུལ་གྱི་རིན་ཐང་ལས་ཅི་ཡང་མངའ་བ་མིན།

འདི་ལྟར་མི་རིགས་ཀྱི་རྩོམ་གཞུང་འཕེལ་འགྱུར་གཏང་དགོས་ན།   ལམ་འདི་གསུམ་ཀ་ལ་འབད་དགོས་ཏེ།   དང་པོར་རང་ཡིག་རང་སྐད་ཀྱི་རྨང་གཞི་བྱས་ཐོག  དེའི་ཁྱད་ཆོས་དང་ཡོན་ཏན་སྤྱི་སྡོམ་བྱས།   དེ་ནས་མེ་གཞུང་བོད་རྩོམ་གཞུང་དུ་ཡངས་པོར་རྒྱ་ཆེར་སྤྱད།   མཐའ་མར་འཛམ་གླིང་གཞན་སྐད་གཞན་ཡིག་གི་ལེགས་ཆ་དང་འཚོ་ཚིས་གཞིབས་ན།   ད་གཟོད་བོད་འདི་འཛམ་གླིང་དང་ཐག་ཉེ་ལ།  འཛམ་གླིང་སྔོན་ཐོན་མི་རིགས་དང་སྐད་རིགས།   འཚོ་ཕྱོགས་དང་ཐག་ཉེ་ཐུབ་སྟེ།  འཕེལ་རྒྱས་ཞེས་པའང་གླེང་ངེས་སོ།།   ༼    འདིའི་དབུར་ཟུར་དུ་མེ་གཞུང་གི་དུས་རབས་རིན་ཐང་ངམ་བསྐྱར་གསོན་ཐབས་ལབ་དོན་ནི་དགོས་ཆོས་གྱ་ནོམ་དུ་གྱུར་བས་ཡིན་ཏེ།    ཀུན་པོས་སོམས།   རྟོགས།   དཔྱོད།  ཁྲོལ།   མ་ཡིན་ན་འཆད་ཟིན་གྱི་བོད་རྩོམ་གཞུང་འཕེལ་འགྱུར་ལམ་བུ་གཉིས་པ་རུ་སྤྲོས་རུང་འགལ་ཆ་མེད་ལ།  སྟབས་བདེ་ནའང་།   དབུར་ལབ་པར་དོན་ལ་དགོས་པ་ཆེའོ།།༽

༼  བྲིས་ཟིན་གྱི་སེམས་ཚོར་མཐའ་སྐད། ༽ƒ

༼   མཐའི་མཐའ་སྐད་ནི།  ཁོ་བོ་དུས་ཡུན་རིང་ཙམ་ལ་ཙག་ཙིག་གི་ལས་ལ་འཇུས་པས་སེམས་རྣལ་མས་ཟིན་ཐོ་འབྲི་ཡུན་མ་ལོན་ལ།  རྒྱུན་པར་མཐའ་དཔྱོད་དང་དགག་འཇོག་གི་རྩོན་ཐུན་བྲིས་པ་ཅུང་མང་བས་བྲིས་ཟིན་གྱི་རྩོམ་དེ་འཁྱོངས་སོང་སྙམ་པའི་བློ་སྟོབས་དང་།  མིང་དང་ཚིག་གི་གོ་བ་འཕྲོད་འདུག་པའི་ངའོ་ཡང་ཡེ་ནས་དབེན་པས་ད་དུང་འདི་དང་འདི་འབྲེལ་གྱི་ཅི་ཞིག་ལྷག་སོང་བ་དང་ཆད་སོང་བའི་སྣང་བ་ཞིག་རྒྱུད་མར་སྐྱེ་ཞིང་།   དབུགས་རྒྱུན་དང་བསམ་རྒྱུན་མ་ཆད་པར་ལུས།   ༽

༢༠༡༦ .   ༤ .    ༥ ཉིན།


མཆན།

འདི་ནི་ཁོ་བོས་བོད་རྩོམ་གཞུང་དང་མེ་གཞུང་གི་ཐད་ལ་བཏོན་པའི་ལྟ་ཚུལ་ཞིག

མེ་ལོང་མའི་གཞུང་གི་མིང་བསྡུས་པ་སྟེ།  དེའི་རྣམ་གཞག་ལ་གོ

ƒའདི་ནི་ཟིན་རྩོམ་བྲིས་རྗེས་སུ་བྱུང་བའི་སེམས་ཚོར་ཞིག་སྟེ།  དེ་མུར་བྲིས