གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།༽  ༡རྩོམ་པ་པོ།  མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།༼1697-1763༽(མདོ་མཁར་བྱ་བ་ཁྱིམ་རྒྱུད་ཀྱི་མིང་།)དུས་རབས་བཅོ་བརྒྱད་པའི་ནང་བོད་དུ་གྲགས་ཆེ་བའི་དཔོན་རིགས་ནང་གི་ཆབ་སྲིད་མཁས་ཅན་དང་སྐྱ་བོའི་ནང་གི་རྩོམ་རིག་མཁས་ཅན་ཞིག ཁོང་གིས་སྔ་ཕྱིར་ལོ་ངོ་སུམ་ཅུ་སོ་བཞི་ཙམ་ལ་བཀའ་བློན་གྱི་ཁུར་བཞེས་འདུག གསུང་རྩོམ་ལ་གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་[གཞོན་ནུའི་དུས་སུ་བརྩམས]དང་མི་དབང་རྟོགས་བརྗོད་[དར་མའི་དུས་སུ་བརྩམས]སོགས་བཞུགས།


༢གཏམ་རྒྱུད་ཀྱི་ནང་དོན་གཙོ་བསྡུས།

དེ་ཡང་སྔོན་དུ་སྲིད་པའི་རྒྱན་བྱ་བའི་རྒྱལ་པོ་ཉི་མའི་བློ་གྲོས་དང་བཙུན་མོ་རྣ་ཆ་འཛིན་གཉིས་ལ་ཡུན་རིང་བུ་མ་སྐྱེས་པར་སྐྱེས་པ་གཞོན་ནུ་ཟླ་མེད་བྱ་བའོ།།དེ་ལྟར་གཞོན་ནུ་ཟླ་མེད་ཀྱིས་རིམ་གྱིས་རིག་པའི་གནས་ཀུན་ལ་སྦྱངས་པ་རྒྱ་ཆེར་བགྱིས་ཤིང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ལ་བྱང་ཆུབ་ནས་མིང་དོན་མཚུངས་པའི་སྙན་པ་རྒྱས།དེ་ལ་གཞོན་ནུ་ཟླ་མེད་ལ་བཙུན་མོ་འཚོལ་བའི་དུས་སུ་རིག་ནས་བགྲོས་ཚེ།ཡུལ་གང་དུ་རྒྱལ་པོ་གསལ་ལྡན་དང་བཙུན་མོ་ཟླ་འོད་མ་བྱ་བ་གཉིས་ལ་རྒྱལ་ཚབ་འོས་པའི་རིགས༼རྒྱལ་སྲས༽་མེད་ཀྱང་།བུད་མེད་གཟུགས་མཛེས་རིགས་མཛེས་རིག་མཛེས་ཡིད་དུ་འོང་བ་མིང་ཡང་ཡིད་འོང་མ་བྱ་བ་ཞིག་གདའ་བ་དེ་སློང་བའི་གྲོས་འཆམས།འོན་ཏང་གཉེན་སློང་བ་ལ་རྒྱལ་པོ་གསལ་ལྡན་གྱིས་བུད་མེད་སྔ་ནས་སྣང་བ་འབུམ་ལྡན་གྱི་༼རྒྱལ་པོ་ཟླ་བའི་གཞོན་ནུ༽རྒྱལ་སྲས་ལྷ་ལས་ཕུལ་བྱུང་དང་ཁྱོ་ཤུག་བགྱི་བའི་དམ་ནི་བཅས་པས་ཡིད་གཉིས་སུ་གྱེས་པའི་དཀའ་ཁག་ལ་ཐུག