unnamed-4-3

ལེའུ་དང་པོ།

ཀེ་ནོ་གཉིད་ལས་སད་སྐབས་སྐྱ་རེངས་ད་དུང་ཤར་མེད་ལ་ནམ་མཁའི་དབྱིངས་སུ་སྐར་མ་རབ་རིབ་ཞིག་ཤར་ཡོད་ཀྱང་ཤར་ཕྱོགས་ཀྱི་མཁའ་དབྱིངས་དེ་སྐྱ་རབ་རིབ་ཅིག་ཡིན་པར་བལྟས་ན། དེ་རིང་གི་ཉི་མ་དེ་ག་འདྲ་ཞིག་ཡོང་གི་ཡོད་མེད་ཀྱང་ཕལ་ཆེར་རྟོགས་ཐུབ། ཀེ་ནོ་ཁོང་ཤིང་ཁང་ཆུང་ཆུང་ནང་གི་མལ་ཁྲིའི་སྟེང་ཉལ་ཞིང་ཕྱི་རོལ་དུ་སྔར་བཞིན་ཡོད་པའི་ཕག་པ་དང་བྱ་དེ། ད་དུང་བྱ་བྱེའུ་ཚོགས་འདི་དག་སྐད་ངག་སྙན་མོའི་གླུ་དབྱངས་ལ་རོལ་བཞིན་མཆིས། ཀེ་ནོ་ཡིས་མིག་ཕྱེ་དུས་ཐོག་མར་མཐོང་སྣང་དུ་གྱུར་བ་ནི་ཅི་ཡང་མེད་པའི་ཟུར་བཞིའི་སྒོ་དེ་ཡིན་ལ། དེ་ནས་ཐུར་དུ་དཔྱངས་པའི་སྒམ་ཆུང་ནང་གཉིད་ནས་ཡོད་པའི་ཁོ་ཡོ་ཀྲེ་ཀྲོ་རེད། ཐ་མར་ཁོང་གིས་མགོ་བོ་ལྗ་ནཱའི་(ཁོང་གི་སྐྱེད་སྨན་)ཕྱོགས་སུ་འཁོར་དུས་མོས་ཚུར་ལ་འཁོར་ནས་བལྟས་འདུག

ཀེ་ནོ་ཡི་ཐོས་འཛིན་གྱི་བུ་གར་བརྒྱུད་ཡོང་བ་ནི་སྙན་ཞིང་འཇེབས་པའི་རྒྱ་མཚོའི་རླབས་སྒྲ་རེད་ལ། ཁོང་གིས་སླར་ཡང་རང་བྱུང་གི་མཛེས་པ་དེ་དག་ལ་ཉན་ནས་རོལ་མྱོང་བྱེད་བཞིན་མིག་ཀྱང་གཟིམས་སོང་། ཁོའི་མཐའ་འཁོར་གྱི་མི་རྣམས་ཀྱང་ཁོང་ལྟར་རང་བྱུང་གི་མཛེས་པ་དེར་ཉན་རྒྱུ་ཧ་ཅང་དགའ་བོ་ཡོད། འདས་པའི་ལོ་ཟླའི་ནང་ཁོང་ཚོའི་མི་ཚེའི་ཡོད་ཚད་ནི་གླུ་དབྱངས་ལྟ་བུར་གྱུར། མུ་ཏིག་འཚོལ་སྒྲུབ་པ་དང་ཉ་པ་ཚོ་ནི་ད་ལྟའི་ཆར་གླུ་དབྱངས་དེའི་ཚབ་མཚོན་པ་རེད། ཀེ་ནོ་ཁྱིམ་མཚེས་ཚོ་རྒྱ་མཚོའི་ཉེ་འགྲམ་དུ་གནས་པར་སྤྲོ་བས་ཁེངས་ཡོད། ལྗ་ནཱ་ཁུ་སིམ་སིམ་ངང་ཡར་ལངས་ཏེ་ཐུར་དུ་དཔྱངས་པའི་སྒམ་ཆུང་ནང་གི་ཁོ་ཡོ་ཀྲེ་ཀྲོའི་ཉེ་སར་བཅར་ནས། བརྩེ་སེམས་ཀྱིས་བལྟམས་པའི་སྐད་ཆ་ཤབ་ཤུབ་འགའ་བཤད་རྗེས་ཐབ་ཚང་དུ་མེ་འབུད་པར་སོང་། དེ་ནས་ཡུན་རིང་མ་འགོར་བར་ཀེ་ནོ་ཡར་ལངས་ཤིང་ལྷམ་གྱོན་རྗེས་ཕྱི་རོལ་དུ་ཞོགས་པའི་མཁའ་དབུགས་གཙང་བའི་མཛེས་ལྗོངས་ལྟ་བར་ཕྱིན།

