ང་ལ་མཚོན་ན་གེ་སར་གྱི་སྒྲུང་ལ་ཞིབ་འཇུག་བྱེད་མཁན་ཞིག་མིན། ཡིན་ན་ཡང་། སྐྱེ་བ་སྔ་ཕྱིའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན། ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་སྐྱེ་བ་སྔ་ཕྱིའི་སྐོར་ལ་ཞིབ་འཇུག་གནང་བའི་ཨ་རིའི་ཚན་རིག་པ་མང་པོ་ཞིག་དང་ལྷན་དུ་ཉམས་མྱོང་བརྗེ་རེས་ཀྱང་བྱས་པ་ཡིན།

དེས་ན་འདིར་སྐྱེ་བ་སྔ་ཕྱི་དང་གེ་སར་གྱི་སྒྲུང་གཉིས་བར་འབྲེལ་བ་གང་འདྲ་ཡོད་པའི་ཐོག་ནས་སྐད་ཆ་ཅུང་ཙམ་ཞིག་བཤད་ན་བསམ་བྱུང་། ངས་བསམ་ན་གེ་སར་གྱི་སྒྲུང་དེ་ལོ་རྒྱུས་ཀྱི་རིག་གཞུང་ཞིག་རེད་དྲན་གྱིན་ཡོད། དེ་རིང་གི་ཚོགས་འདུ་འདི་རིག་གཞུང་གི་ཚོགས་འདུ་ཞིག་ཡིན་པས་གེ་སར་ལྷ་སྒྲུང་གི་མི་སྣ་ཞིག་རེད་དམ། དངོས་ཡོད་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་མིན་ལོ་རྒྱུས་ཀྱི་ཡིག་ཆ་དག་ལས་ཐག་གཅད་བྱ་དགོས་རེད་མ་གཏོགས་རང་ཉིད་ཀྱི་བསམ་ཚུལ་དང་བསྟུན་ནས་འགྲེལ་བརྗོད་མང་པོ་བྱས་ན་རིག་གཞུང་གི་ངོས་ནས་རིན་ཐང་དེ་ཙམ་ཡོད་མ་རེད་དྲན་གྱིན་འདུག ང་རང་ངོས་ནས་གེ་སར་ལྷ་སྒྲུང་གི་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད། གཞན་སྲོང་བཙན་སྒོམ་པོ་དང་། ཙོང་ཁའི་རྒྱལ་པོ་སོགས་གང་ཡང་མ་ཡིན་པ་ཁོ་རང་གེ་སར་ཟེར་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་རེད། ལོ་རྒྱུས་ནི་དངོས་གཙོ་རིང་ལུགས་ཀྱི་སྟེང་ནས་བཤད་དགོས་པས་སྒྲུང་ནང་བཤད་པ་ཇི་བཞིན་ཡོད་རེད་ཅེས་བཤད་དགོས་ན་དེ་ཡང་ཁག་པོ་ཡིན་རྒྱུ་རེད་མ་གཏོགས། སྤྱིར་ལོ་རྒྱུས་ཀྱི་མི་སྣ་དངོས་ཡོད་ཅིག་རེད་འདུག རླངས་ཀྱི་པོ་ཏི་བསེ་རུ་ནི་བོད་ཀྱི་ལོ་རྒྱུས་གལ་ཆེན་དང་ཚད་ལྡན་ཞིག་རེད། རླངས་ཀྱི་བླ་མ་འདྲེ་བཀོལ་དང་གེ་སར་རྒྱལ་བློན་དག་འབྲེལ་བ་བྱུང་ཚུལ་ཕན་ཚུན་ཁ་བརྡ་བྱས་ཚུལ་སོགས་ཞིབ་ཕྲ་བྱས་ནས་གསལ་པོར་ཡོད་རེད། ལོ་རྒྱུས་དེ་དག་ལ་ཆ་འཇོག་མ་བྱས་ན་གཞན་ཚད་ལྡན་གྱི་ལོ་རྒྱུས་ཁག་པོ་རེད། འཛམ་གླིང་མི་རིགས་གང་འདྲ་ཞིག་ཡིན་ན་ལོ་རྒྱུས་རྙིང་པ་དག་གི་ནང་དུ་