འཕང་འགྲོའི་གླུ།

ཐང་རྒྱལ་རབས། པེ་ཅུའུ་ཡུས།
འཆིང་གྲོལ་གྱིས་བསྒྱུར།

མཚན་དུས་ཞོན་དབྱང་རབ་ཁ་ལ།།
རྒྱང་བཞུད་མགྲོན་གང་སྐྱེལ་དུ་ཕྱིན།།
སྟོན་གྱི་རླུང་བུས་ལྗོན་ཤིང་གི།
ལོ་མ་མེ་ཏོག་སིལ་སིལ་བསྒུལ།།
བདག་ཉིད་རྟ་ལས་ཉེར་བབས་ཤིང་།།
མགྲོན་པོ་གྲུ་ལ་རབ་ཏུ་བརྟེན།།
ཆང་ཕོར་མཐོ་རུ་བཏེགས་ནའང་།།
རོལ་མོའི་རམ་འདེགས་ཡོངས་སུ་དབེན།།

ཆང་གིས་མྱོས་པར་མ་གྱུར་གོང་།།
སྡུག་གིས་མནར་བཞིན་འབྲལ་དགོས་བྱུང་།།
འབྲལ་ཁའི་ཟླ་བ་སྒོར་སྒོར་དེ།།
གཙང་བོའི་ངོགས་སུ་ལྟེམ་ལྟེམ་འགུལ།།
གློ་བུར་པི་ཝང་སྙན་མོའི་སྒྲ།།
ཐོས་འཛིན་གསོས་སུ་ཉེར་ལྷུང་བས།།
བདག་ཉིད་ཕྱིར་ལྡོག་མགྲོན་པོ་གང་།།
མདུན་སྐྱོད་བྱ་བ་དུས་གཅིག་བསྙེལ།།

དབྱངས་རྟ་འདི་ཉིད་གང་ལས་བྱུང་།།
དཀྲོལ་མཁན་དེ་ཡང་སུ་ཞིག་ལགས།།
པི་ཝང་དཀྲོལ་མཚམས་བཞག་ནའང་།།
དྲིས་པའི་ལན་ནི་ནར་མར་འགྱངས།།
གྲུ་ཆུང་དེ་ཡི་སར་བཏུད་དེ།།
ཞལ་མཇལ་ཡོང་རེ་རྫོགས་པར་ཞུས།།
ཆང་ཕོར་བཀང་ཞིང་སྒྲོན་མེ་སྦར།།
གསོལ་སྟོན་མ་རྙིང་གསར་དུ་བཤམས།།

བརྒྱ་འབོད་སྟོང་བསུ་བྱས་པའི་རྗེས།།
ཐོག་མའི་གོམ་ཁ་དལ་གྱིས་བསྒྱུར།།
པི་ཝང་ཉེར་བསྣམས་བཞིན་རས་ཀྱི།།
ཕྱེད་ཅིག་སང་རས་སྲབ་མོས་བསྒྲིབས།།
འཕང་འགྲོའི་རྒྱུད་སྐུད་ཕྲ་མོ་དག།
ཚོད་ལྟའི་ཚུལ་གྱིས་དཀྲོལ་ཙམ་གནང་།།
རྫོགས་པའི་དབྱངས་རྟ་མ་ཡིན་ཀྱང་།།
བརྩེ་བའི་རོ་བྲོ་མངར་བ་ལགས།།

རྒྱུད་སྐུད་རེ་རེའི་སྒུལ་སྟངས་ལ།།
དྲན་གདུང་དབྱངས་རྟ་ཅི་ཡང་མཆེད།།
དེ་ནི་ཕལ་ཆེར་སྔོན་བྱུང་གི།
ཕལ་བའི་གཏམ་རྒྱུད་གྱེར་དང་མཚུངས།།
སྨིན་ལེགས་སྨིན་མ་ཉེར་ཕབས་ཏེ།།
ལེགས་གོམས་རྒྱུད་སྐུད་མུ་རུ་དཀྲོལ།།
དེ་ནི་སེམས་ཀྱི་མཐའ་མེད་པའི།།
དོན་དག་རྫོགས་པར་འཆད་དང་མཚུངས།།