སྐབས་དེ་དུས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་ཡང་ཁོང་ནི་གཞོན་ཤ་དོད་ལ་གསོན་ཉམས་རྒྱས་པ་མ་ཟད། ཁོང་གི་ནག་སྣུམ་གྱི་སྐྲ་ལོ་དེས་དམར་སྨུག་གི་ངོ་གདོང་ཅུང་ཟད་བཀབ་ཅིང་། འོད་དུ་འཚེར་བའི་མིག་ཟུང་གཉིས་ལས་ཁོང་ཞི་འཇམ་ཡིན་པའི་སྣང་བ་སྟེར་ལ། ཐར་ཐོར་དུ་སྐྱེས་པའི་སྨ་ར་དེ་ཅུང་རྩུབ་སྣང་སྐྱེས་པ་ཞིག་རེད། ཁྱིམ་དུ་ལྗ་ནཱས་ཐབ་ལ་མེ་ཤུགས་ཆེན་པོེར་བཏང་སྟེ་ཞོགས་ཟས་གྲ་སྒྲིག་བྱས། དེང་གི་ཆར་གྲོང་རྡལ་འདིར་གསར་འགྱུར་གསར་བ་གང་ཡང་མེད་མོད།འོན་ཀྱང་མི་སྒེར་སོ་སོ་ནི་རང་བྱུང་མཛེས་པའི་གླུ་དབྱངས་གི་བདག་པོར་གྱུར་ཡོད། ཀེ་ནོའི་བསམ་གཞིགས་ཀློང་ན་ནང་མི་ཚོའི་གླུ་དབྱངས་དེ་འཇགས་མེད་ངང་གནས་བཞིན་གདའ། གློ་བུར་དུ་ཉི་མ་ཤར་རྩེར་འཕགས་ཤིང་གསེར་མདོག་གི་རྒྱ་མཚོ་དང་སྔོ་བསངས་མཁའི་དབྱིངས་འདི་བརྒྱན་པར་བྱས། འོད་ཟེར་སྟོང་ལྡན་གྱི་ཉི་ཟེར་འཕོས་པས་ཀེ་ནོའི་མིག་ཟུང་གཉིས་ཀྱང་ཅུང་མི་འགེབས་ཐབས་མེད་བྱུང་། ལྗ་ནཱས་ཁྱིམ་དུ་བཟོས་པའི་ཞོགས་ཟས་ཀྱི་བྲོ་བ་ལས་ཁོས་མ་རྨོས་ལོ་ཏོག་གིས་བཟོས་པའི་སྒོ་ངའི་བག་ལེབ་སོབ་སོབ་དེ་ཡིན་པ་རྟོགས། ཞོགས་པ་འདི་ནི་ནམ་རྒྱུན་གྱི་ཞོགས་པ་དང་འདྲ་ཡང་དེ་ནི་ཞོགས་པ་ཀུན་ལས་ཞོགས་པ་དམིགས་བསལ་བ་ཞིག་ཀྱང་རེད།

ལྗ་ནཱས་ཁོ་ཡོ་ཀྲེ་ཀྲོ་ཉལ་ཁྲིའི་སྒམ་ཆུང་ལས་བླངས་ནས་གཙང་སྦྲ་བཟོ་བཞིན་ཡོད་པ་ཀེ་ནོས་ཚོར། དེ་ནི་ཁོ་མོས་རང་གི་སྙིང་ནས་བརྩེ་བའི་བུ་ཆུང་ལ་འགྱུར་ཁུགས་ལྡན་པའི་གླུ་ཆུང་རེ་ལེན་བཞིན་པ་དེ་ཁྱིམ་མིའི་གཞས་ཀྱི་ཆ་ཤས་ཤིག་ཅི་ལ་མིན། དེ་ནི་ཁོང་ཚོའི་ཡོད་ཚད་ཀྱི་ཆ་ཤས་ཤིག་ཀྱང་ཡིན། ཁོའི་སེམས་ཀྱི་ཚོར་བ་ནི་དྲོད་འཇམ་དང་བདེ་སྐྱིད་ཀྱིས