དཀར་ལམ་ལམ་གྱི་ཁ་བའི་སྟེང་ནས
སྙིང་གི་གྲོགས་པོ
ཁྱོད་དང་ངའི་བརྩེ་དུང་ལ་འོད་མདངས་ལྡན
འབྲུག་དཀར་གཙང་པོའི་ཟམ་སྣེ་ནས
དྭངས་གཙང་གཙང་གི་འབྲུག་དཀར་གཙང་ཆུ་བཞིན
གླེང་མི་ཚར་བའི་སྙིང་གཏམ་འཆད་བཞིན
ཁྱེད་དང་ངའི་ལག་རྡང་
བརྩེ་དུང་གི་མདུད་བརྒྱ་བཞིན
གྲོལ་དཀའ་ཞིང་གྲོལ་ན་ཕམ་བློ་ཞིག

སྟོང་སང་སང་གི་ཞོགས་པ་ཞིག་ལ
མི་རིང་གྱེས་པའི་སེམས་པས
ད་དུང་སྔར་བཞིན་ཁྱེད་རང་གླེང་
ལྡོང་སྐྱ་རེངས་ལགས
བྲེལ་བྲེལ་ཚུབ་ཚུབ་ཀྱི་ལོ་ཟླའི་འཁོར་སྐྱོད་ནི
རྫ་ངོས་ཀྱི་རྦབ་རྡོ་བཞིན
ཁྱོད་གདོང་གི་མིག་ཆུ་བཞིན
འབྲལ་ཁའི་ལེགས་སྐྱེས་སུ་བབས་པ་སྙིང་ལ་གཟན

འུར་འུར་ཟིང་ཟིང་དུ་འབབ་པའི་འབྲུག་དཀར་གཙང་བོའི་འགྲམ་ངོགས་ན
ངུར་སྨུག་གི་གཟན་གཤམ་ཆུ་གཉེར་བཞིན
གླེང་མི་ཚར་བའི་སྙིང་གཏམ
རླབས་ཕྲེང་གི་ཟེགས་མ་བཞིན
དེ་ལ་བསམ་གྱིན་བསམ་གྱིན་འགམ་པ
གཙང་བོ་ཡི་རླབས་སྒྲ་ཡིན་པས
ཁྱོད་ནི་ཁྱོད་ཀྱི་འོད་སྟོང་ལྡན་པའི་མདུན་ལམ་ན
ངའང་རང་ལ་འཚམ་པའི་དམིགས་ཡུལ་ཞིག་གི་ལམ་སྣེ་ན
ཐམས་ཅད་དཀོན་མཆོག་ལ་བཅོལ་ཞིང་
གསོལ་བ་ཡང་ཡང་བཏབ

ཟམ་སྣེ་ཡི་མཁར་གདོང་ནས
ཁྱེད་ཀྱི་འབྲལ་ཁའི་ཕྱི་མིག་དེས
ངའི་སེམས་ལ་དགའ་སྐྱོ་འདྲེས་མའི་ཟུག་གཟེར་ཞིག
གཙང་བོའི་བཞུར་སྒྲ་དང་མཉམ་དུ་བབས་བྱུང་
བབས་བྱུང་བའི་ཟུག་གཟེར་དེ
སྐབས་རེར་ངའི་དྲན་སྐུལ་ཡིན་ལ
ལན་རེ་ངའི་བསམ་གཞིག་ཡིན

གང་ལྟར་           བརྩེ་དུང་ནི་མཐོང་མེད་ཀྱི་ཞགས་པ་ཞིག
གྱེས་བྲལ་ཀྱང་འཇིག་རྟེན་འདིའི་ཆོས་ཉིད་ཅིག
མིག་ཆུ་མ་གཏོང་དང་
ཤ་འདྲེས་དཔག་འདྲེས་ཀྱི་གྲོགས་པོ་ལགས
ཁྱོད་ཁོ་ན་ངའི་གཟི་བརྗིད་དང་
སྤོབས་པ                   དུང་བ་བཅས་ཡིན
དེ་ལྟར་སྒོམ་བཞིན་              སྒོམ་བཞིན
ངའི་མཁུར་ཚོས་བརྒྱུད
མིག་ཆུའི་རྡོག་པོ་འགའ་འཐོར་སོང་

ཞེས་ལྡོང*དོན་ཚེ་ནས།