འདེགས་དང་འཇོག་པའི་ཕྱག་རྒྱ་དག།
འཇམ་མཉེན་སོར་མོས་ཅི་ཡང་བསྒྱུར།།
ཐོག་མར《ལྷ་ཡི་གོས་》དང་ནི།།
དེ་ནས《ལིག་ཡོ》སོགས་ཀྱང་དཀྲོལ།།
དྲག་པོའི་དབྱངས་རྟ་དྲག་ཆར་ཏེ།།
ཤག་ཤག་དྲག་པོའི་སྒྲ་དང་ལྡན།།
དམའ་བའི་དབྱངས་རྟ་གསང་གཏམ་སྟེ།།
ཤབ་ཤུབ་གང་ལ་ཟློ་དང་མཚུངས།།

ཤག་ཤག་ཤབ་ཤུབ་སྒྲ་དག་ཀྱང་།།
ངེས་པ་མ་མཆིས་སྣ་ཚོགས་ཏེ།།
མུ་ཏིག་ཕྲེང་བ་ཆེ་ཆུང་དག།
གཡང་ཊིའི་སྣོད་དུ་ལྷུང་བ་བཞིན།།
གྲེ་འགྱུར་སྙན་མོའི་བྱེའུ་སྐད་ཚོགས།།
མེ་ཏོག་རྙིད་པའི་འདབ་མར་ལྷུང་།།
ཆུ་ཕྲན་ཀྱ་ཀྱུའི་ཕྲེང་ལྡན་པའང་།།
ཆབ་རོམ་འོག་ཏུ་སྐྱོ་བས་བཞུར།།

ཆུ་མོ་འཁྱགས་པས་བསྡམས་པ་དེས།།
དབྱངས་རྟ་ཉིད་ཀྱང་འགག་སྙམ་བྱེད།།
འགག་ལ་ཕྱོགས་པའི་དབྱངས་རྟ་གང་།།
ཨེན་ཙམ་གྱིས་ནི་ཟད་སྙམ་བྱེད།
སྐྱོ་གདུང་མྱ་ངན་ལྷག་མ་ཞིག།
ད་ལྟ་ཉིད་དུ་སྐྱེ་སྙམ་བྱེད།།
སྐབས་འདིར་གྲགས་འགུལ་གཅིག་མེད་པ།།
སྒྲ་སྟོང་སྤྲུལ་བ་ལས་ཀྱང་མཆོག།

དངུལ་གྱི་བུམ་པ་སར་བརྡབས་པས།།
ཆུ་གཙང་ཕྱོགས་བཞིར་འཐོར་བ་བཞིན།།
སྐྱ་དམག་མདའ་གྲི་མདུང་བཟུང་དག།
གློ་བུར་གཡུལ་དུ་འཐབས་པ་བཞིན།།
སེམས་ཀྱི་རི་མོ་ཉེར་བཏེགས་པའི།།
དབྱངས་རྟ་དོན་ཀུན་རྫོགས་པ་དེ།།
འཕང་འགྲོའི་རྒྱུད་ལས་ཉེར་ཐོན་ཏེ།།
སྙན་གྱི་སང་རས་རལ་སྙམ་བགྱིད།།

ཕྱོགས་སུ་བགྲོད་པའི་གྲུ་མཁན་དག།
དར་ཅིག་ཁུ་སིམ་སྨྲ་མེད་སྡོད།།
གཙང་ཆེན་དཀྱིལ་གྱི་སྟོན་ཟླ་གང་།།
དཀར་གསལ་རབ་རྫོགས་ཉིད་དུ་མཐོང་།།
དལ་གྱིས་པི་ཝང་དཀྲོལ་བྱེད་ཀྱི།།
དངོས་པོ་གང་དེ་ཉེར་བསྡུས་ཤིང་།།
གོས་དག་ཡང་བསྐྱར་ཚགས་བསྒྲིགས་ཏེ།
བཞིན་གྱི་མཛེས་སྡུག་རྫོགས་པར་བྱས།།

དེ་ནས་འདི་ཟེར་བདག་ནི་སྔོན།།
རྒྱལ་སའི་གླུ་མ་ཉིད་དུ་གཏོགས།།
ཡུལ་ནི་ཧའ་མའ་ལེན་ཞེས་བྱའི།།
འདབས་རོལ་ཉིད་དུ་ཡོད་པ་ཡིན།།
བཅུ་གསུམ་ཚེ་ན་འཕང་འགྲོའི་རྩལ།།
མ་ལུས་རྫོགས་པར་ཁོང་དུ་ཆུད།།
གླུ་ཡི་ཚོགས་སྡེ་དང་བོ་རུ།།
བདག་གི་མིང་ཡང་ཡོད་པ་ལགས།།

