དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་སྒྲུང་ཐུང་ཞིག

ཉིན་གུང་ཟླ་བ་བྲེལ་བྲེལ་འཚུབ་འཚུབ་ངང་ཉལ་ཁང་ཕྱི་ལ་བུད་དེ། ཐད་ཀར་སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་འགྲོ་སྐབས་བུད་མེད་གསུམ་ནང་ལ་འཛུལ་བ་དང་དུས་མཉམ་བྱུང་། དེ་ཚོའི་ཁྲོད་ཀྱི་བུ་མོ་ཞིག་ཁོའི་མིག་ལམ་དུ་རང་དབང་མེད་པར་འཁོར་ཞིང་དེ་ནི་ཁོ་ལ་མཚོན་ན་ལས་དབང་གི་ལྷ་མོ་ལམ་ཐུག་ཡིན་རྒྱུ་རེད། ཁོ་མོས་རང་གི་དམར་སེར་གྱི་སྐྲ་ལོ་རིལ་རིལ་ངང་སྐེ་ཁུང་དུ་ལྷོད་མོར་བཀག་ཅིང་། ཡར་ཐོད་ཀྱི་སྨིན་མ་མཐུག་པོ་འཇའ་དབྱིབས་ལྟར་བསྲིངས་འདུག་ལ། དེ་འོག་གི་ལྷེམ་ལྷེམ་གཡོ་བའི་མིག་ཟུང་གི་དཀྱུས་རིང་ཞིང་རང་བྱུང་གི་ཆགས་ཀ་གཉིས་བརྩེགས་ཤིག་མཚོན་རིས་ལྟར་བཀྲ་ཡོད། ད་དུང་མཉེན་ཅིང་སྲབ་པའི་མཆུ་སྒྲོས་ཕྱེ་བཙུམས་དང་མཉམ་དུ་དཀར་ཞིང་གྲལ་བསྒྲིགས་པའི་ཚེམས་ཕྲེང་ལན་རེ་མངོན་ཞིང་ལན་རེ་བསྒྲིབས། ནམ་ཟླའི་དྲོ་གྲང་དང་འཚམ་པའི་ཁ་དོག་ངུར་སྨྲིག་གི་སྐེ་དཀྲིས་ཤིག་གིས་ཅུང་དོག་དོག་གི་སྟོད་ཐུང་ནག་པོ་དེའི་གོང་བ་ཡོངས་སུ་བཏུམས་འདུག ཁོག་སྨད་དུ་ཤ་སྟེང་ལ་འབྱར་འདུག་པའི་དོར་མ་ནག་པོ་ཞིག་གི་སུག་བཀྱགས་ཀོ་ལྷམ་དཀར་བོ་ཞིག་གི་ནང་དུ་བཅུག་ཡོད་ལ། ལུང་བུ་ཅུང་ཐུང་བའི་ཁུག་མ་སྐྱ་བོ་ཞིག་ལག་གཡོན་པའི་གྲུ་ཁུག་ཏུ་བཟུང་ཞིང་གོམ་འགྲོས་དང་བསྟུན་ནས་ཅུང་ཆེ་བའི་གསེར་གྱི་རྣ་ལུང་སྒོར་སྒོར་ཆ་གཅིག་ཁུར་ཚོས་གཡས་གཡོན་ན་དལ་གྱིས་འགུལ་བཞིན་མཆིས། ཟླ་བའི་ཁོ་མོའི་གཞུག་ལ་ལྟ་ཙམ་ལྟ་ཙམ་གྱིས་ཁོ་བོ་གང་ཞིག་ལ་འགྲོ་བཞིན་པའི་ཁ་ཕྱོགས་གློ་བུར་དུ་བརྗེད་སོང་།

ཟླ་བ་ནི་སློབ་ཆེན་དེ་རུ་ཞུགས་ནས་ཟླ་གསུམ་ཙམ་ལས་འགོར་མེད་ནའང་། སློབ་གྲྭ་དེ་གའི་བོད་པ་ཚོའི་ནང་ན་ཁོ་མི་ཤེས་མཁན་གཅིག་ཀྱང་མེད། དེ་ནི་ཁོ་བཟང་བོ་མིང་ཅན་ཡིན་པས་མ་ཡིན་ལ་ངན་པ་རྟགས་ཅན་ཡིན་སྟབས་རེད། ལྷག་པར་དུ་ཁོའི་འཇིལ་ལི་ཆགས་པའི་སྐྲ་ལོ་རིང་བོ་སོག་སྲིབ་ལ་ཐུག་འདུག་ལ། སློབ་གླིང་དེ་ན་ཁོ་མ་གཏོགས་སྐྱེས་པ་ཚོའི་ཁྲོད་ན་དེ་འདྲའི་སྐྲ་ལོ་རིང་བོ་བཞག་ཡོད་མཁན་གཅིག་ཀྱང་མེད། སློབ་གླིང་དེ་རུ་རྒྱ་ཡིག་དང་དབྱིན་ཡིག་གི་ཆེད་སྦྱོང་གཉིས་ཡོད་ལ། བོད་པ་མང་ཆེ་ཤས་ཀྱིས་རྒྱ་ཡིག་བདམས་པ་དང་དབྱིན་ཡིག་བདམས་པའི་སློབ་མ་རེ་འགའ་ལས་མེད། ཡིན་ནའང་ཟླ་བ་ནི་དེའི་ཁྲོད་ཀྱི་སློབ་མ་ཞིག་ཡིན་ལ་གསལ་བྱེད་ཆ་ཚང་ཡང་ངག་ཐོག་ནས་ཤར་སེ་འདོན་རྒྱུ་དཀའ་མོ་ཆགས་ཡོད་ནའང་ཆེད་སྦྱོང་དབྱིན་ཡིག་བདམས་ཁུལ་བྱས་ཡོད། ཁོ་སློབ་གྲྭའི་ནང་ལ་ཞུགས་པའི་ཉིན་དང་བོ་ནས་བཟུང་ངོ་ཤེས་མི་ཤེས་པའི་བུ་མོ་མང་བོ་ཞིག་ལ་འབྲེལ་གཏུག་བྱེད་འགོ་བརྩམས། དོན་དངོས་སུ་ཁོས་རང་ཉིད་ཀྱི་རང་མཚང་ཕྱི་ལ་ཕུལ་པ་ལས་དེ་དག་གི་ཁྲོད་ན་ཁོ་ལ་ཁ་ཡ་བྱེད་མཁན་གཅིག་ཀྱང་མ་མཆིས།