ཡོད་མེད་དང་གནའ་རྫས་ཞིབ་དཔྱོད་ཀྱི་བདེན་དཔང་ཡོད་མེད་ཀྱི་སྟེང་ནས་ཐག་བཅད་གནང་རྒྱུ་མ་གཏོགས་གཞན་འགྲོ་ཚུལ་ཞིག་ཡོད་མ་རེད། དེ་དག་ནི་འཛམ་གླིང་སྤྱི་ཁྱབ་ཀྱི་འགྲོ་ཚུལ་ཞིག་རེད་མ་གཏོགས་སྒེར་གྱི་བསམ་ཚུལ་ཞིག་མ་རེད། གེ་སར་དང་མཉམ་དུ་བྱུང་མཁན་བླ་མ་རྣམས་ཀྱི་ལོ་རྒྱུས་དང་རྣམ་ཐར་དག་གི་ནང་དུ་གེ་སར་དང་འབྲེལ་བ་བྱུང་ནས་སྐད་ཆ་ལས་ཀ་གང་འདྲ་ལས་མིན་སོགས་གསལ་པོ་མང་པོ་འདུག ང་ཚོས་གེ་སར་གྱི་ལོ་རྒྱུས་ཁས་མ་བླངས་པ་ཡིན་ན་ལོ་རྒྱུས་ཀྱི་ཡིག་རྙིང་དེ་དག་ཆ་ཚང་རྫུན་རེད་ཅེས་བཤད་དགོས་རེད། ལོ་རྒྱུས་སྨྲ་མཁན་དང་ཆེད་ལས་པ་ཞིག་གིས་དེ་དག་རྫུན་རེད་ཅེས་བཤད་ན་དེ་དག་རྫུན་ཡིན་པས་རྒྱུ་མཚན་ཡོད་དགོས་རེད་མ་གཏོགས་རྒྱུ་མཚན་མེད་པར་རྫུན་རེད་ཅེས་བཤད་ན་རིན་ཐང་ཅི་ཡང་ཡོད་མ་རེད། རིག་གཞུང་གི་སྟེང་ནས་དེ་འདྲ་བཤད་ན་རིན་ཐང་ཅི་ཡང་མི་འདུག་དྲན་གྱིན་འདུག

ངས་བཤད་རྒྱུ་ངོ་མ། གླིང་གེ་སར་ནི་ལོ་རྒྱུས་ཀྱི་ནང་དུ་བྱུང་མྱོང་མཁན་གྱི་དངོས་ཡོད་ཀྱི་མི་སྣ་ཞིག་རེད་ཅེས་བཤད་ཀྱིན་ཡོད། ཡིན་ན་ཡང་། མི་སྣ་དེ་གླིང་སྒྲུང་ནང་བཞིན་ཞིག་ཡོད་པ་རེད་དམ་ཞེ་ན། དེ་འདྲ་ཞིག་ཡིན་མིན་ལ་དོགས་པ་ཅུང་ཙམ་ཡོད། གླིང་གི་གནས་ཚུལ་མང་པོ་ཞིག་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་འདུག དེ་དག་དང་འབྲེལ་ཡོད་མི་སྣ་ཁ་ཤས་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་བཤད་ན། འཇམ་མགོན་མི་ཕམ་ནི་བོད་ཀྱི་རིག་གཞུང་ཀྱི་ཐོག་ནས་བཤད་ན་ཧ་ཅང་མཁས་པ་ཞིག་རེད། ཁོང་གི་གསུང་རྩོམ་གྱི་ནང་དུ་འདན་མའི་ལྷ་བསང་རིང་མོ་ཟེར་བ་ཞིག་ཡོད་རེད། ཁོང་སྐྱེ་བ་སྔོན་མར་འདན་མའི་སྐྱེ་བ་ཡིན་པ་དང་ལྷ་བསང་དེ་ཁོང་སྔ་མ་ཧོར་གླིང་གཡུ་འགྱེད་བྱེད་པའི་གནས་སྐབས་སུ་གླུ་ཇི་བཞིན་འབྲི་རྒྱུ་ཡིན་གསུང་ནས་བྲིས་རེད། འཇམ་མགོན་མི་ཕམ་ནི་རྩོམ་རྩལ་དང་སྙན་ངག་ལ་ཧ་ཅང་མཁས་པ་རེད། ཡིན་ཡང་། ཁོང་གིས་གླུ་དེ་རྩོམ་རྩལ་དང་སྙན་ངག་གིས་རྒྱན་པ་ཡིན་ན་རྟོགས་བཟོ་གྱུར་འགྲོ་བའི་དོན་དག་མི་འདུག་པས་སྔོན་མ་ཧོར་གླིང་གཡུ་འགྱེད་སྐབས་ཀྱི་གླུ་དེ་གང་དྲན་ལེན་རྒྱུ་ཡིན་ཞེས་མཇུག་རྩོམ་གྱི་ནང་དུ་གསུང་ཡོད་རེད། སྐྱེ་བ་སྔ་མ་དྲན་པའི་ཐོག་ནས་གླུ་དེ་བླངས་པ་རེད་འདུག