《བར་སྣང་གི་མགོ་འཁོར་ཕོ་བྲང》ཞེས་པའི་རྟོག་སྒྲུང་བསྡུས་དེབ་འདིའི་རྩོམ་པ་པོ་ནི་ལོ་རབས་བདུན་ཅུ་བའི་མཇུག་ཙམ་ལ་སྐྱེས་པའི་སྙན་ངག་པ་རེ་རྐང་གླིང་ངམ་རྡོ་རྗེ་ཚེ་བརྟན་ལགས་ཡིན་ཅིང་། བརྩམས་དེབ་འདི ༢༠༡༣ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པ་ཞིག་རེད། བསྡུས་དེབ་འདི་རྟོག་སྒྲུང་ཐུང་ངུ་བཅུ་དགུས་གྲུབ་ཅིང་གླེང་གཞི་དང་ཟུར་གྱི་བཅར་འདྲི། མཇུག་གཏམ་དང་བཅས་པ་བསྡོམས་ན་བརྩམས་ཆོས་ཉེར་གཅིག་དང་། ཤོག་ངོས ༢༥༣ ལྷག་གིས་རྫོགས། ཉེ་བའི་དུས་སུ་རྟོག་སྒྲུང་རིང་ཐུང་ཅི་རིགས་ཤིག་ཐོན་ཡོད་མོད། 《བར་སྣང་གི་མགོ་འཁོར་ཕོ་བྲང》གི་དེབ་ཏུ་ཡོད་པའི་རྟོག་སྒྲུང་རྣམས་ནི་ཟུར་མི་འདྲ་བ་ཞིག་ཏུ་མཐོང་ཞིང་། རྟོག་སྒྲུང་འདི་དག་འབྲི་དུས་ནི ༡༩༩༩ ༢༠༠༤ བར་དུ་བྲིས་པ་རྐྱང་རེད་འདུག ང་ལ་མཚོན་ན་རྟོག་སྒྲུང་འདི་བཀླགས་པའི་ཟིན་ཐོ་ཙམ་ཡང་འབྲི་མི་ཕོད་རུང་། རང་ཉིད་སྒྱུ་རྩལ་བརྩམས་ཆོས་བཀླག་རྒྱུར་དགའ་བ་དང་། ལྷག་པར་གྲོགས་པོའི་འདང་བརྩེ་ཡིན་ནམ། གང་ལྟར་ནམ་རྒྱུན《བར་སྣང་གི་མགོ་འཁོར་ཕོ་བྲང》ལ་གཞན་དང་མི་འདྲ་བའི་ཞེ་རྩིས་ཤིག་ཡོད་རྐྱེན། ཐེངས་འདིར་རོབ་ཙམ་བཀླགས་པ་དང་བསྟུན་ཟིན་ཐོ་ཉུང་བསྡུས་ཤིག་འབྲི་སྙིང་སྐྱེས་སོང་།

དེབ་འདིའི་གླེང་གཞི་འབྲི་མཁན་རྒན་བདུད་ལྷ་རྒྱལ་ལགས་ཀྱིས།   ང་ཚོའི་ལག་གི་དཔེ་དེབ་འདི་ང་ཚོ་གོམས་ལོབས་སུ་སོང་བའི་རྩོམ་སྟེ།       བྱུང་རིམ་ཡོད་ལ། སྤྱི་ཚོགས་ཀྱི་ཕྱི་ངོས་ཀྱི་གནད་དོན་ལ་དམིགས་པ་དང་། སུན་འབྱིན་དམར་བ་བྱེད་པ་ལྟ་བུ་མིན་པས། ང་ཚོའི་ཀློག་འདོན་གྱི་གོམས་གཤིས་དང་རྒྱང་རིང་དུ་གནས་ཏེ། དེང་རབས་རིང་ལུགས་ཀྱི་ངོས་ནས་ལྟ་ཐུབ་ཚེ། འདིའི་ནང་ན་སྒྱུ་རྩལ་གྱི་སིམ་ཚོར་ཉམས་སུ་མྱོང་བར་བྱ་བ་ཡོད་ལ། དུས་མཚུངས་སུ་ང་ཚོའི་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