ཉིན་དེ་ནས་བཟུང་སྟེ་ཟླ་བ་ལ་དམིགས་འབེན་གསར་བ་ཞིག་ཡོད་སོང་ལ། ཉིན་དེར་མཐོང་པའི་ཁོ་མོའི་གཟུགས་བརྙན་ནི་ཁོའི་མི་ཚེ་ནང་ཆེས་བག་ཆགས་ཟབ་པའི་དྲན་ཤིང་དུ་གྱུར། ཉིན་འགའ་ཙམ་གྱི་རྗེས་སུ་ཟླ་བས་ཁོ་མོ་ནི་སུ་ཡིན་པ་དང་། ཕ་ཡུལ་གང་གི་ཡིན་པ་སོགས་གསལ་བོ་ཤེས་ཡོད་ལ། ཐ་ན་གླེང་མོད་༼QQ༽ཨང་གྲངས་དང་ཁ་པར་ཨང་གྲངས་ཀྱང་ཁོའི་ལག་ཏུ་འབྱོར་ཡོད། ཁོ་མོའི་མིང་ལ་ལྷ་མོ་ཟེར་ཞིང་ཕ་ཡུལ་ཡུལ་ཤུལ་ནས་ཡིན། ལོ་རིམ་བཞི་བའི་རྒྱའི་སྐད་ཡིག་སློབ་གླིང་གི་ཡིན་ལ་མི་འགྱང་བར་སློབ་མཐར་ཕྱིན་ལ་ཉེ། ད་དུང་གོ་ཐོས་ལྟར་ན་ཁོ་མོ་ནི་སློབ་གླིང་དེ་རུ་མཛེས་མའི་ཡང་རྩེ་ཡིན་ལ་སྐྱེས་པ་མང་བོ་མེ་ཏོག་ལ་སྦྲང་མ་འཁོར་བ་ལྟར་འཚང་ཡོད་ཟེར། ཡིན་ནའང་ཁོ་མོས་གཅིག་ཀྱང་དང་ལེན་མ་བྱས་ཤིང་ཏག་ཏག་ལོ་ངོ་བཞིའི་རིང་ལ་སྐྱེས་པ་ཞིག་གི་ལག་པའང་འཇུས་མ་མྱོང་བར་ཁེར་རྐྱང་གི་འཚོ་བ་རོལ་ལས་ཡོང་བ་རེད་ཟེར། དེའི་སྟབས་ཀྱིས་ཁོ་མོ་ནི་སློབ་གླིང་དེ་གའི་གླེང་གཞི་གལ་ཆེན་དུ་གྱུར་འདུག ལ་ལས་ཁོ་མོར་ཕ་ཡུལ་ན་དགའ་གྲོགས་ཡོད་ཟེར། ལ་ལས་ཁོ་མོའི་སྣང་བ་མཐོ་བས་དམིགས་འབེན་ཡང་མཐོ་ཟེར། ཡང་ལ་ལས་ཁོ་མོ་ནི་ཕ་མའི་བཀའ་གསུང་དང་དུ་ལེན་མཁན་ཞིག་ཡིན་པས་ཁོ་མོའི་ཁྱོ་ག་ཕ་མས་ཐག་གིས་གཅོད་ཀྱིན་ཡོད་ཟེར། དེ་བཞིན་དུ་མང་བོ་ཞིག་རང་རང་གིས་དཔྱོད་ཚོད་ཀྱིས་ཁོ་མོ་དང་འབྲེལ་བའི་གཏམ་རེ་གླེང་གི་ཡོད་མོད། ཡིན་ན་ར་དོན་དངོས་དེ་ཅི་འདྲ་ཡིན་པ་ཁོ་མོ་ལས་མི་སུ་ཞིག་གིས་ཀྱང་ཤེས་ཐབས་བྲལ།

གང་ལྟར་ཟླ་བས་ཁོ་མོའི་གནས་ཚུལ་དེ་དག་གོ་རྗེས། ཁོའི་སྔོན་ཆད་ཀྱི་བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་ཏེ་གར་སོང་ཆ་མེད་དུ་གྱུར།ཟླ་བས་ཐེངས་མང་བོ་ཞིག་ལ་ཁོ་མོའི་གླེང་མོད་ཨང་གྲངས་དེ་ནང་འཇུག་བྱས་མཐར། ཐ་མ་རྔ་མར་ཁོ་མོས་ནང་འཇུག་བྱས་སོང་། ཟླ་བས་རང་གིས་བཤད་འདོད་པའི་འཕྲིན་ཡིག་མང་བོ་ཞིག་བསྐུར་མོད། ཡིན་ནའང་དེ་དག་ནི་ཁོ་མོར་མཚོན་ན་ཚོར་བ་ཅི་ཡང་མེད་ལ་ཐ་ན་ཡིག་ལོན་ཙམ་བསྐུར་རྒྱུའང་ཁག་པོ་གྱུར། ཡིན་ཡང་ཟླ་བས་རང་ཉིད་ལ་སེམས་ཤུགས་བསྩལ་ནས་ཁོ་མོར་ལ་ཁ་པར་ཐེངས་ཤིག་བཏང་། ཁོ་མོས་རྒྱ་སྐད་ཀྱི་ལམ་ནས་སུ་ཡིན་ཅེས་པའི་སྐད་ཆ་དེས་ཁོའི་སྐད་ཆའི་གོ་རིམ་འཆོལ་ནས་ཅི་ཞིག་བཤད་དགོས་པའང་མ་ཤེས། དེ་མ་ཐག་ཁོ་མོས་ཁ་པར་ཁ་གཏད་སོང་། དེ་ནི་ཟླ་བ་ལ་མཚོན་ན་གཡུལ་ས་ཐེངས་ཤིག་ཞུགས་ནི་རེད། དགྲ་བོ་མ་རིག་པར་སྐྲག་སྣང་ཐེངས་ཤིག་སྐྱེས་ནི་རེད། དོན་དངོས་སུ་ལྷ་མོས་ཁ་པར་དེ་སུས་བཏང་ཡོང་བ་མི་ཤེས་ལ་ཟླ་བ་ཟེར་བའི་མི་བུ་མགོ་སྟོང་དེའི་བག་ཆགས་ཙམ་ཡང་ཁོ་མོའི་སེམས་ནང་ན་ག་ལ་ཡོད། དེ་ནས་བཟུང་ཟླ་བས་ཁོ་མོའི་སྟེང་བཅངས་པའི་རེ་བ་ཐ་དག་ཨ་ཐང་མི་ཆད་ཀ་མེད་བྱུང་།