་ཡོངས་སུ་ཁེངས་ནས་ཡོད། ཁྱིམ་མཚེས་ཚོའི་ཁང་ཐོག་ནས་དུ་བ་ལང་ལོང་འཕྱུར་བཞིན་པ་ལས་ཁོང་ཚོས་ཀྱང་ཞོགས་ཟས་བཟོ་བཞིན་ཡོད་པ་རྟོགས་ཐུབ། འདི་ཚོ་ནི་གཞན་གྱི་གླུ་དབྱངས་རེད་ལ། ཁོ་ཚོའི་ཕག་པ་དེ་ཚོ་ཡང་གཞན་གྱི་ཕག་པ་རེད་ལ། ཁོང་ཚོའི་སྐྱེས་སྨན་དེ་ཚོ་ཡང་ལྗ་ནཱ་མ་རེད། བྱ་ཕོ་གཉིས་འཁྲུག་འཛིང་བྱེད་པ་དེ་ཡང་ཁོང་གིས་གསལ་པོ་མཐོང་ལ། གྲོང་རྡལ་འདིའི་མཁའ་དབྱིངས་སུ་བྱེའུ་འགའ་ཞིག་འཕུར་བསྐྱོད་བྱེད་བཞིན་པའི་ཕྱོགས་སུ་མིག་ཟུང་གཉིས་རང་དབང་མེད་པར་ཤོར།

ད་འཛམ་གླིང་ཡོངས་སད་འདུག་ཅེས་ཁོང་གིས་ཁེར་ལབ་རྒྱག་བཞིན་ཁྱིམ་དུ་འཛུལ་སོང་། ཁོ་མོས་ནག་སྣུམ་གྱི་སྐྲ་ལོ་དེ་དམ་པོར་བསྡམས་ཤིང་བུ་ཆུང་ཁོ་ཡོ་ཀྲེ་ཀྲོ་ཉལ་སྒམ་ནང་དུ་བཞག་ནས་ཐབ་ལ་མེ་གཏོང་ཞོར་ཡར་ལངས། དེ་དུས་ཀེ་ནོ་ཐབ་ཁའི་འགྲམ་དུ་སར་བསྡད་ཅིང་ཁོ་མོས་བཟོས་པའི་མ་རྨོས་ལོ་ཏོག་གི་བག་ལེབ་དེ་ཟོས། ཁོས་ཞོགས་ཟས་ཟོས་ཚར་རྗེས་གཞི་ནས་སྐྱེས་སྨན་ལྗ་ནཱ་སར་བསྡད་ནས་ཞོགས་ཟས་ལ་རོལ་མགོ་བརྩམས། སྐབས་དེར་ཁོང་གཉིས་ཀྱིས་ཕན་ཚུན་ལ་སྐད་ཆ་གང་ཡང་བཤད་ཀི་མེད། རྒྱུ་མཚན་ནི་དམིགས་བསལ་གྱི་སྐད་ཆ་གང་ཡང་བཤད་དགོས་མེད་པས་སོ། ཁོང་གཉིས་ཀྱི་ཁང་ཆུང་གྲུ་བཞི་དེར་ཉི་མས་དྲོད་ལམ་ལམ་དུ་བཏང་ཞིང་འོད་ཟེར་ཀྱང་བུ་ཆུང་ཁོ་ཡོ་ཀྲེ་ཀྲོའི་ཉལ་ཁྲིའི་སྒམ་ཆུང་གི་ཐག་སྟེང་དུ་འཕོས། གློ་བུར་དུ་ཐག་པ་དེ་སྒུལ་བྱུང་། འགུལ་ཤུགས་ཅུང་ཆུང་ན་ཡང་ཁོང་གཉིས་ཀྱིས་མིག་ཟུང་གིས་དེ་བཟུང་འདུག ཐག་པ་སྒུལ་མཁན་གྱི་སྡིག་པ་ར་ཉག་དེ་དལ་བུར་བྱིས་པའི་ཉལ་སྒམ་གྱི་ཐག་པའི་སྟེང་དུ་བབས། ཀེ་ནོའི་སེམས་ལ་གླུ་དབྱངས་གསར་བ་ཞིག་འཁོར་བ་དེ་ནི་དགའ་སྤྲོ་ཡི་གླུ་དབྱངས་མ་ཡིན་ལ། དེ་ནི་སྡུག་གླུ་ཞིག་ཏེ་དགྲ་བོའི་རོལ་དབྱངས་དེ་རེད། ལྗ་ནཱས་བུ་ཆུང་ཉེན་ཁ་ལས་ཐར་ཐུབ་པར་སྨོན་ལམ་དང་གསོལ་འདེབས་བྱེད་བཞིན་འདུག