ཡིད་འོང་མ་ནི་གཞོན་ནུ་ཟླ་མེད་དང་འགྲོགས་པའི་འདུན་ཆེ།ཡིད་གཡོས།དེ་ལ་སྲིད་པའི་རྒྱན་གྱི་རྒྱལ་བློན་ཚང་མ་བགྲོས་ནས་དཔའ་བོ་སྲིད་པ་གཞོན་ནུ་རྒྱལ་སྲས་གཞོན་ནུ་ཟླ་མེད་ལ་བརྫུས་ནས་ཡིད་འོང་མ་འགུགས་པའི་བཀའ་བསྒོས།དཔའ་བོ་སྲིད་གཞོན་གྱིས་ཀྱང་ལེགས་པར་གྲུབ་ནས་ཡིད་འོང་མ་དང་མཉམ་དུ་ཡུལ་དེའི་ཡབ་ཡུམ་གྱིས་མི་མཁྱེན་པར་སྲིད་པའི་རྒྱན་དུ་ཆས་པར་ལམ་དུ་སྣང་བ་འབུམ་ལྡན་གྱིས་བློན་པོ་བློ་རྒོད་ཐར་ལེགས་དང་འཕྲད་གཡོ་སྒྱུས་ཡིད་འོང་མ་འཕྲོགས་ཤིང་དཔའ་བོ་སྲིད་གཞོན་ཡང་བཙོན་དུ་བཙུད།དཔའ་བོ་སྲིད་གཞོན་གྱིས་རྒྱལ་པོ་ཟླ་བའི་གཞོན་ནུ་ལ་མགོ་བཏེགས་པའི་ཚུལ་འཆོས་ཤིང་ཡིད་འོང་མས་ཀྱང་བཙུན་མོའི་ཚུལ་བསྟན་ནས་རེ་ཞིག་བཞུགས་པའི་ཚེ།དཔའ་བོ་སྲིད་གཞོན་གྱིས་རྒྱལ་པོའི་བློ་གཡོས་ནས་ཕན་པ་ལྟར་གནོད་པ་འབའ་ཞིག་གིས་སྲིད་པའི་རྒྱན་གྱིས་དམག་དྲངས་པ་ལ་མཐུན་རྐྱེན་གྱ་ནོམ་པ་བསྒྲིགས་པ་དང་རང་ཉིད་རྟ་མཆོག་རླུང་གི་འདབ་གཤོག་ཅན་༼ལྷ་ལས་ཕུལ་བྱུང་གི་བཞོན་པ༽ལ་བཅིབས་ནས་བྲོས་ཤིང་ལྷགས་སོ།།དེ་ནས་རྒྱལ་བུ་གཞོན་ནུ་ཟླ་མེད་དཔུང་ཚོགས་ཡན་ལག་བཞི་དང་བཅས་པས་དཔུང་བཤམས་ནས་སྣང་བ་འབུམ་ལྡན་ཐལ་བའི་རྡུལ་དུ་བརླགས་ཤིང་རྒྱལ་སྲས་འཁོས་དང་བཅས་པ་བྲན་དུ་བཙུད་ཅིང་ཡིད་འོང་མ་དང་དངོས་སུ་མཇལ་འཛོམས་བྱས།ཕྱིར་སྲིད་པའི་རྒྱན་དུ་ཆས་པར་ཡུལ་ནས་ཡབ་རྒྱལ་པོས་བཙུན་མོ་༼མཛེས་སྡུག་མེ་ཏོག༽གཉིས་པ་བཞེས་ཤིང་སྲས་སུ་དགའ་བའི་རོལ་མཚོ་བྱ་བ་ཞིག་འཁྲུངས་པ་རྒྱལ་པོར་བསྐོས་ནས་རང་ཉིད་ནགས་སུ་ཆོས་བྱེད་པར་གཅིག་པུར་ཆས་སོ།།དཔའ་བོ་སྲིད་གཞོན་༼འདི་སྣང་བ་འབུམ་ལྡན་གྱི་རྒྱལ་པོར་བསྐོས་པ་ཕྱིས་སུ་ཟླ་བའི་བློ་གྲོས་དང་ལྷ་ལས་ཕུལ་བྱུང་གཉིས་ལ་སླར་རང་གི་རྒྱལ་ཁབ་རང་བདག་བྱེད་པར་བྱས་པས་ཁོ་རང་ཕྱིར་ལོག་པ༽དང་བཙུན་མོ་ཡིད་འོང་མ་༼ཁོང་མོ་ཡུལ་ལ་ཡབ་ཡུམ་མཇལ་བར་ལྷགས་ནས་ཕྱིར་ལོག་པ༽གཉིས་ཀྱང་སྔ་རྗེས་སུ་རྒྱལ་སྲས་གཞོན་ནུ་ཟླ་མེད་ཀྱི་རྗེས་སུ་འབྲངས་སོ།།དེ་རྗེས་ཕྱིར་རྒྱལ་ཁབ་དུ་ལོག་ནས་ཆོས་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ་སོགས་འགྲོ་དོན་བྱས་པའི་དགེ་བ་དང་བཅས་མཐར་སྙན་དངགས་ཆེན་པོས་ཆེས་ཆེར་བསྟོད་པ་དང་བཅས་རྫོགས་སོ།།