་ལ་མཐོར་འདེགས་ཀྱང་འབྱུང་བ་ཡིན། ཞེས་རྟོག་སྒྲུང་གི་ཆེད་དེབ་འདིར་སྒྱུ་རྩལ་གྱི་བམ་ཁ་མཐུག་ས་ཞིག་ནས་བལྟ་ཐུབ་ན་ཉམས་སུ་མྱང་རྒྱུ་ཡོད་ལ། ཀློག་པ་པོ་སོ་སོར་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་ཀྱང་མཐོར་འདེགས་གཏང་ནུས་པའི་ཕན་འབྲས་ཡོད་པ་གླེང་འདུག དེ་ལྟ་མོད་སྒྱུ་རྩལ་བརྩམས་ཆོས་གང་ཡིན་རུང་སྐད་ཆ་ཕལ་བ་ལས་འདས་པ་ཞིག་དང་། སྐད་ཆ་ཕལ་བ་ལས་བརྗོད་དོན་གསོན་ཉམས་ལྡན་པའི་སྟེང་དུ་འཕགས་པ་ཞིག་ཡིན་ཅིང་། སེམས་ཀྱི་ཕྱི་ནང་གི་གསང་བ་མང་པོ་འཆར་ཡན་དང་རྟོག་བཏགས་ཀྱི་ལམ་དུ་དྲངས་ཤིང་གཞན་ལས་ཕུལ་དུ་བྱུང་བ་ཞིག་ཡིན་ཙང་། ཡིག་ངོ་ཆོད་པ་ཡོངས་སུ་རྫོགས་པའི་སྤྱོད་ཡུལ་ཞིག་ག་ལ་ཡིན། དེའི་ཕྱིར་ད་ལྟའི་བོད་ཀྱི་སློབ་དཔོན་ཆེན་པོ་ཞིག་གིས་ཀྱང་། རྩོམ་རིག་གི་སྐོར་ལ་བཤད་རྒྱུ་དེ་སློབ་ཚན་གཞན་ལྟར་ནག་པོ་འབྲུ་བཤེར་བྱས་ནས་བཤད་རྒྱུ་ཡོད་པ་ཞིག་མིན་པར་ཤོད་མཁན་དེ་རང་བཞིན་གྱིས་རྩོམ་ལ་སྤོབས་པ་ཡོད་པ་ཞིག་དང༌། ཉན་མཁན་དེ་ཡང་རྩོམ་རིག་ལ་ཕྲན་བུ་གོ་རྟོགས་དང་མྱོང་བ་ཡོད་པ་ཙམ་མིན་པར་རང་ཉིད་ལ་རྩོམ་གྱི་སྤོབས་པ་ཡོད་མཁན་ཞིག་ཡིན་དགོས་པ་ལས་ཨང་རྩིས་དང་ས་ལམ་རྣམ་གཞག་བཤད་པ་ལྟར་རྩོམ་རིག་གི་ཐོག་ལ་བཤད་རྒྱུ་ཡོད་པ་ཞིག་མ་ཡིན། ཞེས་གསུངས་ཡོད་པ་ལྟར། སྒྱུ་རྩལ་བརྩམས་ཆོས་ལ་སྒྱུ་རྩལ་བརྩམས་ཆོས་ཀྱི་སྐད་ཆ་དང་གོ་བ། རིན་ཐང་། བསམ་ལུགས་དང་འབྲི་ལུགས་ཡོད་སྟབས། གང་ཡིན་ཡིན་ཞིག་གིས་མྱོང་རོལ་བྱ་རྒྱུ་ཤིན་ཏུ་དཀའ་བ་ལ་བསྟུན། ཀློག་པ་པོ་འང་ལྟོས་བཅས་ཀྱིས་ཉུང་ངུར་སྣང་།