ཀེ་ནོ་ཁུ་སིམ་སིམ་ངང་ཡར་ལངས་ཏེ་ཁོ་ཡོ་ཀྲེ་ཀྲོའི་ཉལ་ཁྲིའི་སྒམ་ཆུང་འགྲམ་དུ་གོམ་སྒྲ་ཙམ་ཡང་མེད་པར་ཕྱིན། ཁོང་གིས་ལག་ཟུང་གཉིས་མདུན་དུ་བསྲིངས་ཤིང་མིག་ཟུང་གཉིས་སྡིག་པ་ར་ཉག་དེ་ལ་གཏད། སྒམ་ཆུང་ནང་གི་བྱིས་པས་གད་མོ་དགོད་བཞིན་དུ་ལག་པ་སྡིག་པ་ར་ཉག་དེའི་མདུན་དུ་བསྲིངས། སྡིག་པ་ར་ཉག་གིས་ཐག་སྟེང་ནས་མཇུག་མ་གནམ་ལ་བཀྱགས། ཀེ་ནོས་ལག་པ་འགུལ་མཚམས་བཞག་ནས་སྡིག་པ་ར་ཉག་མ་འགུལ་བར་དུ་ཁོ་ཡང་འགུལ་མ་ཐུབ་པར་བསྡད། ཁོང་གིས་འདི་ནི་བུ་ཆུང་འཆི་བའི་ལམ་དུ་འདེད་རྒྱུའི་སྔ་ལྟས་ཡིན་པ་ཤེས་ནས་ཐབས་ཤེས་མ་རྙེད་པར་ལག་པས་ག་ལེར་སྡིག་པ་ར་ཉག་དེ་འཛིན་ཐབས་བྱས་དུས། དེའི་མཇུག་མ་སྔར་ལས་མཐོན་པོར་བཀྱགས་པ་དང་སྟབས་མ་ལེགས་པར་བྱིས་པའི་ལག་པ་ཐག་པར་ཐུག་པ་མཉམ་དུ་ཁེལ་ནས་སྡིག་པ་ར་ཉག་དེ་བྱིས་པའི་སྟེང་དུ་ཟགས།

ཀེ་ནོས་སྡིག་པ་ར་ཉག་འཛིན་ཐབས་ཀྱི་སྟབས་ཀ་མ་འགྲིག་པར་ལག་ནས་ཤོར་ཏེ་བུ་ཆུང་གི་ཕྲག་སྟེང་དུ་ལྷུང་ནས་ཁོང་ལ་སོ་བརྒྱབ། དེ་ནས་ཀེ་ནོ་ཁོང་ཁྲོ་ལངས་ནས་དེ་འཛིན་བཟུང་གིས་ས་ལ་བརྡབ་ཅིང་རྐང་པས་རྡོག་བརྫིས་བཏང་ནས་བསད། སྐབས་དེ་དུས་ཁོང་གིས་རྣ་ལམ་དུ་འཁོར་ཡོང་བ་ནི་དགྲ་བོའི་གླུ་སྐད་དེ་དང་ཁོ་ཡོ་ཀྲེ་ཀྲོའི་ན་ཟུག་གི་ངུ་སྐད་གཉོམ་པོ་དེ་ལས་མ་འདས་སོ། ཨ་མས་བུ་ཆུང་བྲང་ལ་སྦྱར་ཏེ་སོ་བརྒྱབ་པའི་རྨ་ཁ་དེ་ལ་མཆུ་སྦྱར་ནས་དུག་ཕྱི་ལ་བཏོན་ཐབས་བྱས་ཀྱང་བུ་ཆུང་གིས་ད་དུང་ངུ་མཚམས་མི་འཇོག་པས་ཁོ་མོར་ཅི་བྱ་བརྟོལ་མེད་དུ་གྱུར། ཀེ་ནོ་སྐྱེས་སྨན་དང་བུ་ཆུང་གཉིས་ཀྱི་འགྲམ་དུ་ལངས་ནས་ཅི་ཡང་བྱེད་མ་ཤེས་པར་ཡུན་རིང་ལུས། བུ་ཆུང་གིས་ན་ཟུག་མ་བཟོད་པར་ངུ་སྐད་བར་མེད་དུ་འབྱིན་པ་དེས་གྲོང་པ་དང་ཁྱིམ་མཚེས་ཚང་མ་དཀྲོགས། ཀེ་ནོའི་སྤུན་མཆེད་ཇོན་ཐོན་མི་སུ་དང་ཁོང་གི་བཟའ་ཟླ་རྒྱགས་པ་ཨ་པོ་ལོ་ནེ་ཡ། ཁོང་གཉིས་ཀྱི་ཕྲུ་གུ་བཞི་བཅས་སྒོ་ནང་དུ་འཚང་ཁ་རྒྱག་བཞིན་ཡོང་བ་དང་། ད་ངུང་ཁྱིམ་མཚེས་ཚོས་རྒྱབ་ལོགས་ནས་ནང་ལ་སྐེ་བསྲིངས་ནས་ལྟ་ཅི་ཐུབ་བྱེད་ཀྱིན་འདུག

དེ་ལྟར་གཅིག་གིས་གཅིག་བརྒྱུད་“སྡིག་པ་ར་ཉག སྡིག་པ་ར་ཉག་གིས་བྱིས་པར་སོ་བརྒྱབ་འདུག“ཅེས་པའི་གནས་ཚུལ་དེ་གྲགས། ལྗ་ནཱས་བྱིས་པའི་རྨ་ཁ་མཆུ་སྦྱར་ནས་ཡར་བཀྱགས་དུས་རྨ་ཁ་སྔ་ལས་ཀྱང་ཆེན་པོ་ཆགས་པ་དང་། རྨ་ཡི་མཐའ་འཁོར་ཡོངས་རྫོགས་དམར་སྨུག་དང་མཁྲེགས་པོར་ཆགས་འདུག སྡིག་པ་ར་ཉག་གི་སྐོར་དེ་མི་ཚང་མས་ཧ་གོ་གི་ཡོད་པ་རེད། དེས་སོ་བརྒྱབ་པའི་བྱིས་པ་མང་པོ་ཞིག་ནད་པར་ཆགས་པ་དང་། གང་མང་ཞིག་ལ་དུག་ཕོག་ཏེ་འཆི་ལམ་དུ་གྱུར་པ་ཡང་ཉུང་ཉུང་ཞིག་ག་ལ་ཡིན། ལྗ་ནཱ་ནི་རང་གཤིས་འཇམ་ཞིང་བཟོད་བསྲན་ཆེ་བའི་བུད་མེད་ཅིག་སྟེ། ཁོ་མོར་ཕྲུ་གུ་བཙས་སྐབས་སུ་ན་ཟུག་ག་ཚད་ཆེ་ཡང་ངུ་ངག་ཙམ་ཡང་འབྱིན་མྱོང་མེད། མོ་རང་གཟུགས་པོ་ཐང་ཆད་པ་དང་ལྟོགས་པའི་སྐབས་སུ་མོས་ཅི་ཡང་ལབ་མི་སྲིད། ཡིན་ནའང་དེ་རིང་གི་གནས་ཚུལ་འདིས་ཁོ་མོ་ཧང་སང་དགོས་བྱུང་པ་སྟེ། མོས་‘‘ཨམ་རྗེ།’’‘‘ཨམ་རྗེ་བསྟན་དུ་འགྲོ་’’ཞེས་པའི་སྐད་ཆ་འདི་རྭ་སྐོར་འདིའི་ཁྱིམ་མཚེས་ཚོས་གོ་བ་དང་། ཁོང་ཚོས་ཁོ་མོའི་སྐད་ཆར་བསྐྱར་རྡབ་འདི་འདྲ་ཞིག་བྱེད་བཞིན་འདུག་པ་ནི། ‘‘ལྗ་ནཱ་མོ་ལ་ཨམ་རྗེ་དགོས་གི་འདུག་’’ཅེས་སྐད་རྒྱག་བཞིན་ཡོད་ནའང་ཨམ་རྗེ་ནི་ཁང་པ་ཆུང་ཆུང་འདི་ལྟ་བུའི་ཁོར་ཡུག་ཏུ་ནམ་ཡང་ཡོང་མི་སྲིད།

