ཨ་ང་ཙིའི་འཇབ་རྒོལ་ཐེབས་ཏེ་ལུས་པོ་སྐྲང་ཞིང་ཟ་འཕྲུག་དང་ན་ཟུག་བཟོད་ཐབས་བྲལ་བ་སྐྱེ་ཐེངས་རེར་ངས་དེའི་གདུག་རྩུབ་དང་གཡོ་སྒྱུ་ཆད་ལྷག་མེད་པར་ཐེར་འདོན་བྱེད་དགོས་བསམ་ནའང་རིམ་བཞིན་སྐྲང་ཞི་ཞིང་ཟ་འཕྲུག་ན་ཟུག་ཡལ་བ་དང་བསྟུན་ནས་བཟོད་སྒོམ་བྱས། ཡིན་ནའང་ཨ་ང་ཙི་ལ་ཆོག་ཤེས་གཏན་ནས་བྲལ་ཞིང་འདོད་རྔམས་ཇེ་ཆེ་ཡིན་པ། ངའི་བཟོད་སྒོམ་དེ་ཁོས་ནུས་མེད་དུ་རློམ་བཞིན་ཡོད་པས་ད་ནི་དེའི་ངོ་ཚ་བྲལ་ཞིང་གཡོ་སྒྱུ་འཛོམས་པའི་བྱ་སྤྱོད་ལ་ཁ་རྡུང་དྲག་པོ་གཏོང་བའི་དུས་མཚུངས་ཁྱོན་ཡོངས་ནས་རྒོལ་ལན་སྤྲོད་པའི་སེམས་ཐག་བཅད།

སྤྱིར་ན་ཨ་ང་ཙི་ཡང་འགྲོ་བ་མིའི་རིགས་དང་འདྲ་བར་སའི་གོ་ལའི་ཁྱིམ་ཚང་གི་སྲོག་ལྡན་གཅིག་ཡིན་པའི་ཆ་ནས་ཁོ་པར་ཡང་འཚོ་གནས་དང་རྒྱུད་སྤེལ། དར་འཕེལ་གྱི་ཐོབ་ཐང་ཡོད་པ་སྨོས་མ་དགོས། དེ་བས་ན་གང་དུ་ཁ་ཟས་འཚོལ་བ་དང་འཚོ་བཅུད་ལེན་པ་ནི་གང་དེའི་ཁྲིམས་མཐུན་ལུགས་མཐུན་གྱི་ཐོབ་ཐང་ཡིན་མོད། འོན་ཀྱང་དེའི་ཁ་ཟས་དང་འཚོ་བཅུད་ལེན་ཐབས་ནི་གཡོ་སྒྱུ་དང་འཇབ་རྒོལ། ལྷག་པར་དུ་མཚན་འགེབས་སོགས་ཆེས་ངོ་ཚ་བྲལ་བའི་ཐབས་ངན་ཁོ་ན་བརྟེན་བཞིན་ཡོད་པས་ན་ངས་དེ་ལ་བཟོད་སྒོམ་གཏན་ནས་བྱེད་མི་ཐུབ།

དེ་ཡང་དགྲ་ལ་འཐབ་ན་ཐོག་མར་དགྲ་བོར་རྒྱུས་ལོན་བྱེད་པ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པས་ངས་ཨ་ང་ཙིའི་སྐོར་གྱི་འབྲེལ་ཡོད་རྒྱུ་ཆ་འཚོལ་སྡུད་དང་། དེར་དབྱེ་ཞིབ་ཞིབ་འཇུག་བྱས་པ་ཡིན། འབྲེལ་ཡོད་རྒྱུ་ཆ་ལྟར་ན་སའི་གོ་ལའི་སྟེང་ཨ་ང་ཙིའི་རིགས་མི་འདྲ་བ་སུམ་སྟོང་ཙམ་ཡོད་པ་དང་། ཨ་ང་ཙིས་ཐེངས་གཅིག་ལ་ཕྲུ་གུ་སུམ་བརྒྱ་ཙམ་སྐྱེ་བ། ཚེ་གང་ལ་ཕྲུ་གུ་ཐེངས་བརྒྱད་སྐྱེ་བར་བཤད་ཡོད་པས་ན་ང་ཚོ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་དགྲ་བོ་འདི་ནི་ཅི་འདྲའི་དཔུང་མཐུག་པ་དང་སྟོབས་ལྡན་པ། འཇིགས་སུ་རུང་བ་ཞིག་ཡིན་པ་ནི་སྨོས་མ་དགོས།