གླིང་སྒྲུང་མང་པོ་ཞིག་སྐྱེ་བ་སྔ་ཕྱི་དྲན་པའི་སྟེང་ནས་བྱུང་བ་ཞིག་རེད་འདུག ལོ་བདུན་ཅུ་བརྒྱད་ཅུ་གོང་ནས་གསེར་རྟ་ལ་གཡུ་ཐོག་བླ་མ་ཆོས་དབྱིངས་རང་གྲོལ་ཟེར་བའི་བླ་མ་ཡག་པོ་ཞིག་འདུག ཁོང་གླིང་སྒྲུང་ལ་ཧ་ཅང་དགའ་མཁན་ཞིག་རེད། བཤད་རྒྱུན་ལ་ཁོང་གླིང་གི་དཔའ་ཐུལ་ཞིག་གི་སྐྱེ་བ་རེད་ཟེར་སྲོལ་འདུག ཐེངས་ཤིག་ཁོང་གི་སྐུ་མདུན་དུ་ཆོས་ཞུ་སར་སླེབས་འདུག་པ་རྣམས་ལ་ཁོང་གིས་ཁྱེད་ཚོའི་ནང་དུ་གླིང་སྒྲུང་བཤད་ཤེས་མཁན་ཡོད་དམ་ཅེས་འདྲི་སྐབས། ཡིག་ངོར་བལྟས་ནས་ཅུང་ཙམ་བཤད་ཤེས་མཁན་ཞིག་མ་གཏོགས་ཡག་པོ་བཤད་ཤེས་མཁན་མེད་ཅེས་ཞུས་འདུག གཡུ་ཐོག་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་ཞབས་ཕྱི་གྲྭ་བ་དེ་ལ་ཤོག་བུ་ཞིག་བཟོས་གསུང་བས་གྲྭ་པ་དེས་ཉིན་ཁ་ཤས་ལ་གླེགས་བམ་གཅིག་ཙམ་ཡོད་པའི་ཤོག་བུ་བཟོས་གྲུབ། ཤོག་བུ་བཟོ་ཚར་རྗེས་ཉེ་སྔོན་གླིང་སྒྲུང་ཅུང་ཙམ་བཤད་ཤེས་མཁན་དེ་སྐུ་མདུན་སྐད་བཏང་ནས་ཤོག་བུ་སྣག་ཚ་ལག་ཏུ་སྤྲད་དེ་ཁྱེད་ཀྱིས་གླིང་སྒྲུང་བྲིས་ཅེས་གསུང་འདུག གྲྭ་བ་དེས་བླ་མ་ལ་བདག་གིས་གླིང་སྒྲུང་ཡིག་ཐོག་ནས་ཅུང་ཙམ་བཤད་རྒྱུ་མ་གཏོགས་འབྲི་མི་ཤེས་ཞུས་པས། སྐྱོན་ཡོད་མ་རེད། འཇམ་མགོན་མི་ཕམ་གྱིས་བརྩམས་པའི་གསོལ་ཀ་དེ་འགོ་ནས་མར་ཐོན་དང་འབྲི་ཤེས་ཡོང་གི་རེད་ཅེས་བླ་མས་གསུང་འདུག འགོ་ནས་སྡེབ་མ་ཕྱེད་ཀ་ཙམ་སླེབས་སྐབས་སྔོན་གྱི་གླིང་སྒྲུང་དེ་དག་དྲན་ནས་ཤོག་བུའི་ཐོག་ཏུ་བྲིས་འདུག ལན་རེ་མ་དྲན་པའི་སྐབས་སུ་གཡུ་ཐོག་བླ་མས་དེ་འདྲ་མ་རེད་འདི་འདྲ་རེད་ཅེས་གསུང་གསུང་དུས་ཁོ་རང་གིས་སེམས་ནང་མུ་མཐུད་གསལ་པོར་དྲན་ནས་སྒྲུང་ཞིག་བྲིས་འདུག སྒྲུང་དེའི་མིང་ལ་《སྒྲུང་གཏེར་ཉི་མ་རང་ཤར》ཟེར་བཞིན་འདུག ཡི་གེ་ད་ལྟ་ཡང་ཡོད་རེད། ལོ་རྒྱུས་དེ་དངོས་གནས་རེད།

