ཀ་ཡེ་སྙན་དབང་གསོན་དང་ན་ཆུང་སློབ་གྲོགས་རྣམ་པ༎
ཁ་མིན་སྙིང་ལ་གནས་པའི་སྙིང་གཏམ་ཚིག་གི་མགུལ་མ༎
ག་ལེར་སྙད་པ་བཞིན་དུ་གཞན་དཔེ་རང་ལ་སྦྱོར་དང་༎
ང་ཚོའི་བོད་པའི་རིགས་འདིའི་གཞན་རྗེས་ཆོད་ཀི་ཨེ་འདུག།

ཅ་དག་རྒྱན་གོས་སྣ་ཚོགས་ཀུན་གྱི་མིག་ལ་མཛེས་ཀྱང་༎
ཆ་ལུགས་རྒྱས་སྤྲོས་ཙམ་གྱིས་མ་འོངས་ཕུག་འདུན་མི་འོང་༎
ཇ་ཆང་ཞིམ་དགུར་ཆཊ་ནས་རྣམ་གཡེང་འཁོར་ལོ་མ་བསྐོར༎
ཉ་མོ་ཆུ་ལ་ཞུགས་བཞིན་སློབ་ལ་དགའ་བས་འབད་ཅིག།

ཏ་ལེན་ཕྲག་ནས་དོར་ཏེ་དོན་གྱིས་རླངས་འཁོར་ཉོས་ནས༎
ཐ་ཐོར་ཡོང་སྒོར་བྲེལ་བའི་ཕ་མ་ཚོ་ལ་གཟིགས་དང་༎
ད་ལྟའི་སྒོར་མོ་འཚོལ་བར་དཀའ་ཁག་ཆེ་བར་དགོངས་ནས༎
ན་ནོག་རྩེད་ཆས་ཉོས་ནས་དོན་མེད་ཆུད་ཟོས་མ་གཏོང་༎

པ་ར་པིར་རིག་ཟེར་ནས་སྐད་རིགས་སྣ་མང་ཤེས་ཀྱང་༎
ཕ་མེས་ཡང་མེས་བཞག་པའི་བོད་ཡིག་བོད་སྐད་བརྗེད་ན༎
བ་མོ་ཡལ་བ་བཞིན་དུ་རང་རིགས་ནམ་འཇིག་མི་ཤེས༎
མ་རབས་བྱ་བ་སྤོང་ལ་བོད་ཡིག་དག་མ་སློབས་ཤིག།

ཙ་གེ་ཙིག་གེ་ཟེར་ནས་ངན་སྤྱོད་གུ་ཡངས་མ་གཏོང་༎
ཚ་ཚ་འུར་འུར་འགྲན་པའི་དེང་གི་སྤྱི་ཚོགས་སྟེང་ན༎
ཛ་དྲག་རྙོག་འཛིང་ཆེ་བའི་མི་སྣ་འདྲ་མིན་མང་བས༎
ཝ་ལྟར་གཡོ་སྒྱུ་ཆེ་བའི་མི་ལ་དོགས་ཟོན་མཛོད་ཅིག།

ཞྭ་གོས་གྱོན་ཆས་སོགས་ལ་བོད་མདངས་ཉམས་ཀི་མ་འཇུག།
ཟ་ཚོ་བོད་མིའི་བྱ་བཞག་ལམ་ལ་འགྲོ་དང་མི་འགྲོ༎
འ་ཅག་གངས་ཅན་བོད་པས་ལྟ་ས་ཁྱེད་ཚོ་ཡིན་པས༎
ཡ་རབས་མི་ཞིག་བྱས་ལ་མི་རིགས་ལེགས་པར་སྐྱོངས་ཤིག།

ར་སྐོར་ཞིང་ཁམས་གཅིག་ཏུ་བོད་པའི་རིགས་སུ་སྐྱེས་པས༎
ལ་ལོང་གང་དུ་སོང་ཡང་རང་རིགས་སྙིང་ནས་མ་བརྗེད༎
ཤ་ཚ་སྙིང་ནས་གཅེས་བའི་དྲིན་ཆེན་ཕ་མ་གཉིས་ཀྱི༎
ས་ཕྱོགས་གང་དུ་བསྡད་ཀྱང་རེ་བ་སྟོང་ཟད་མ་གཏོང་༎

ཧ་ཅང་འཕེལ་ཁ་མགྱོགས་པའི་དེང་གི་སྤྱི་ཚོགས་འདི་ལ༎
ཨ་མཚར་ལྟད་མོར་བལྟས་ནས་རང་མལ་གནས་སུ་བསྡད་ན༎
ཨ་ཕའི་རེ་བ་ཡོད་ཚད་སྟོང་བའི་དབྱིངས་སུ་ཟད་པས༎
ཧ་ལམ་ནུས་པ་ཡོད་དགུས་རང་འགན་དོན་དུ་ལོངས་ཤིག།