ཁོང་གིས་ཕྱག་ལས་གནང་ཡུལ་ནི་མི་ཚང་ཕྱུག་པོ་དང་རྡོ་ཁང་ཆེན་པོ་ཡོད་མཁན་དག་རེད། རྭ་སྐོར་འདིའི་ནང་གི་མི་སེར་ཚོས་‘‘ཁོང་ཡོང་གི་མ་རེད་’’ཅེས་ཕན་ཚུན་ལ་ལབ་བཞིན་འདུག ཀེ་ནོས་ལྗ་ནཱ་ལ་‘‘ཨམ་རྗེ་ལགས་ཡོང་གི་མ་རེད་’’ཅེས་བཤད།མོས་ཁོང་ལ་ཕྱིར་མིག་བལྟ་བཞིན་དུ་‘‘དེ་འདྲ་ཡིན་ན་ང་ཚོ་ཨམ་རྗེ་སར་མགྱོགས་པོར་འགྲོ་’’ཞེས་བཤད་ཀྱིན་ངུ་བཞིན་པའི་བྱིས་པ་དེ་བྲང་ལ་སྦྱར་ནས་ཁོ་མོ་མི་ཚོའི་བར་ནས་སོང་ཞིང་ཀེ་ནོ་ཡང་ཁོ་མོའི་རྗེས་སྙེག་ནས་ཕྱིན། ཁོང་ཚོ་སྒོའི་ཕྱི་རོལ་དུ་ཐོན་ནས་གཞུང་ལམ་སྟེང་འགྲོ་སྐབས་ཡུལ་མི་ཁྱིམ་མཚེས་ཚོ་ཡང་ཁོང་གཉིས་ཀྱི་རྗེས་སྙེག་ཏེ་མུ་མཐུད་དུ་ཡོང་གི་འདུག ཁོང་ཚོ་ཡོང་གིན་ཡོང་གིན་ཁང་ཆུང་དེ་དག་རིམ་གྱིས་བརྒལ་ཞིང་བརྗིད་ཉམས་ལྡན་པའི་རྡོ་ཁང་ཞིག་གི་མཁར་གྱང་མཐོན་པོ་དང་སྒོ་རྭའི་ནང་ལོག་ཏུ་དྲི་བསུང་འཐུལ་བའི་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པ་སོགས་རེ་རེ་བཞིན་མཐོང་མགོ་བརྩམས། འཚང་ཁ་ཆེ་བས་མི་སེར་དེ་དག་གིས་མཆོད་རྟེན་བརྒྱུད་ནས་ཡོང་བ་དང་ལམ་འགྲམ་དུ་ཡོད་པའི་སྤྲང་པོ་དེ་དག་ཀྱང་གྲལ་བསྟར་སྒྲིག་ནས་ཁོང་ཚོ་དང་མཉམ་དུ་ཡོང་བཞིན་འདུག ཁོང་ཚོས་ཀེ་ནོ་དང་ལྗ་ནཱ་གཉིས་ཀྱི་ཁྱིམ་གཞིའི་གནས་སྟངས་སྐྱོ་བོ་ཡིན་པ་ཧ་གོ་བ་མ་ཟད། ཨམ་རྗེ་དེ་ག་འདྲ་ཞིག་ཡིན་པ་ཤེས་ནས་གནས་ཚུལ་ཅི་འདྲ་ཞིག་ཡོང་གི་ཡོད་པར་ཁོང་ཚོས་ལྟ་འདོད་སྐྱེས་པ་རེད།

སྤྱིར་བཏང་དབུལ་ཞིང་ཕོངས་པའི་མི་སེར་ཚོ་ལ་སྡིག་པ་ར་ཉག་གིས་སོ་བརྒྱབ་པ་ཡིན་ན། དེ་ལ་སྒྱིད་ལུག་ཆེ་ཞིང་ཕག་པ་ལྟ་བུའི་ཨམ་རྗེ་ནག་ལུག་དེས་རོགས་པ་བྱས་ནས་ལྟ་རྒྱུ་ནི་རྨི་ལམ་ཙམ་རེད། འཚང་ཁ་ཤིག་ཤིག་གི་མི་སེར་དེ་དག་ཐ་མར་སྨན་པའི་ཁང་ཆེན་གྱི་སྒོ་འགྲམ་དུ་ཐོན་པ་དང་།མཁར་གྱི་ཕྱི་རོལ་དུ་ཁོང་ཚོས་ལྷུང་ལྷུང་དུ་འབབ་པའི་ཆུ་བོའི་བཞུར་རྒྱུན་དང་བྱ་བྱེའུ་སྐད་སྙན་སྒྲོག་བཞིན་པ་ཡང་གོ་བ་མ་ཟད། རོ་བཅུད་ལྡན་པའི་ཁ་ཟས་ཀྱི་བྲོ་བ་ཡང་བརྗིད་ཆགས་པའི་ཁང་པ་དེའི་ཕྱི་ལོག་ནས་མྱོང་ཐུབ་ཀྱི་འདུག