རྩོམ་པ་པོ་ན་རེ། དེ་བཞིན་ང་རང་གི་སྒྲུང་གཏམ་དེ་གཙོ་བོ་ནང་སེམས་ཀྱི་འགྱུར་བ་མཚོན་པའི་སྒྲུང་གཏམ་གྱི་ཁོངས་སུ་འདུས་པ་ཡིན་ལ། སྒྲུང་གཏམ་ཁྲོད་ཀྱི་སྒྱུ་རྩལ་ཞེས་པ་ཐད་ཀར་རབ་རིབ་མག་མོག་ཅིག་ལ་གོ་ན་མི་འགྲིག་སྟེ། དེང་རབས་སྒྲུང་གཏམ་ལ་རྩོམ་པ་པོས་བསམ་བཞིན་བཏོན་པའི་སྒྱུ་རྩལ་གྱི་ཡག་སྣང་དང་བསམ་བཞིན་མ་ཡིན་པའི་སྒྲུང་གཏམ་རང་ངོས་ཀྱི་སྒྱུ་རྩལ་ཡག་སྣང་གྲུབ་སྟངས་ཤིག་ཡོད་པས་ན། སྐབས་འགར་བརྩམས་ཆོས་ཀྱིས་ཀློག་པ་པོར་བཞག་པའི་སྒྱུ་རྩལ་གྱི་བྱང་ཐབས་དེ་རྩོམ་པ་པོ་རང་ཉིད་ལ་གསལ་ཁ་འགྲོལ་རྒྱུ་མེད་པའི་དུས་སྐབས་ཀྱང་འབྱུང་སྲིད་པས། སྒྲུང་གཏམ་ཁྲོད་ཀྱི་སྒྱུ་རྩལ་ཞེས་པ་ཁོ་བོས་བལྟས་ན་གཙོ་བོ་རབ་རིབ་མག་མོག་ཅིག་ལ་འཇུག་གིན་མེད་པར་སྣང་ལ་མ་ངེས་པའི་སྣང་བ་ཟ་ཟིའི་སེམས་ཚོར་ཞིག་གིས་བརྩམས་ཆོས་དང་ཀློག་པ་པོ་གཉིས་ཀྱི་དབར་ལ་གཟུགས་མེད་ཀྱི་སྦྲེལ་ཐག་ཅིག་ཐེན་པ་ནས། ཀློག་པ་པོ་གང་དེའི་ཤེས་རབ་ཀྱི་ཚད་གཞི་ལྟར་སྣང་མིན་གསལ་མིན་གྱི་ཁ་དོག་ཅིག་དེ་ཉིད་དུ་མྱངས་ཐུབ་པ་དེ་དང་། ལྷག་ཏུ་སེམས་ཉོབ་པའི་སྡུག་བསྔལ་གྱི་འབྱུང་རྩ་དེ་སྔོག་བཤེར་གྱིས་རང་གི་རྟོག་པ་དེ་འོག་མའི་སྣོད་དུ་རུལ་ཟིན་པ་འམ་ཡང་ན་གསང་བའི་གནས་སུ་གབ་སྦས་བྱས་པའི་རང་གི་སེམས་རྨ་དེ་ལ་སྨན་བཅོས་བྱ་ཐུབ་པའི་ཐབས་རྩལ་དེ་འདྲ་ཞིག་ལ་གོ་ཡི་ཡོད། ཅེས་རྩོམ་པ་པོས་རང་གི་སྐབས་ཀྱི་རྟོག་སྒྲུང་གི་ཁ་ཕྱོགས་ཤིག་སྤྱིའི་ཚུལ་དུ་ཀློག་པ་པོར་བྱ་བཏང་འདུག་མོད། རྟོག་སྒྲུང་དག་རེ་རེ་བྱས་ཏེ་བཀླགས་འོང་ན་ད་དུང་གསལ་ཁ་འདིས་གསལ་ཁ་ཆེན་པོ་ཞིག་འབྱེད་མི་ཐུབ་པའི་ཚོར་བ་བསྟུད་མུར་འོང་། རྟོག་སྒྲུང་འདིའི་ཁྲོད་ཀྱི་མི་སྣ་དག་ནི་མི་རིགས་གང་ཞིག་ཡིན་པ་མི་གསལ་ཞིང་། ཁོར་ཡུག་ཇི་འདྲ་ཞིག་ཡིན་པ་དང་འཚོ་བ་ག་འདྲ་ཞིག་ཡིན་པའང་ངོས་ཟིན་དཀའ། ད་དུང་དུས་ཚོད་ཀྱི་གོ་རིམ་དཀྲིགས་པ་སོགས་ནི་ཀློག་པ་པོ་དག་བར་སྣང་ནས་མགོ་འཁོར་འགྲོ་བའི་རྩ་བ་ཞིག་རེད། གཞན་མི་སྣ་དག་གི་འགྱུར་ལྡོག་སྐྱེན་པས་ཀློག་པ་པོས་བློ་ཡིས་ཟིན་དཀའ་བ་དང་ལྷན་དུ་ཁོར་ཡུག་གི་འགྱུར་ལྡོག་ཀྱང་དེ་ལྟར་སྐྱེན་པས་ཀློག་པ་པོས་རྐང་འཛུགས་དཀའ། དཔེར་ན༼གངས་རིན་པོ་ཆེ༽ཞེས་པའི་ནང་གི་མི་སྣ་སྐྱ་བོ་ལྟ་བུ་ཡིན་ཡང་ཆོག ༼གཤིན་རྗེའི་ལག་རྡོ༽ཞེས་པའི་ནང་གི་སྐུ་ཞབས་དྲིལ་བུ་སོགས་ང་ཚོས་རྩོམ་འཇུག་རྫོགས་རག་བར་དུ་ཕྱོགས་གཅིག་ཏུ་ངོས་འཛིན་མི་ཐུབ་ཅིང་། བརྩམས་ཆོས་མཇུག་རྫོགས་ཀྱང་ཀློག་པ་པོའི་སེམས་སུ་སྒྱུ་མ་རྨི་ལམ་ལྟ་བུ་ཞིག་ཏུ་སྣང་བ་ལས། ༼ར་ལོ༽དང༼ཨ་ལགས་འབྲོང༽བཞིན་མགོ་ནས་མཇུག་བར་དུ་བློ་ངོར་འཆར་འོང་བ་ཞིག་མ་རེད། སྐབས་རེར༼མདང་དགོང་གི་སྤྱི་ལོ ༡༨༨༨ལོའི་རྨི་ལམ༽ལྟ་བུའི་རྟོག་སྒྲུང་ནང་གི་གཏམ་རྒྱུད་དང་ཁོར་ཡུག་དག་ནི་རྟོག་སྒྲུང་རང་གི་མི་སྣའི་སྣང་བ་འཕྲུལ་སྟངས་དང་རྨི་ལམ་རྨིས་ཚུལ་ལྟ་བུ་ཞིག་གིས་རྩོམ་མཇུག་དྲིལ་ཡོད། རྟོག་སྒྲུང་འདི་དག་ལས་དམིགས་བསལ་བ་ཞིག་ནི། ༼མེ་ལོང་ངོས་ཀྱི་སྡོམ་རྒྱ༽ལྟ་བུའི་ཁྲོད་སྲོག་ཆགས་འབུ་སྡོམ་ཞིག་གི་སྣང་བརྙན་བརྒྱུད་དེ་འགྲན་རྩོད་ཀྱི་སྣང་ཚུལ་གང་མང་ཞིག་མཚོན་པར་བྱས་པ་འང་ཡོད་འདུག རྟོག་སྒྲུང་འདི་དག་ནི་སྙན་ངག་ཅིག་ཡིན་པའི་དབང་དུ་བཏང་ན་མུ་འབྲེལ་སྙན་ངག་རིང་མོ་ཞིག་རེད། རྟོག་སྒྲུང་ཆ་ཚང་ལ་རྩོམ་པ་པོའི་ཚོར་བས་དབང་བསྒྱུར་ཡོད་སྟབས་རྟོག་སྒྲུང་རང་གི་མི་སྣ་དང་ཁོར་ཡུག་ཚུགས་ཐུབ་ཏུ་གནས་མི་ཐུབ་པའི་ངོ་བོར་བསྐྱལ་འདུག མི་སྣ་དང་དུས་ཚོད་ཁོར་ཡུག་གི་འགྱུར་ལྡོག་ལ་ང་ཚོས་བློས་བསླངས་བྱ་མི་ཐུབ་པའི་གནད་ཀྱང་འདི་ལ་ཐུག་ཡོད་པ་ཨེ་ཡིན་སྙམ་མོ།།

གཞན་རྟོག་སྒྲུང་གང་ཡིན་ན་འང་རྗོད་བྱེད་ཚིག་ལ་སྙན་ངག་གི་རོ་ཡར་ལྡན་དུ་ཚང་བས་ཀློག་པ་པོ་མང་པོའི་ཡིད་རབ་ཏུ་འཕྲོག་པར་འགྱུར་ངེས་ཤིང་། རྩོམ་པ་པོའི་ཤེས་རབ་སྐྲ་རྩེ་ན་འགྱུ་ཞིང་ཚོར་བའི་མེ་ལྕེ་དབྱིངས་སུ་མཆེད་པའི་སྤོབས་པ་ཞིག་མངོན་འདུག