ཉིན་ཞིག་ལ་ཟླ་བས་ཁོའི་གྲོགས་པོ་ཞིག་གི་ཁ་ནས་ཁོ་མོ་ནི་རྒྱུན་དུ་དཔེ་ཁང་ནང་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་ཟེར། དེ་ནི་རྨ་བྱའི་རྣ་ལ་འབྲུག་སྒྲ་ཐོས་པ་ལྟར་ཁོའི་སེམས་ལ་བརྟན་པོ་ཆགས་སོང་། སྤྱིར་ན་ཟླ་བ་ལ་མཚོན་ན་སློབ་གྲྭའི་དཔེ་ཁང་གང་ཞིག་ཏུ་ཡོད་དང་། དེའི་ནང་གི་ཇུས་བཀོད་སོགས་ཇི་ལྟར་ཡིན་པ་ཁྱོན་ནས་ཤེས་ཀྱིན་མེད། ཡིན་ནའང་ཁོ་མོ་དང་འབྲེལ་དེ་ཁོས་དཔེ་ཁང་ངོ་ཤེས་ཤིང་ཉིན་དེ་ནས་བཟུང་དཔེ་ཁང་ནང་དུ་འགྲོ་རྒྱུའི་གོམས་གཤིས་ཆགས། ལྷ་མོ་དང་མོའི་གྲོགས་མོ་འགས་མཐའ་ཆེ་བའི་འདུག་སྟེགས་དྲུག་ཅན་གྱི་ཙོག་ཙེ་ཞིག་བླངས་ཡོད་ལ། ཁོ་མོ་ནི་དྲ་མའི་རྩིབ་ལོག་ཏུ་བསྡད་ཅིང་ཇ་ཕོར་གློ་དམར་ཞིག་གི་ནང་དུ་ཆུ་ཁོལ་ཉུང་ཉུང་ལས་མེད་ལ་དེ་ནི་ཁོ་མོའི་མདུན་དུ་བཞག་འདུག ད་རུང་ཅུང་མཐུག་ལ་མཐའ་ཆེ་བའི་དཔེ་ཆ་ཞིག་གི་ཤོག་ལྷེ་དཀྱིལ་དུ་སླེབས་འདུག་ལ་མཚམས་རེ་ཁོ་མོས་ཁ་འགུལ་ཙམ་འགུལ་ཙམ་གྱིས་ཁོག་འདོན་བྱེད་པ་དང་། ལན་རེ་སྨྱུག་གུ་བླངས་ནས་རྟགས་རྒྱག་གྱིན་ཡོད།