ཨམ་རྗེ་དེས་སྒོ་འབྱེད་པར་ཀེ་ནོས་ཅི་ཙམ་སྒུག་ཅིང་སྒོ་ཕྱེ་མ་བྱུང། ཁོང་ནི་ཀེ་ནོ་དང་མི་སེར་གཅིག་པའམ་ཁྲག་རྒྱུན་གཅིག་པ་གང་ཡང་མིན། ཨམ་རྗེ་དེའི་རིགས་མཐུན་མི་སེར་ཚོ་ནི་ལོ་ངོ་བཞི་བརྒྱའི་སྔོན་ལ་སི་པན་ནས་མེ་སོ་ཀོ་ལ་ཡོང་བ་རེད་འདུག ཁོང་ཚོས་ཀེ་ནོའི་རིགས་མཐུན་གྱི་མི་སེར་ཚོ་ལ་ཉེས་རྡུང་གཏོང་བ་དང་རྐུན་མ་རྒྱག་པ།འཕྱ་དམོད་སོགས་བྱེད་པ་མ་ཟད་མི་སེར་དེ་དག་དང་མཉམ་དུ་ཁ་བརྡ་བྱེད་སྐབས་ཁོང་ཚོར་དུད་འགྲོའི་འདུ་ཤེས་ལས་མི་འཛིན་པ་དེ་ཡིན།

སྐབས་དེར་ཀེ་ནོ་སེམས་པ་ཧ་ཅང་སྐྱོ་ཞིང་ཁོང་ཁྲོ་རབ་ཏུ་འབར་ན་ཡང་ཁོ་ཡོ་ཀྲེ་ཀྲོས་ན་ཟུག་དེ་བཟོད་ཀི་མེད་པར་བསམ་ནས། ལག་གཡས་པས་སྒོ་མོ་རྡུང་ཞོར་དུ་ལག་གཡོན་མས་མགོ་བོའི་ཞྭ་མོ་དེ་མར་ཕུད། སྒོ་ཆེན་འབྱེད་མཁན་དེ་ཁོ་དང་འདྲ་བའི་ངོ་གདོང་ཅུང་ནག་པའི་གཡོག་པོ་ཞིག་ཡིན། ཀེ་ནོས་ཁོ་ལ་ངའི་བྱིས་པར་སྡིག་པ་ར་ཉག་གིས་སོ་བརྒྱབ་ཡོད་པའི་སྐོར་ཁོང་ཚོའི་ཡུལ་སྐད་(སྐད་ཆ་རྙིང་པ་)ནང་བཤད་པ་དང་། ཨམ་རྗེ་ལ་བྱིས་པ་འདི་ལ་གཅིག་གཟིགས་རོགས་གནང་ཞེས་སྐད་ཆ་ཡར་ཞུ་བྱས། སྨན་གཡོག་དེ་ཕྱིར་ཡོང་ནས་ཁོང་ལ་སྐད་ལན་སི་པན་སྐད་ཀྱིས་བཤད་མ་ཐག་སྐད་ཆ་གོ་མིན་ལ་མ་ལྟོས་པར་སྒོ་བརྒྱབས། ཡིན་ཡང་ཀེ་ནོ་བཟའ་མི་གཉིས་དང་ཁྱིམ་མཚེས་མི་སེར་ཚོ་ཚ་བ་ཇི་འདྲའི་ཆེ་མིན་ལ་མ་ལྟོས་པར་དེ་གར་སྒུག་ནས་བསྡད། ཨམ་རྗེ་དེ་ཉལ་ཁྲི་མཐོན་པོ་ཞིག་གི་སྟེང་འགྱིང་ཉམས་ཀྱིས་བསྡད་ཅིང་འཚིག་ཇ་ནག་པོ་ཕོར་བ་གང་དང་སྒོ་ང་སོབ་སོབ་ཀྱི་བག་ལེབ་དེ་ཟ་བཞིན་འདུག སྨན་གཡོག་དེ་ཁོའི་སྒོ་འགྲམ་དུ་ཁུ་སིམ་སིམ་ངང་ཡར་ལངས་ནས་སྒུག་མཐར་ཁོང་གིས་གནས་ཚུལ་ག་རེ་བྱུང་མིན་སྐད་ཆ་དྲིས། སྨན་གཡོག་དེས་ཁོང་ལ་གུས་ཞབས་དང་བཅས་རྒྱ་གར་གྱི་བྱིས་པ་གཅིག་ལ་སྡིག་པ་ར་ཉག་གིས་སོ་བརྒྱབ་ཡོད་པའི་སྐོར་གྱི་