ཚིག་ཉམས་ཀྱི་ཐད་ལ་གླེང་འབྲི་མཁན་རྒན་བདུད་ལྷ་རྒྱལ་ལགས་ཀྱིས། སྤྱིར་ན་དཔེ་དེབ་འདིའི་ནང་གི་བརྩམས་སྒྲུང་གི་སྐད་ཆ་ཁྱད་པར་བ་ཞིག་རེད། སྙན་ངག་ཅན་གྱི་སྐད་ཆ་བེད་སྤྱོད་བཏང་ཡོད་ལ། དེ་ཡང་ཚིག་ཚོགས་ཆེན་པོས་གྲུབ་ཅིང་། དེའི་སྟེང་དབྱངས་ཀྱི་འདེགས་འཇོག་གསལ་བོ་ཞིག་ཀྱང་ཡོད། འདི་ནི་རྩོམ་གྱི་ཐུན་མིན་ཁྱད་ཆོས་ཤིག་རེད། ཅེས་བྲིས་ཡོད་པ་དེ་ག་རང་ངོ་།།

རང་ངོས་ནས་རྟོག་སྒྲུང《བར་སྣང་གི་མགོ་འཁོར་ཕོ་བྲང》ཞེས་པ་བཀླགས་ནས་མཇུག་གྲུབ་དུས་ཀློག་པ་པོར་ཅི་ཞིག་ཞུ་འདོད་སྐྱེས་ཀྱང་། འདི་དང་འདིའོ་ཞེས་ཤ་ཁ་ཁ་དང་གྲི་སོ་སོ་བྱས་ནས་ཞུ་རྒྱུ་མ་བྱུང་ཡང་། ཀློག་མཁན་ང་རང་ཉིད་ཀྱི་ཚོར་བའི་ངོས་སུ་རྟོག་སྒྲུང་འདི་དག་གིས་རྩོམ་པ་པོས་མཚོན་པའི་སེམས་ཅན་རིགས་ཤིག་གི་གཉུག་སེམས་ཀྱི་ཆོས་ཉིད་ཅིག་དང་། གཟུང་བ་ཡུལ་དང་འཛིན་པ་ཡིད་ཅན་བར་གྱི་རྩོད་མེད་ཀྱི་རྟེན་འབྲེལ་ཞིག་བཀྲལ་ཡོད་པའི་ཁར། རྩོད་བཅས་ཀྱི་སྤྱི་ཚོགས་དང་རང་བྱུང་གི་ཁོར་ཡུག་བར་གྱི་ཉམས་ཉེས་ཤིག་ཀྱང་བསྟན་མེད་དམ་སྙམ། གཞན་མིའི་རང་བབས་ཀྱི་སྤྱི་ཆོས་ལྟར་ཕོ་ཡི་མིག་ལམ་ཀྱི་བརྩེ་བའི་བྱེ་ཐང་ཞིག་རྟོག་སྒྲུང་གི་མགོ་རྔ་ཀུན་ནས་མཐོང་ཐུབ་པར་སྙམ་ཞེས་ཞུའོ།།

རྟོག་སྒྲུང《བར་སྣང་གི་མགོ་འཁོར་ཕོ་བྲང》གི་འབྲི་ལུགས་གང་གི་གྲས་སུ་བསྡུས་ན་འོས་སམ་ཟེར། ང་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་གཞུང་ལུགས་ལ་མཁས་པ་ཞིག་མ་ལགས་ཀྱང་། འདི་ལྟའི་འབྲི་ལུགས་ནི་རྩོམ་གཞུང་ལྟར་ན༼རྟོག་པ་རང་ཡན་པའི་འབྲི་ལུགས༽ཨེ་ཡིན་འདོད། དེ་ཡང་ཧྥིན་ཡུས་ཀྲུའུ་ཞུ་བས་མཁས་པ་ཞིག་གིས་རྟོག་པ་རང་ཡན་འབྲི་ཐབས་ཀྱིས་མི་སྣའི་རྟོག་པ་ལྐོག་གྱུར་པ་ཞིབ་འབྲི་བྱེད་པ་ཁོ་ནར་དམིགས་པ་ཞེས་པའི་ཚན་པ་ཐུང་ངུ་ཞིག་འདིར་དྲངས་ན། རྟོག་པ་རང་ཡན་འབྲི་ཐབས་ཀྱིས་མི་སྣའི་གཏན་ཚིགས་དང་མཐུན་ཞིང་ཤེས་བྱར་རུང་བའི་རང་རྟོགས་ཀྱི་འདུ་ཤེས་དེ་དོར་བ་མ་ཡིན་མོད། འོན་ཀྱང་གཙོ་བོའི་དམིགས་པ་ནི་མི་སྣའི་སབ་སིབ་མི་གསལ་བའི་རྨི་ལམ་ལྟ་བའི་རྟོག་པ་ལྐོག་གྱུར་པའི་གཡོ་འགུལ་དེ་ལ་གཏད་པ་རེད། དཔེར་ན་དབྱིན་ཇིའི་བུད་མེད་ཀྱི་རྩོམ་མཁན་ཝུར་ཧྥུའི་སྒྲུང་གཏམ་ཐུང་བ༼རྩིག་ངོས་ཀྱི་ཁྲ་ཐིག༽ཅེས་པ་དེས་ཡིད་ཀྱི་དམིགས་པ་དེ་མི་སྣའི་རྟོག་པ་ལྐོག་གྱུར་པའི་སྟེང་དུ་གཏད་པ་རེད། བརྩམས་ཆོས་ཧྲིལ་བོར་མིང་མི་ཤེས་པའི༼ང༽ཞེས་པའི་ཤེས་ཡོན་པའི་རིམ་གྲས་ཀྱི་བུད་མེད་ཅིག་གིས་ཁང་བའི་རྩིག་ངོས་ན་ཡོད་པའི་ཁྲ་ཐིག་ཆུང་ཆུང་ཞིག་ཡོད་པ་དེ་མཐོང་བ་ལ་བརྟེན་ནས་མགོ་མཇུག་གོ་རིམ་མེད་པའི་དྲན་སྣང་མང་པོ་ཞིག་བསྐྱེད་དེ། ཁོ་མོས་རེས་འགར་མི་ཚེ་ནི་ཡུན་ཐུང་ཞིང་མི་རྟག་པ་དང་། རེས་འགར་ནི་མེ་ཐབ་ལ་ཕུར་ཚུགས་ཀྱིས་གཟིགས་པའི་ཧྲ་ཧྲི་པིས་ཡ་དང་། རེས་འགར་ནི་མི་མེད་ཐང་སྟོང་གི་དུར་རྙིང་། རེས་འགར་གནའ་རྫས་བསྡུ་ཉར་བྱེད་པ། རེས་འགར་ལྗོན་ཤིང་སྐྱེས་པ། རེས་འགར༼ཧོས་ཁུ་ཐེའི་ལོ་ཐོ༽ནང་གི་མཆོག་དམན་གསལ་འབྱེད་རེའུ་མིག རེས་འགར་འཇགས་ཉལ་དུ་སོང་བའི་སྤྱི་ཚོགས་སོགས་དྲན་སྣང་ངེས་མེད་དུ་བསྐྱེད་པ་དང་། མཇུག་མཐར་རྩིག་ངོས་ཀྱི་ཁྲ་ཐིག་ནི་འབུ་སྐྱོག་ཅིག་ཡིན་པ་ལྟ་བུའོ།། ཞེས་དང་ཡང་། བརྩམས་ཆོས་ལ་ལའི་ནང་དུ་ད་ངུང་སུན་སྣང་མེད་པར་མི་སྣའི་རྟོག་པ་ལྐོག་གྱུར་པའི་ནང་གི་འཁྲིག་པའི་སྲེད་པ་གཡོ་འགུལ་བྱེད་པ་ཟེར་བ་དེ་བྲིས་པ་རེད། ཅེས་རྟོག་སྒྲུང་གི་ནང་གསེས་རྟོག་པ་རང་ཡན་པའི་འབྲི་ཐབས་ཤིག་བཤད་ཡོད་པ་འདི་མཐོང་འཕྲལ། ཁོ་བོས༼བར་སྣང་གི་མགོ་འཁོར་ཕོ་བྲང༽ནང་གི་མི་སྣའི་འགྱུར་ལྡོག་སོགས་མང་པོ་ཞིག་འདི་དང་ཆུ་ལ་ཆུ་བཞག་ཏུ་སོང་འདུག་སྙམ་པ་ལ་བརྟེན་ནས་བཤད་པར་མ་ཟད། ད་དུང་ཧྥིན་ལགས་ཀྱིས། དཔེར་ན། ༼རྩིག་ངོས་ཀྱི་ཁྲ་ཐིག༽ཅེས་པའི་བརྩམས་ཆོས་ནི་དེ་འདྲ་ཡིན་ཏེ། དེའི་ནང་དུ༼ང༽ཞེས་པའི་བུད་མེད་དེ་ཡི་རུས་མིང་དང་། ལོ་ཚོད། སྐྱེ་གཟུགས་ཁྱད་ཆོས། ལོ་རྒྱུས་ཉམས་མྱོང་བཅས་ལ་ངོ་སྤྲོད་ཅི་ཡང་མེད་ཅིང་། ཁོར་ཡུག་སྟེ་ཁང་བ་དེའི་ནང་གི་ཁོར་ཡུག་ཞིབ་འབྲི་འང་མེད་པས། ཀློག་མཁན་གྱིས་ཁོ་མོ་དངོས་ནས་ཇི་འདྲ་ཞིག་ཡིན་པ་དང་ཁོར་ཡུག་ཇི་འདྲ་ཞིག་ཡིན་སབ་སིབ་ཅིག་ལས་གསལ་བོ་མི་ཤེས་པ་རེད། ཅེས་པའི་ལུང་འདིས༼བར་སྣང་གི་མགོ་འཁོར་ཕོ་བྲང༽གི་རྟོག་སྒྲུང་དག་གི་ཁྲོད་ཀྱི་མི་སྣ་ཨུ་ལོ་དང་སྤྲང་བོ་ཆང་འཐུང་། དྲིལ་བུ་དང་སྐུ་ཞབས་སེར་པོ། ཡང་ན་ཁོ་དང་ཁོ་མོ་སོགས་རབ་རིབ་སབ་སིབ་ཀྱི་མི་སྣ་འཕར་ལྡང་ཅན་དེ་དག་དྲན་དུ་བཅུག་པ་དང་མཉམ་དུ། རྟོག་སྒྲུང༼བར་སྣང་གི་མགོ་འཁོར་ཕོ་བྲང༽གི་འབྲི་ལུགས་ནི། ༼རྟོག་པ་རང་ཡན་པའི༽འབྲི་ལུགས་སུ་ཁས་ལེན་འདོད་བླ་ལྷག་ཏུ་སྐྱེས།

གཞན་རྩོམ་མཁན་ན་རེ། ངའི་སྒྲུང་གཏམ་གྱི་ཁ་ཕྱོགས་ས་དེ་ཁྱེད་རང་གི་བཤད་ཚུལ་ལྟར་ན་སྒྱུ་རྩལ་གཙོ་བོར་འཛིན་པའི་འབྲི་ཐབས་ཀྱི་རིགས་སུ་ཐེ་ཞིང་། དེ་ཡང་གཙོ་བོ་རང་གིས་ཐོག་མ་ཉིད་ནས་འགན་ལེན་བྱས་ཚར་བའི་དམ་བཅའ་ལྟ་བུ་ཞིག་གམ། བོད་ཀྱི་རྩོམ་སྟེགས་ལ་བྲོ་བ་གསར་བ་ཞིག་གི་སྒྱུ་རྩལ་ལོངས་སྤྱོད་ཅིག་ཁ་སྣོན་བྱེད་བསམས་པས་ཡིན། ཞེས་སྨོས་པ་ཙམ་ལས་རྩོམ་པ་པོ་རང་གི་རྟོག་སྒྲུང་གི་འབྲི་ལུགས་གང་གཙིགས་སུ་བཟུང་ཡོད་པ་ཁ་གསལ་དུ་བཤད་མི་འདུག་པས། ངས་གོང་དུ་༼རྟོག་པ་རང་ཡན་པའི༽འབྲི་ལུགས་སུ་ཐག་བཅད་པར་སྔ་སྐྱོན་འབྱུང་སྲིད་མོད། ཟིན་ཐོ་ནི་ཟིན་ཐོ་རང་ཡིན་པ་ལས་ཚད་གཞི་འཕེར་བའི་དཔྱད་གཏམ་ཞིག་ག་ནས་ཡིན་ནོ།།

མཇུག་ཏུ་རྟོག་སྒྲུང༼བར་སྣང་གི་མགོ་འཁོར་ཕོ་བྲང༽ཀློག་མཁན་ཞིག་ལ་མཚོན་ན་ཤེས་རབ་ཀྱི་རྩལ་དང་སྒྱུ་རྩལ་གྱི་བློ་སྦྱོང་ཞིག་མེད་ཚེ། བཟང་དང་ངན་གྱི་ཤན་ཙམ་དབྱེ་བ་འང་དཀའ་མོད། ཁ་ཚོད་མེད་ལས་ཚིག་ཚོད་མེད་དུ་གསུང་བ་བོ་དག་གིས་གང་གསུང་ལ་ནི་ངེས་པ་མ་མཆིས་ཀྱང་། སྒྱུ་རྩལ་དོན་གཉེར་བ་ཞིག་ལ་མཚོན་ན་དེ་དག་ལ་ཆ་འཇོག་མི་རིགས་པ་ནི་ཅིས་ཀྱང་མཁྱེན་དགོས་པ་ཞིག་རེད།