ཟླ་བས་མིག་ཟུར་ནས་ཁོ་མོར་ལྟ་ཞོར་སློབ་སྦྱོང་ལ་ཧུར་བརྩོན་ཁུལ་བྱས། སྐབས་ཤིག་ལ་སྟབས་མ་ལེགས་པར་ལྷ་མོ་དང་མོའི་གྲོགས་མོ་ཞིག་ལ་འདུག་སྟེགས་མ་རག་པར་ཟླ་བའི་ཁ་གཏད་དུ་བསྡད། ཟླ་བའི་ངོ་གདོང་རང་བཞིན་གྱིས་དམར་བོ་གྱུར་ཞིང་མགོ་བསྒུར་ཏེ་དུས་ཚོད་གསུམ་མམ་བཞི་ཙམ་གྱི་རིང་ལ་འགུལ་ཙམ་ཡང་མ་ཕོད། ཏག་ཏག་ཁོ་མོ་སོང་རྗེས་ཟླ་བའི་རང་གི་སྐེ་ཚིགས་ནང་ལ་ཟུག་གཟེར་རྒྱག་བཞིན་པ་ད་གཟོད་གཞི་ནས་ཚོར། དེ་ལྟར་དུ་ཟླ་ཁ་ཤས་ཀྱི་རིང་ལ་མི་ཚོགས་ཀྱིས་འཚང་ཁ་བྱེད་སའི་དཔེ་ཁང་ནང་དུ་ཟླ་བས་སེམས་ཀྱིས་ཁོ་མོ་གླེང་ཞིང་མིག་གིས་ཁོ་མོ་འཚོལ་བཞིན་དབྱིན་ཡིག་གི་ཐ་སྙད་ཅི་ཙམ་སྦྱངས་ཡོད་པ་ཁོ་རང་ཉིད་ཀྱི་སེམས་ན་འཁྲིགས་འཁྲིགས་ཡིན་རྒྱུ་རེད།

ལོ་ཟླ་སྐད་ཅིག་སྐད་ཅིག་ཏུ་བཞུད་སོང་། དབྱར་ཟླ་དྲུག་པའི་རྔ་ཆེན་གྱིས་ས་གཞི་ཡོངས་རྫོགས་ལ་དྲོད་ཁོལ་རྒྱས་ཤིང་ལྷ་མོའང་ཁོར་ཡུག་ལ་ཁ་ཐག་བཅད་ནས་འགྲོ་རན་སོང་། ཟླ་བ་ལ་ཕངས་སེམས་དང་ན་ཟུག་ཇི་འདྲ་ཆེ་ཡང་སུ་ལ་བཤད། དེ་ནི་ཆོས་ཉིད་དུ་བརྩིས་ནས་ལས་དབང་དུ་སྒོམ་པ་ལས་བྱེད་ཐབས་གཞན་ཞིག་གང་ན་མཆིས། ལྷ་མས་སློབ་གྲྭ་ལ་གྱེས་ཕྱག་ཕུལ་བའི་ཞོགས་པ་དེ། ཟླ་བས་དྲ་མའི་ནང་ལོག་ཏུ་ལྷ་མོ་དང་མོའི་གྲོགས་མོ་འགས་དངོས་པོ་དག་རླངས་འཁོར་ཞིག་གི་ནང་དུ་རྩེག་བཞིན་པར་ཅེར་ཡོད། ཟླ་བའི་མལ་ཁང་ནི་ལྷ་མོ་འདུག་སའི་ཁང་བརྩེགས་གཉིས་པའི་འགྲམ་གྱི་ཁང་བརྩེགས་དང་བོའི་ཐོག་བརྩེགས་དྲུག་པའི་སྟེང་དུ་ཡོད།

དེའི་སྟབས་ཀྱིས་མདུན་ཕྱོགས་ཀྱི་བྱ་དངོས་ཐ་དག་ནི་ལག་མཐིལ་གྱི་རི་མོ་བཞིན་དུ་གསལ་བོ་མཐོང་ཐུབ་ངེས། ཟླ་བས་རེ་ཆད་དང་ཡིད་མུག་གི་ཀློང་ནས་མིག་མཐའ་མཆི་མ་འཁོར་ཞིང་ཁོ་མོའི་ཆེས་མཐའ་མཇུག་གི་རྒྱབ་གཟུགས་ལ་ཞེན་ཆགས་སྐྱེས་བཞིན་རང་ཉིད་ཆེས་དགའ་སའི་བུ་མོ་མིག་ལམ་དུ་གཏན་དུ་བོར་སོང་།

2014ལོའི་ཟླ་བ4བའི་ཚེས་28ཉིན་ལྡོང་རྦ་རླབས་ཀྱིས།