གནས་ཚུལ་ཆ་ཚང་ཞུས་པ་ན། སྒྱིད་ལུག་ཆེ་ཞིང་རྒྱུ་ནོར་ལ་རྔམ་པའི་ཁོས་ལན་ལ་‘‘ཁོ་ལ་སྒོར་མོ་འདུག་གམ་’’ཟེར། དེ་དུས་སྨན་གཡོག་དེས་ཁོང་ལ་སྒོར་མོ་རྩ་བ་ནས་མེད་པའི་གནས་ཚུལ་ཞུས་རྗེས། དེ་མ་ཐག་རྫིག་ཉམས་ཀྱིས་‘‘ངས་དེ་འདྲའི་ལས་ཀ་ནམ་ཡང་བྱེད་གི་མ་རེད། གལ་ཏེ་ཁོང་ལ་སྒོར་མོ་སྤྲོད་རྒྱུ་ཡོད་ན་གཞི་ནས་ཤོག་’’ཅེས་བཤད་བྱུང་།

སྨན་གཡོག་དེས་སྒོ་ཆེན་ཕར་ཅུང་ཟད་ཅིག་ཕྱེ་ནས་ཀེ་ནོ་ལ་གནད་དོན་དེ་མི་ཡོང་བའི་ཚུལ་ཚང་མ་ཁོང་ཚོས་ཡུལ་སྐད་ནང་བཤད་ཅིང་། ཁོ་ལ་ཁྱེད་རང་ལ་སྨན་པར་སྟོན་བྱེད་དངུལ་ཡོད་མེད་ཀྱི་སྐད་ཆ་དྲིས་སྐབས་ཁོང་གིས་རྙིང་རུལ་དུ་གྱུར་བའི་སྟོད་ཐུང་གི་ནང་ཁུག་ལས་ཤོག་བུ་ཆུང་ཆུང་ཁ་ཤས་བཏོན་ཏེ། དེའི་ཁ་ཕྱེ་ནས་མདངས་མེད་ཐལ་མདོག་ཏུ་གྱུར་བའི་མུ་ཏིག་རྙིང་པ་རྐང་བརྒྱད་ཙམ་ཞིག་ཁོང་ལ་བསྟན། ཁོང་གིས་དེ་དག་ཀེ་ནོའི་ལག་ནས་ཕར་བླངས་ཏེ་སླར་ཡང་སྒོ་དེ་རྒྱབ་བྱུང་། དེ་ནས་མ་འགོར་བར་ཁོས་སྒོ་ཕྱེ་ནས་ཀེ་ནོ་ལ་ཤོག་བུ་དེ་ཕྱིར་སྤྲད་དེ་‘‘ཨམ་རྗེ་ལ་ཁོམ་པ་མི་འདུག བྱིས་པ་ལ་ལྟ་ཐུབ་གི་མེད་’’པ་སོགས་བཤད་ནས་སྒོ་ཆེན་དེ་བརྒྱབ་སོང་། བཟའ་མི་གཉིས་དང་མཉམ་དུ་ཡོད་པའི་མི་ཚོགས་དེ་དག་རིམ་བཞིན་བཞུད་མགོ་བརྩམས་ཞིང་། དབུལ་ཞིང་ཕོངས་པའི་སློང་མོ་བ་དེ་ཚོ་ཡང་ཕྱག་མཆོད་བྱེད་སའི་གནས་དེའི་ཕྱོགས་སུ་གོམ་ཁ་དལ་གྱིས་བསྒྱུར་བ་དང་། ཁྱིམ་མཚེས་ཚོ་ཡང་ཕྱིར་ལོག་སྟེ་རང་རང་གི་ཤིང་ཁང་ཆུང་ཆུང་དུ་འཛུལ།

ཀེ་ནོ་བཟའ་མི་གཉིས་ཀྱིས་རེ་བའི་མིག་ཟུང་མ་ཟུམ་པར་སྒོ་འགྲམ་དུ་ཡུན་རིང་སྒུག་ནས་བསྡད་ན་ཡང་གྲགས་འགུལ་ཅི་ཡང་མ་བྱུང་བས། མཐར་ཨུ་ཐུག་ནས་ཞྭ་མོ་དེ་མགོ་ལ་གྱོན་ཏེ་སྒོ་ཆེན་ངོས་ལ་ལག་པའི་འབུར་རྡུང་ཤུགས་ཅི་ཡོད་ཀྱིས་བཞུས་པ་ནས མཛུབ་མོའི་བར་དུ་ཁྲག་དམར་བར་མེད་དུ་བརྡོལ་བྱུང་།