ནམ་ཞིག་བདག་གིས་རོལ་མོ་གང་།།
དཀྲོལ་ཚེ་བཤེས་གཉེན་དག་ཀྱང་བསྔགས།།
མཛེས་པའི་ཆས་དག་སྤྲས་གྱུར་ཚེ།།
རིགས་མཐུན་གླུ་མའི་ཕྲག་དོག་འགྱུར།།
གཞོན་ནུ་སྐུ་ཡི་སྲས་པོ་དག།
སྔ་དགོང་བདག་ཉིད་རྩོད་ཕྱིར་རྒྱུག།
རོལ་མོ་གཅིག་ལ་ཉེར་ཐོབ་ཀྱི།།
དངུལ་གྱི་གྲངས་ཀྱང་གཞལ་ནུས་མིན།།

བདག་ཕྱིར་བརྩམས་པའི་དགའ་འབོད་ཀྱིས།།
མགོ་རྒྱན་དག་ཀྱང་རླག་བྱེད་ལ།།
སྨད་གཡོག་དམར་སྨུག་ཆང་རག་གིས།།
བརྫད་པར་གྱུར་ཀྱང་མི་འགྱོད་དོ།།
འདི་ལོའི་སྤྲོ་དགའ་སང་ལོ་ཡང་།།
ཟད་མི་ཤེས་པར་སླར་མྱོང་སྟེ།།
དེ་ལྟར་སྟོན་ཟླ་དཔྱིད་རླུང་དག།
འཁྱུད་མོར་འཁོར་ནས་མི་ཚེ་ཟད།།

སྤུན་ཆུང་གཡུལ་དུ་ཆས་གྱུར་ཅིང་།།
ཨ་ནེ་བདག་དང་གཏན་དུ་བྲལ།།
ལོ་ཟླའི་གོས་དག་མང་བརྗེས་ཤིང་།།
མཛེས་པའི་ལང་ཚོ་རྒས་པར་གྱུར།།
སྒོ་དྲུང་ཤིང་རྟའི་འདུ་འགོད་དག།
ཉིན་རེ་བཞིན་དུ་ཉུང་བར་གྱུར།།
དེའི་ཕྱིར་ཚོང་བའི་ཕྱིར་འབྲངས་ཏེ།།
གཞན་ཁྱིམ་ཆུང་མ་ཉིད་དུ་གྱུར།།

ཞེ་འདང་ཁེ་ལས་དམན་བལྟ་བའི།།
ཚོང་མཁན་བདག་དང་བྲལ་གྱུར་ཏེ།།
ཟླ་བ་སྔོན་མར་ཧྥུའུ་ལེང་ལ།།
ཇ་ཡི་ཉོ་འཚོང་ཕྱིར་ཏུ་ཆས།།
ཤུལ་དུ་བདག་ནི་རབ་ཁ་ཡི།།
གྲུ་སྟོང་སྲུང་བཞིན་ཉི་མ་འཕུད།།
དཀར་གསལ་སྟོན་ཟླས་བདག་ཇི་བཞིན།།
འཁྱགས་པའི་གཙང་བོ་ཡོངས་སུ་རུམ།།

ནམ་གུང་གཉིད་པའི་རྨི་ལམ་དུ།།
གཞོན་པའི་དུས་ཀྱི་དོན་དག་རྨིས།།
ངུ་སྔངས་དང་བཅས་སད་པ་ན།།
མིག་ཆུའི་རི་མོ་གདོང་ལ་གསལ།།

བདག་ནི་པི་ཝང་སྒྲ་ཐོས་པས།།
ཡིད་ཀྱི་དངན་པ་ཡང་ཡང་བརྩེགས།།
མ་ཟད་གོང་སྨོས་གཏམ་གྱིས་ནི།།
སྔར་བས་ཡིད་སེམས་གདུང་བར་གྱུར།།
རྒྱང་རིང་བས་མཐར་ལྷུང་བ་ཡི།།
མི་ཉིད་དུ་ནི་མཚུངས་པས་ན།།
འདི་རུ་ཕྲད་པའང་སྔོན་ལས་ཏེ།།
སྔར་གྱི་ལས་འཕྲོ་སྨིན་པ་ཉིད།།