ད་དུང་ཞོར་ནས་ཞུ་ཡ་ཞིག་ལ། རྩོམ་པ་པོ་རེ་རྐང་གླིང་གིས་བྲིས་པའི་རྟོག་སྒྲུང་དག་ལ་ཕྱི་གླིང་ངམ་ནང་ལོགས་ཀྱི་རྟོག་སྒྲུང་གང་ཞིག་གིས་ཤན་ཐེབས་ཡོད་པར་བཤད་དཀའ་ཡང་། རྩོམ་པ་པོ་ཁོང་ཆེས་བཀླག་རྒྱུར་སྤྲོ་བའི་རིགས་ནི་གཤམ་དུ་དྲངས་པ་འདི་དག་ཡིན་པར་བཤད། རྩོམ་པ་པོ་ན་རེ། ཁོ་བོས་བཀླགས་མྱོང་བའི་སྒྲུང་གཏམ་དག་ལས་ཧ་ཅང་གིས་སྤྲོ་བ་ཡོད་པའི་སྒྲུང་གཏམ་མཁས་པ་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཝི་ཅི་ཉི་ཡ་ཝེའུ་ཨེར་ཧྥུ་དང་། ཨེར་ལན་གྱི་ཀྲན་མུའུ་སི་ཆའོ་དབྱི་སི། ཨོ་སི་ཁྲུ་རི་ཡའི་ཧྥི་ལང་ཚི་ཆི་ཁབ་ཁ་དང་ཨ་རྒན་ཐེན་གྱི་མན་ལིས་ཨེར་ཕུའུ་ཡུས་རྒི། ཅེ་ཁུའི་མུས་ལན་ཁོན་ཏི་ར་དང་ཧྥ་རན་སིའི་མ་སེ་ཨར་ཕུའུ་ལུའུ་སི་ཐི་སོགས་ཡིན་ལ། ཞེས་ཁ་གསལ་དུ་བྲིས་ཡོད་པ་འདི་དག་གིས་རྩོམ་པ་པོ་ཁོང་གི་རྟོག་སྒྲུང་གི་ཁ་ཕྱོགས་ཤིག་ཀློག་པ་པོ་དག་ལ་བསྟན་ཡོད་དམ་སྙམ་ནས་འདིར་དྲངས་པ་ཡིན། དེ་མིན་ང་རང་ངོས་ནས་གོང་གི་རྟོག་སྒྲུང་འདི་དག་བཀླགས་མྱོང་མཁན་ཞིག་དང་བཀླག་རྒྱུར་ཆ་རྐྱེན་འཛོམས་པ་དེ་འདྲ་གང་ཡང་མིན་ནོ་ཞེས་ཞར་བྱུང་དུ་ཞུས་པ་ཡིན།
ཟུར་ལྟའི་དཔེ་ཆ། ༼བར་སྣང་གི་མགོ་འཁོར་ཕོ་བྲང༽གི་གླེང་གཞི། རེ་རྐང་གླིང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༣ ལོར་བཀྲམ།
༼བར་སྣང་གི་མགོ་འཁོར་ཕོ་བྲང༽གི་ཟུར་གྱི་བཅར་འདྲི།
༼སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ༽ཧྥིན་ཡུས་ཀྲུའུ་ཡིས་བརྩམས། སངས་རྒྱས་ཀྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༡༩༨༨ལོར་དཔར།
༼ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ༽ ༼སྟོད་སྨད་གཉིས༽ ཀུན་དགས་བསྒྱུར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས ༢༠༠༠ ལོར་དཔར།