ས་འཛིན་དཀར་པོས་སྐོར་བའི་བོད་ཡུལ་ཕུ་ནུའི་ཆེད་དུ༎
ཤ་ཁྲག་རྒྱུ་མས་གྲུབ་པའི་རིན་ཆེན་མི་ལུས་འདི་ཉིད༎
ལ་མོར་སྲེག་བྱེད་ཟས་སུ་སྟེར་བའི་སྤོབས་པ་མེད་ཀྱང་།།
ར་སྐོར་གཅིག་གི་སྤུན་ལ་མཐུན་པའི་ལག་རྡང་སྦྲེལ་ཅིག།

ཡ་མ་བརླ་ཡི་ཤེས་བྱ་སྦྱངས་དང་མ་སྦྱང་མི་འདུག༎
འ་ཅག་བོད་པ་ཚང་གི་ལྔ་ཟུང་རིག་པའི་གནས་ལ༎
ཟ་ཟིའི་རྣམ་གཡེང་སྤངས་ནས་དམིཊ་ཡུལ་གཅིག་ཏུ་དམིཊ་ལ༎
ཞ་ལུ་ལོ་ཆེན་བཞིན་དུ་ཀུན་ལ་མཁས་པར་སྦྱོངས་ཤིག།

ཝ་ལྟར་གཡོ་སྒྱུ་ཆེ་བའི་མི་ལ་དོགས་ཟོན་མཛད་ནས༎
ཛ་དྲག་རྙོག་འཛིང་ཆེ་བའི་བྱ་བའི་དཀར་ནག་དབྱེ་ལ༎
ཚ་ཚ་འུར་འུར་འགྲན་པའི་དེང་གི་སྤྱི་ཚོགས་འདི་ནས༎
ཙ་ཡ་བོད་པ་ཚང་གི་མགོ་འཕང་གནམ་ལ་བསྟོད་ཅིག།

མ་རྒྱུད་གཅིག་ཏུ་སྐྱེས་པའི་ཕུ་ནུ་མིང་སྲིང་ཀུན་ལ༎
བ་གླང་སྨྱོན་པ་བཞིན་དུ་ནང་འཁྲུགས་བྱེད་ཀི་མ་འདུག།
ཕ་མེས་ཡང་མེས་བཞག་པའི་ལྔ་ཟུང་རིག་པའི་གནས་ལ༎
པ་སངས་མདངས་ལ་འགྲན་པའི་ལྷག་བསམ་དག་པས་སྦྱོངས་ཤིག།

ན་ནིང་ཕངས་མེད་བསྔོས་པའི་ལུས་ཀྱི་འབྱུང་བ་བཞི་བོ༎
ད་ལྟའི་རང་གི་འཚོ་བར་ཞེན་པ་ལོག་པ་མིན་ཡང་༎
ཐ་ཆད་བོད་པའི་མགོ་འཕང་གནམ་ལ་འདེགས་ཆེད་ཡིན་པས༎
ཏཱ་ལེ་ཚང་གི་དགོངས་པ་ཨེ་འགྲུབ་ལེགས་པར་འབད་ཅིག།

ཉ་ཉོག་ཚིག་ཏུ་སྒྲིག་པའི་རྩོམ་ཐུང་འདི་འདྲ་ཞིག་ནི༎
ཇ་མ་ཆུ་ལེན་གྱིས་ཀྱང་འབྲི་ཐུབ་ཚོད་དུ་འདུག་ཀྱང་༎
ཆ་རྒྱུས་ཡོད་པའི་གྲོགས་ལ་ཕན་པའི་ཕྱིར་ཏུ་བྲིས་པས༎
ཅ་ཅོ་གཏམ་ལ་མ་སེམས་དགོས་པ་ཨེ་ཡོད་ལྟོས་ཤིག།

ང་ཡིས་འདི་འདྲ་འབྲི་བ་གྲགས་འདོད་བཀུར་འདོད་མ་ཡིན༎
ག་ལེར་བོད་པའི་བུ་ལ་ཁ་བརྡ་བཤད་འདོད་ཡིན་ནོ༎
ཁ་སེམས་དཀར་པོས་ངང་ནས་བྲིས་པའི་ཚིག་ཕྲེང་འདི་དག།
ཀ་དག་བོད་པའི་བུ་ལ་སྐུལ་མའི་སྨན་དུ་གྱུར་ཅིག།