ང་ཚོས་རང་ཉིད་ཀྱི་བསམ་ཚུལ་གཞིར་བཞག་ནས་ཡོད་ཚད་རྫུན་རེད་བཤད་ན་དོན་སྙིང་མི་འདུག དེ་དག་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་སྒོ་ནས་ཡོང་བ་ཞིག་རེད། ལོ་རྒྱུས་དེ་དུས་ཚོད་དེ་དུས་ཡོད་པའི་གཡུ་ཐོག་བླ་མ་ཆོས་དབྱིངས་རང་གྲོལ་གྱི་སློབ་མས་ང་རང་ལ་བཤད་པ་ཞིག་ཡིན། ང་རང་ཉིད་ཀྱི་བླ་མ་འཇིགས་མེད་ཕུན་ཚོགས་ཁོང་གླིང་སྒྲུང་ནང་གི་འདན་སྲས་གཡུ་འོད་འབུམ་མེའི་སྤྲུལ་པ་ཡིན་མང་པོ་གསུང་གི་རེད། སྤྱིར་ཁོང་གིས་སྐྱེ་སྔ་མ་མང་པོ་དྲན་བཞིན་འདུག་ཀྱང་ཆ་ཚང་ཞིག་གསལ་པོ་དྲན་རྒྱུ་མི་འདུག ཡིན་ན་ཡང་། འདན་སྲས་དང་གླིང་གི་ལོ་རྒྱུས་དེ་ཧ་ཅང་གསལ་པོར་དྲན་བཞིན་འདུག་གསུང་གི འདན་མའི་ཕ་ཡུལ་འདན་ཁོག་རེད། གཡུ་འོད་འབུམ་མེའི་མཁར་དེ་འབྲུ་ཆུའི་ཕར་ཁ་འདན་ཆོས་འཁོར་དགོན་པའི་ཉེ་འགྲམ་དེ་ན་འདུག ཆོས་འཁོར་དགོན་པས་གཙུག་ལག་ཁང་གསར་པ་ཞིག་བཞེངས་འདུག དེ་འབྲི་ཆུའི་ཁ་ལ་འདུག ས་རྒྱ་ཆེན་པོ་དེ་ཙམ་མི་འདུག སྔོན་མ་གཡུ་འོད་འབུམ་མེས་མཁར་མར་བཤིགས་ནས་གཙུག་ལག་ཁང་དེ་གསར་བཞེངས་བྱས་འདུག ད་སྐབས་བླ་མ་དང་མཁན་པོ་ཚང་མར་འགྱོད་པ་སྐྱེ་བཞིན་འདུག ཡིན་ཡང་ཕན་པ་ཅི་ཡང་ཡོད་མ་རེད། བླ་མ་འཇིགས་མེད་ཕུན་ཚོགས་མགོ་ལོག་ཏུ་ཕེབས་ནས་སེང་འབྲུག་སྟག་རྩེའི་མཁར་ཤུལ་ངོས་འཛིན་གནང་བ་རེད། དེའི་སྐབས་སུ་བྱུང་བའི་ལོ་རྒྱུས་ཤིག་འདུག བླ་མ་ཡིད་བཞིན་ནོར་བུས་མཁར་ཤུལ་ངོས་འཛིན་བྱས་ནས་ཕེབས་རྗེས། དེའི་ཉེ་འགྲམ་ན་ཆུ་གློག་ཁང་ཆུང་ཆུང་ཞིག་འདུག དེ་ལྟ་མཁན་འགོ་འཛིན་རྒྱ་ཞིག་ཡོད་ས་རེད། རྒྱ་དེ་རང་ཉིད་གཅིག་པུ་འཁྱམས་འཁྱམས་སོང་བས་སྤོ་ཐོ་གཅིག་ཁ་དར་གྱིས་གཡོགས་པ་ཞིག་དང་འཕྲད་བྱུང་ཟེར། ཁོས་ཁ་དར་དེ་འཁྱེར་ནས་སྤོ་ཐོ་དེ་རྡོག་ཐོ་ཡིས་བརྒྱབས་ནས་གཡུག་པ་ཡིན་ཟེར། ཁོ་རང་ཆུ་གློག་ཡོད་སར་སླེབས་སྐབས་སེམས་པ་དངངས་འཚབ་སྐྱེས་ནས་ཉིན་ཁ་ཤས་སྨྱོ་འདུག ཁོ་རང་གིས་མ་ཤེས་ནས་བྱས་པ་མ་གཏོགས་ཆེད་དུ་དེ་འདྲ་བྱས་པ་ཞིག་རེད་མི་འདུག ངས་ལོ་རྒྱུས་དེ་འདྲ་ཞིག་བྱུང་འདུག་ཟེར་བ་མ་གཏོགས་གཞན་ཅི་ཡང་བཤད་ཀྱིན་མེད། དེ་དག་གེ་སར་གྱི་སྒྲུང་དང་འབྲེལ་བ་ཞིག་རེད། གེ་སར་གྱི་སྒྲུང་མང་པོ་ཞིག་སྐྱེ་བ་སྔ་ཕྱིའི་ཐོག་ནས་བཤད་ཀྱིན་འདུག