༣ཐ་སྙད་གསོག་འཇོག

ཀོ་ལོང-རྐྱེན་ཆུང་ངུ་ཙམ་ལའང་ཁོང་ཁྲོ་ལང་པ།
རྐམ་པ-སྲེད་པ་སྐྱེས་པ།
ག་ཤེད-ཡུལ་ངེས་མེད།
སྔན་ལྡང-
ཆངས་བུ_ཆངས་པ།
མཆི་རིས་ཅན-
ཉེ་ཞོ-སྐྱོན་ཆའམ་བར་ཆད།
བརྙར་བ-
བརྟུན་པ-བརྩོན་འགྲུས།
ད་ཀོ-ད་ནི།
ད་ག-འདི་བཞིན་ནམ།འདི་འདྲ་བ།[ཡུལ]
ད་གདོད-རྗེས་སུ/གཞི་ནས།
གདས-བཤད་པ།
སྤྱི་བརྟོལ-ཨུ་ཚུགས་ཚ་བའམ་གདོང་ཚན་ཆེ་བ།
འཕྱན་པ_འཁྱམ་པའམ་ཡན་པ།
ཕྲུ་མ-དམག་སྒར།[རྙིང]
བྲིམ-བགོས་ནས་རིམ་པ་བཞིན་སྟེར་བའི་དོན།
བཙུབས-
མཛའ་ན་མོ_སྙིང་བརྩེ་བའམ་སྙིང་ལ་སྡུག་པའི་བུད་མེད།
ཞམ་རིང-འཁོར་གཡོག
ཞལ་གྱིས་ཆེས-
ཟ་ར་ཚགས-ཆུ་འགྲོ་སའི་ཝ་ཁ།
འུ་བུ-ངེད།[རྙིང]

༤གཙོ་ཚིག་ཡག་ཤོས།

དང་པོ་མ་བརྩམས་བྱ་བའི་མཆོག།
བརྩམས་ནས་ལྡོག་ན་བྱིས་པའི་གར།།
བུད་མེད་མཛངས་མའི་གཡོ་སྒྱུའི་ཚིག་གིས་ནི།།
སྐྱེ་བོ་ཕལ་ཆེར་འཁྲུལ་བའི་ལམ་དུ་འཇུག།
ཤེས་རབ་ཅན་གྱི་བློན་པོ་ནི།།
དགྲ་བོ་ཡིན་ཀྱང་བརྟེན་པར་འོས།།
སྲིད་པ་ལས་ཀྱི་མེ་ལོང་དུ།།
བདེ་སྡུག་གཟུགས་བརྙན་ཅི་ཡང་བཀྲ།།

༥མཁས་པའི་གདེང་འཇོག

…… བོད་མི་སྤྱི་ཡིས་གོ་བའི་ཕལ་སྐད་ཀྱི་རྨང་གཞིའི་ཐོག་ཕུན་སུམ་ཚོགས་པའི་གནའ་བོའི་བོད་ཀྱི་བརྡ་སྦྱོར་མང་དག་སྤྱད་པ་བཅས་ཀྱིས་རྩོམ་ཡིག་དེས་ཀློག་པ་པོ་ཚོའི་ཡིད་དབང་འཕྲོག་ཐུབ་པ་བྱུང་བ་མ་ཟད།ཧ་ཅང་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ཐོག་ནས་གནའ་སྔ་མོ་ནས་བོད་མི་རིགས་ལ་གཞན་དྲིང་མི་འཇོག་པའི་རྣམ་པར་བཀྲ་ལ་ཟད་མཐའ་མེད་པའི་མིང་ཚིག་ཡོད་པ་མཚོན་པས་མི་རིགས་གཞན་གྱི་སྐད་ཡིག་ཐོག་གི་དཔེ་དེབ་ཡོད་པ་རྣམས་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་ཐོག་ནས་མཚོན་མི་ཐུབ་པ་མེད་པ་ར་སྤྲོད་བྱས་ཡོད།
—དུང་དཀར་བློ་བཟང་འཕྲིན་ལས།