རྒོད་པོ་ཚོ་འཕུར་སོང་
གཅེར་སྐྱོབ་སྔོན་པོ་ཅན་གྱི་མདེའུ་ཁ་ནས་
ཁྲ་གླག་ཕལ་བ་ཞིག་གི་ཚུལ་བསྟན་ནས་
མིག་ཆུའི་གསུངས་ཚིག་སྐྱེས་སུ་བཏེགས་བཞིན་དུ་
ཁེར་རྐྱང་གཤོག་འགྱུར་རྒོད་པོ་རླུང་ལ་སྐུར་
རྒོད་པོ་ཚོ་འཕུར་སོང་
གཡའ་དག་པའི་ནམ་མཁའ་ན་
ཅི་ཡང་མེད་
ལྷག་བསམ་གྱི་གཤོག་འགྱུར་ཡངས་བའི་རྒོད་པོ་ཚོ་
སུ་སང་གི་མཁའ་དབྱངས་ན
མི་རིགས་ཤིག་གི་ཞི་བདེ་གླེང་བཞིན་
འགྲོ་བ་མི་ཡི་བདེ་སྡུག་བསམ་ནས་
མཁའ་དབུགས་གཙང་བའི་རང་ཡུལ་སྐྱུར་ནས་
ཚ་བ་ཆེ་བའི་གཞན་ཡུལ་སྙེགས་སོང་
རྒོད་པོ་ཚོ་འཕུར་སོང་
འཕུར་སོང་ཤུལ་གྱི་མཁའ་དབྱངས་ན་
ཁྲ་གླག་གི་བརྙས་བཅོས་རྒོད་ལ
ཙག་སེར་གྱི་ཁྲིམས་ཁ་བཙན་
འདས་ཟིན་པའི་ལོ་ཟླ་འདི་དག་ལ་
མགོན་མེད་ཀྱི་བྱེའུ་དེ་ཚོས་
སྡུག་བསྔལ་གྱི་འུ་དོད་ཐེངས་དུ་ལ་བོས་པ་
སུ་ཡིས་ཚོར་
རྒོད་པོ་ཚོ་འཕུར་སོང་
འཕུར་སོང་ཤུལ་གྱི་མཁའ་དབྱངས་ན་
ཅི་ཡང་མེད་
རྩལ་དྲུག་མ་རྫོགས་པའི་བྱེའུ་ཚོར་
ཡང་དག་པའི་བྱ་སྐད་དཀོན་ལ་
སླད་མེད་པའི་གོམས་གཤིས་ཉུང་
ཡིན་ཡང་       ཡིད་ཆེས་དང་
རེ་བའི་མིག་ཆུ་ལག་པས་སྐྱོར་བཞིན་
དད་པའི་གཤོག་ཟུང་མཁའ་ལ་གཡུགས་བཞིན་
སང་ཉིད་ཀྱི་ལོ་ཟླ་ལ་རེ་ཞིང་སྒུག
འདི་ནི་བྱེའུ་ཞིག་གི་རེ་སྨོན་དང་
ཚེ་སྲོག་ཞིག་གི་དབྱངས་རྟ་ཡིན་ངེས