ཡང་ཁ་ཤས་ཀྱིས་ང་ལ་རྒྱལ་རབས་གསུམ་གྱི་གཏམ་རྒྱུད་དང་ཆུ་ངོགས་གཏམ་རྒྱུད་སོགས་འབབ་རྒྱུ་ཡོད་ཟེར་མཁན་འདུག་ཟེར། དེ་འདྲ་ཞིག་གིས་གེ་སར་གྱི་སྒྲུང་བཤད་པ་ཡིན་ན་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་ཅི་ཡང་ཡོད་ས་མ་རེད། དེ་དག་འབབ་རྒྱུ་ཡོད་ཟེར་མཁན་དག་ལ་ངས་བསམ་ན་གནད་དོན་འདུག་དྲན་གྱིན་འདུག སྒྲུང་པ་དག་ཡིན་ན་ཐུགས་གཟབ་གནང་དགོས་རེད། ལོ་རྒྱུས་དང་མཐུན་པ་ཚན་རིག་དང་མཐུན་པ་ཞིག་གིས་སྟེང་ནས་བཤད་དགོས་ས་རེད་མ་གཏོགས་གཞན་གང་བྱུང་བཤད་པ་ཡིན་ན་རིན་ཐང་མེད་པ་རེད་འགྲོ་ས་རེད། གཞན་གེ་སར་གྱི་ཐང་ག་མང་པོ་འབྲི་བཞིན་ཡོད་རེད། གེ་སར་ཐང་ག་འབྲི་སྟངས་མང་པོ་ཞིག་འགྲིག་གི་མི་འདུག ལོ་རྒྱུས་དང་རྩ་བ་ནས་མཐུན་གི་མི་འདུག

གེ་སར་ནི་དོན་དངོས་སུ་བྱུང་བའི་མི་སྣ་ཞིག་ཡིན་པས་དུས་སྐབས་དེ་དུས་ཁྲབ་རྨོག་རྟ་སྒ་ཡོ་བྱེད་སོགས་གང་འདྲ་ཡིན་པ་དུས་རབས་དེ་དང་མཐུན་པ་ཞིག་འབྲི་དགོས་རེད། མང་པོ་ཞིག་གིས་ཡུལ་དུས་མང་པོ་དང་མི་མཐུན་པར་འབྲི་བཞིན་འདུག དེ་འདྲ་བྱས་ན་ཡག་པོ་རྩ་བ་ནས་མི་འདུག འཛམ་གླིང་མི་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་གང་འདྲ་ཡིན་མིན་ཞིབ་འཇུག་གནང་མཁན་དག་གིས་ཆོས་ལུགས་ཀྱི་རི་མོ་དག་ལ་ལྟ་གི་ཡོད་རེད། མ་གཞི་ཆོས་ལུགས་ཀྱི་རི་མོ་དེ་དག་ལ་འུར་བསྟོད་ཀྱི་ཤན་ཅུང་ཙམ་ཡོད་ནའང་དེ་དག་སྤྱི་ཚོགས་འཚོ་བའི་ཁྲོད་ནས་བྱུང་བ་ཞིག་རེད། ང་ཚོས་འབྲི་བཞིན་པའི་ཐང་ག་དེ་དག་མ་འོངས་པར་ལོ་རྒྱུས་རང་བཞིན་འགྱུར་རྒྱུ་ཡིན་པས་གང་བྱུང་བྲིས་པ་ཡིན་ན་རྩ་བ་ནས་འགྲིག་གི་མི་འདུག ཐང་ག་འབྲི་མཁན་དག་གིས་ལོ་རྒྱུས་དང་རིག་གཞུང་གོམ་སྲོལ་ལ་བརྩི་འཇོག་བྱ་དགོས་ཀྱིན་འདུག་མ་གཏོགས་སྒོར་མོའི་ཆེད་དུ་མང་པོ་བཟོས་པ་ཡིན་ན་དོན་སྙིང་ཅི་ཡང་མི་འདུག ཐུགས་རྗེ་ཆེ།

གསུང་བཤད་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས།

 

གླིང་ལོ་མ་སེར་པོས་ཡུལ་དབུས་སུ་ཡིག་འགོད་བྱས།