ད་ནི་ཨ་ང་ཙིའི་གནོད་འཚེ་དང་ཉེས་པ། གཡོ་སྒྱུ་ཐེར་འདོན་བྱེད་པའི་སྐབས་ཡིན་ཏེ། ཨ་ང་ཙི་ཕོ་ཡིས་སྐྱེ་དངོས་ཀྱི་གཤེར་ཁུ་གཞིབ་པ་ལས་མི་དང་སྲོག་ཆགས་ཀྱི་ཁྲག་མི་གཞིབ་ལ། ཨ་ང་ཙི་མོ་ཡིས་ད་གཟོད་མི་དང་སྲོག་ཆགས་ཀྱི་ཁྲག་གཞིབ་པའི་དུས་མཚུངས་སུ་ཏང་ཀར་ཚ་བ་དང་འདར་ནད་སོགས་འགོས་ནད་ཚབས་ཆེན་བརྒྱུད་སྤེལ་བྱས་ཏེ་བགྲང་ལས་འདས་པའི་ཚེ་སྲོག་འཕྲོག་ཅིང་། ཐེངས་མང་པོར་འགྲོ་བ་མིའི་རིགས་ཆག་འཇིག་གི་གནས་སུ་གཏད་མྱོང་། རྒྱུ་ཆ་ལྟར་ན་ལྟས་ངན་འདི་ཤ་སྐྱི་འཇམ་པའི་བྱིས་པ་དང་ཤ་ཆང་ལ་དགའ་བའི་མི་ཡི་ཁྲག་གཞིབ་པར་ལྷག་ཏུ་དགའ་བར་མ་ཟད་དེ་དག་ལ་འཇབ་རྒོལ་ཐེབས་ཚེ་གནོད་འཚེའང་གཞན་ལས་ཆེ་ཟེར་བ་བདེན་པ་འདྲ་སྟེ། ང་ནི་ནམ་རྒྱུན་ཨ་ང་ཙིའི་གསོན་འབེན་དུ་འགྱུར་བར་མ་ཟད་ལག་པ་དང་མཛུབ་གུ་ལ་སོ་བཏབ་ཚེ་རྩ་ལམ་དེད་ནས་དཔུང་བའི་བར་དུ་དམར་པོར་འགྱུར་བ་དང་བཟོད་ཐབས་བྲལ་བའི་ཟ་འཕྲུག་ན་ཟུག་སྐྱེ་བ། རྨ་ཁ་སྐྲང་བ། ཆུ་རྣག་བཞུར་བ་སོགས་ཀྱི་སྡུག་བསྔལ་ནི་ཉིན་ཞག་གསུམ་ལ་བཤད་རྒྱུ་དང་དེབ་རྒན་གསུམ་ཙམ་འབྲི་རྒྱུ་ཡོད།

ཨ་ང་ཙི་འདིས་རླུང་ཕྲན་བུ་ཙམ་ལའང་གདོང་གཏད་མི་ནུས་མོད། འོན་ཀྱང་ཁོ་པ་འཇབ་རྒོལ་གྱི་ལས་ལ་ཤིན་ཏུ་མཁས་པ་དང་། ལྷག་པར་དུ་མཚན་འགེབས་ཀྱི་ལས་ལ་ཧ་ཅང་བྱང་སྟེ། ཉིན་དཀར་ཇི་ལྟར་བཙལ་ནའང་ཤུལ་རྗེས་ཙམ་ཡང་མཐོང་རྒྱུ་མེད་པའི་ལྟས་ངན་འདིས་མཚམས་རེར་གློག་གཟིམས་ནས་གཉིད་དུ་ཞུགས་ལ་ཉེ་དུས་འཇིག་རྟེན་སྟེང་ཆེས་སུན་སྣང་སྐྱེ་བའི“ཝང་ཝང……”གི་སྒྲ་དང་མཉམ་དུ་ཁྱོད་ཀྱི་ངོ་གདོང་དང་རྣ་ཅོག ཡང་ན་ཡན་ལག་ཉིང་ལག་གང་དུ་དུག་མཆུ་འཛུགས་པར་བྱེད་པ་དང་། ཆེས་མང་ཤོས་ནི་ཁྱོད་རང་གཉིད་ཀྱི་གཏིང་ན་ཡོད་དུས་ད་གཟོད་མཚན་འགེབས་བྱེད་སྲིད།

ད་ནི་འགོག་སྲུང་གི་སྐོར་འཆད་པར་བྱ་སྟེ། རྒྱུ་ཆ་ལྟར་ན་ལྟས་ངན་འདི་ཆུ་རྙོག་དང་གད་སྙིགས་སོགས་ཁོར་ཡུག་རྫོབ་པོ་ལ་ལྷག་པར་དགའ་བས་དེ་དག་གཙང་ཕྱག་བྱས་ཏེ་ཁོ་པ་བརྟེན་ས་ཆགས་ཡུལ་མེད་པ་བཟོ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། ང་རང་གི་ངོས་ནས་ཀྱང་ཨ་ང་ཙི་དང་ཁྱོད་ཤི་ང་གསོན་གྱིས་དམར་འཛིང་བྱས་པའི་བརྒྱུད་རིམ་དེ་བརྗོད་ཀྱིས་མི་ལང་སྟེ། མཚམས་རེར་མཚན་གང་བོར་ལག་ཕྱིས་བཟུང་ནས་ཨ་ང་ཙི་ཕར་བདའ་ཚུར་བདའ་བྱས་པ་དང་། མཚམས་རེར་སྨན་པ་གཙོ་བྱས་པའི་ངོ་ཤེས་མི་ཤེས་གཉིས་ཀ་དང་ལོ་རྒན་གཞོན་གཉིས་ཀར་ཨ་ང་ཙིས་སོ་མ་བཏབ་སྔོན་ལ་སྲུང་ཐབས་དང་། སོ་བཏབ་རྗེས་བཅོས་ཐབས་ཅི་ཡོད་འདྲི་རྩད་བྱས། དེང་རབས་ཀྱི་རྫས་འགྱུར་བདུག་སྤོས་ལ་ནུས་པ་བླ་ལྷག་ཡོད་ནའང་དུས་མཚུངས་སུ་མི་ལུས་ལའང་གནོད་ཚབས་ཆེ་བ་བཤད་མི་དགོས་པས་ན་དེ་ནི་ངའི་གདམ་བྱ་མ་ཡིན། ངས་དྭངས་བསིལ་སྨན་སྣུམ་སོགས་རྨ་ཁར་བྱུགས་ནའང་ཕན་ནུས་ཆེར་མ་ཐོན། ཐ་ན་ཡུལ་གྱིས་བསྐལ་བའི་ཡོ་རོབ་ཀྱི་གྲོགས་པོ་དག་གིས་མཁོ་དངོས་ཅི་ཡོད་དྲིས་ཚེ་ངས་འདང་རྒྱག་མེད་པར་མི་ལུས་ལ་མི་གནོད་ཅིང་ཨ་ང་ཙི་ལ་དུག་ལྟར་འགྱུར་བའི་རིགས་ཡོད་ན་དེ་ལས་མཁོ་བ་མི་འདུག་ཅེས་ཁྱེར་ཡོང་དུ་བཅུག མཇུག་མཐར་ངས་དམངས་ཁྲོད་མན་ངག་ཆུང་ངུ་ཞིག་སྟེ། སྡིག་པ་རྭ་ཙ་ཆང་ནང་ལ་སྦངས་ནས་རྨ་ཁར་བྱུགས་པར་ནུས་པ་བླ་ལྷག་ལྡན་པས་ན་ད་ལྟའང་དེ་བེད་སྤྱོད་གཏོང་བཞིན་ཡོད།

དེ་ཡང་བརྒྱ་བཤད་ཚིག་གི་རྩ་བ་ནི། མི་ངན་ཅོལ་ཆུང་ཞིག་ལ་གཡོ་སྒྱུ་ཅི་ཚང་བ། འབུ་ངན་ཨ་ང་ཙི་ལ་དེ་དག་མ་ཚང་མེད་པས་ང་ཚོས་དོགས་ཟོན་ལྷོད་མེད་ཀྱིས་དུས་ཡུན་རིང་པོར་ཨ་ང་ཙི་དང་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱ་དགོས་ཞེས་པ་དེའོ། །

2016ལོའི་ཟླ་བརྒྱད་པར།