བདག་ནི་ལོ་ཡི་སྔ་མ་ལ།།
རྒྱལ་ས་ལས་ནི་ཐོན་པ་སྟེ།།
འདི་རུ་གནས་བཅོས་ནད་དབང་གིས།།
ཞོན་དབྱང་མཁར་གྱི་མལ་སར་ལྷུང་།།
ཞོན་དབྱང་མཁར་ནི་འབྲོག་སྟོང་སྟེ།།
རོལ་མོའི་སྒྲ་ཡང་རྙེད་དུ་མེད།།
ལོ་ཡི་འཁོར་མོ་ཡུག་ལའང་།།
རོལ་དབྱངས་ཉག་ཙམ་མཉན་བྱར་མེད།།

གཙང་བོའི་གནས་ཉིད་བརླན་ཞིང་གཤེར།།
དེ་རུ་ཁྱིམ་གྱི་སྡོད་ས་བྱས།།
མྱག་མྱོག་རྩྭ་ཡི་ཕོན་པོ་དང་།།
སྨྱུག་མའི་ཚོགས་ཀྱིས་གནས་ཁང་བསྐོར།།
འདི་འདྲའི་གནས་སུ་སྙན་མོའི་སྒྲ།།
ཅི་ཞིག་ཐོས་པ་ཡོད་སྲིད་དམ།།
ཁུ་བྱུག་དང་ནི་སྤྲ་ཚོགས་ཀྱི།།
སྐྱོ་བའི་ངུ་སྐད་ཁོ་ན་མཆེད།།

དཔྱིད་གསར་མེ་ཏོག་དགོད་པ་དང་།།
སྟོན་ཟླའི་དཔལ་རབ་རྒྱས་ནའང་།།
ཏག་ཏག་གཅིག་པུར་རང་གནས་སུ།།
ཁེར་རྐྱང་ཆང་ཕོར་འདེགས་ལ་རངས།།
ཅིའི་ཕྱིར་རི་གླུའི་ཚོགས་དང་ནི།།
གླིང་བུའི་འགྱུར་ཁུགས་རྙེད་མེད་དམ།།
ཁྲོག་ཆོམ་འུར་ཟིང་སྒྲ་དག་ལ།།
ཁོ་བོ་རྟག་ཏུ་ཡིད་རབ་སུན།།

དོ་ནུབ་རྣ་བའི་གསོས་སུ་ནི།།
སྨིན་པའི་འཕང་འགྲོའི་གླུ་གང་ཉིད།།
ལྷ་ཡི་རོལ་མོར་གསན་པ་སྟེ།།
ཐོས་འཛིན་བུ་ག་གསལ་བར་བྱས།།
སླར་ཡང་རོལ་མོ་ཐེངས་གཅིག་ཉིད།།
མི་དཀྲོལ་ལོ་ཞེས་མི་གསུང་འཚལ།།
ཁོ་བོས་ཁྱེད་ཉིད་ལ་དབང་བའི།།
འཕང་འགྲོའི་གླུ་གསར་བརྩམ་པར་བྱ།།

གཏམ་དེ་གོ་བས་ཁོ་མོ་ཡང་།།
ཡུན་རིང་ག་ཤེད་འགྲེང་བསྡད་ཅིང་།།
སླར་ཡང་གནས་དེར་བྲེལ་མྱུར་གྱིས།།
རྒྱུད་སྐུད་ཕྲ་མོ་དཀྲོལ་ལ་བརྩོན།།

འཁྱགས་ཤུར་ཤུར་གྱི་ཚུལ་གང་ཉིད།།
སྔ་མའི་སྒྲ་དང་མཚུངས་མིན་ཏེ།།
སྡོད་གནས་ཁེངས་པའི་གསན་མཁན་དག།
སླར་ཡང་ཐོས་པས་མིག་ཆུ་ཤོར།།
དེ་དག་ལས་ཀྱང་མིག་ཆུའི་རྒྱུན།།
ཤིན་ཏུ་རིང་བ་སུ་ཞེ་ན།།
ཅང་ཀྲུའུ་སི་མའི་མིང་འཛིན་པ།།
གོས་སྔོན་ཅན་གྱི་ལྭ་ཀུན་བརླན།།