འདྲ་མི་མཉམ་པའི་འཇིག་རྟེན་འདི་ནས/
ངའི་ཡོད་ཚད་ཀྱི་ཡོད་ཚད་ལ་བདག་པོ་མེད་དུས/
ངའི་སྙིང་དང་འདྲ་བ་ཁྱོད་/
འཁོར་བ་འདིའི་སྒོ་སྲུབས་ནས་/
ཅི་མི་སྙམ་པར་མངོན་བྱུང་/
ངའི་ཡོད་ཚད་ཁྱོད་ལ་བརྗོད་ཅིང་/
ཁྱོད་ཀྱི་ཡོད་ཚད་ང་ལ་གླེང་དུས/
ཕན་ཚུན་ལ་སྔོན་མེད་ཀྱི་བརྩེ་བ་ཞིག་ཆགས་སོང་/
དེའི་ཕྱིར་             ངེད་གཉིས་དཔུང་བ་མཉམ་བཤིབས་དང་/
གོམ་པ་མཉམ་སྤོས་ཀྱིས་/
འཇིག་རྟེན་འདིར་འཁྱམ་རྒྱུ་ཐག་བཅད/
ཡིན་ཡང་     ཁ་དོག་མང་བའི་འཇིག་རྟེན་འདིས/
ང་ང་ལྟ་བུ་ཞིག་མིན་ལ/
ཁྱོད་ཀྱང་ཁྱོད་ལྟ་བུ་ཞིག་མིན་པར་བྱས/
དེའི་ཕྱིར་     བརྩེ་བ་དེ་མཐོང་མེད་ཀྱི་ཞགས་པ་ཞིག་དང་/
འགྱུར་བའང་གདོང་ཁའི་དར་ལྕོག་ཅིག་ཏུ་ཅི་ལ་མི་འདོད/
མ་ཟད་       གྱེས་བྲལ་ནི་འཇིག་རྟེན་འདིའི་ཆོས་ཉིད་ཅིག་ཡིན་ན/
འགལ་འདུ་ཡང་ངེད་གཉིས་ཀྱི་ལས་དབང་ཞིག་ལོས་ཡིན/
དེ་མིན་ན      ཁ་སང་གི་འོ་ཆུ་ལྟ་བུའི་བརྩེ་བ་དེ་/
དེ་རིང་མེ་ཆུ་ལྟ་བུའི་འགལ་འདུ་ཞིག་ཅི་ལ་ཡིན??/

ལྡོང་དོན་ཚེ་ནས།  ༢༠༡༤ ༨  ༡༤