སྙན་ངག་གིས་ངའི་སྐེ་ལ་གཟུགས་མེད་ཀྱི་ལྕེབས་ཐག་ཅིག་བསྐོན་ཡོད
ང་རང་ལྕེབས་ཐགས་སུ་དཔྱངས་ནས་མི་ཡུལ་དུ་ཚེ་རིང་བའི་སྨོན་ལམ་བཏབ

སྙན་ངག་ནི་ཅི་ཞིག་ཡིན་ནམ ཚེ་ཐག་ནི་ཅི་ཞིག་ཡིན་ནམ
ང་རང་ཚོར་བ་དང་འདོད་མོས་ཉིད་ཅིག་གི་མཛུབ་སྟོན་གྱི་སྣེ་ག་ལ་འཇུས་ཏེ
གསོན་པོར་གནས་སྐབས་ཀྱི་འཇིག་རྟེན་ཁྲ་ཁྲ་འདིར
རང་ཚོད་ཀྱི་འདྲ་རིས་གང་མང་ཞིག་གང་སར་གཏོར་ཐབས་བྱས

སུ་ཞིག་གིས་ཚོར་ཤེས་ཀྱི་སྲོག་ལྡན་ང་བསྐྲུན་པ་ཡིན་ནམ
ཅི་ཞིག་གི་སླད་དུ་ལས་དབང་དང་རྣམ་ཤེས་ཀྱི་ཐ་སྙད་འདི་དག་བྱུང་བ་ཡིན་ནམ
གང་ཞིག་ནས་ང་ལ་བསླུ་བྲིད་ཀྱི་ཤེས་པ་འདི་རིགས་བགོས་པ་ཡིན་ནམ
ང་རང་རི་ར་བ་ཁང་ཁྱིམ་བཞིན་སྐྱེ་རྒ་ན་འཆི་ལ་ཚོར་འདུ་སྟོང་བའི་སྟོང་བ་འབའ་ཞིག་ཡིན་ན་འདོད
ང་རང་ཡོད་པ་ལ་ལས་འགན་མེད་ཅིང
མེད་པ་ལ་བེམ་གཟུགས་ཀྱི་བླ་སྲོག་ཡོད་པའི་དངོས་པོ་ཞིག་ཡིན་ན་ཅིས་མ་ཆོག

ང་རང་དེ་ལྟར་གསོན་ཐབས་བྲལ
སུས་ཀྱང་ང་ལ་དེ་འདྲའི་འཇིག་རྟེན་མཁོ་སྤྲོད་བྱེད་མི་ཐུབ
དེ་བས་ངས་བཟོ་བསྐྲུན་བགྱིས་པའི་སྙན་ངག
སྙན་ངག་གིས་བློས་བསླངས་བྱས་པའི་ང ཡོད་ཚད
རང་དང་འདྲ་བའི་རྣམ་ཤེས་ཀྱི་བྲན་གཡོག་མང་བོའི་མདུན་དུ
བྲང་ལ་བྲིས་པའི་སྦྱར་བྱང་ཞིག ཇོ་མོ་གླང་མའི་རྣ་སྒོ་ནས་འཛུམ་འདོད

རྣམ་ཤེས་ཀྱིས་རྣམ་ཤེས་ལ་རྨི་ལམ་གྱི་བསླུ་བྲིད་བཟོས་ཡོད
རྨི་ལམ་གྱིས་རྨི་ལམ་གྱི་རྣམ་ཤེས་ལ་མངོན་གྱུར་བསྐྲུན་ཡོད
ང་རང་ཉིད་ཀྱང་དེ་འདྲའི་འཁོར་བསྐྱོད་ཀྱི་པང་རིམ་ནས
བྱིས་པ་བཞིན་ངུས དར་མ་བཞིན་འབད ལོ་ལོ་བཞིན་འཁུམས
ངས་ཀྱང་དེ་ནི་གཞལ་ཐབས་དཀའ་བའི་རིན་ཐང་ཞིག་ཏུ་སྒོམ་ཡོད

རྣམ་ཤེས་གསོན་པས་འཇིག་རྟེན་ཡང་རྣམ་ཤེས་བཞིན་གསོན
འཇིག་རྟེན་བདོག་པས་དུས་ཚོད་ཀྱང་འཇིག་རྟེན་བཞིན་བདོག
ང་གནས་པས་ངའི་སྙན་ངག་ཀྱང་ང་ནང་བཞིན་གནས
ནམ་ཞིག ངའི་སྙན་ངག་ཤི་ནས་རུས་ཀོང་དུ་འགྱུར་དུས
ངས་འཇིག་རྟེན་གཞན་པ་ཞིག་ནས་ངའི་སྙན་ངག་ལ་བསྐྱར་གསོན་གྱི་ཕྲ་ཕུང་བཏབ་ཆོག་གམ

ངའི་སྙན་ངག་ནི་སྔོན་ཆད་ནས་སྐྱེས་མེད་པས་ངས་ངའི་སྙན་ངག་གི་ཚེ་སྲོག་བཟོས
ང་ནི་སྔ་མོ་ནས་ཤི་བར་འགྱུར་བས་ངའི་སྙན་ངག་གིས་ང་རང་སྐྱེ་བ་ལ་རེ་སྒུག་བྱེད་པའི་སྨོན་ལམ་བཏབ
དེའི་རྒྱུ་མཚན་གྱིས སྙན་ངག་གིས་ང་རང་བསད་དེ་བྱ་ལ་གཏོར་བར་འགྱུར
སྙན་ངག་གིས་ང་རང་བཙས་ཏེ་གཞོན་ཤ་དར་ལ་འབབ་ཏུ་འཇུག

སྙན་ངག་གིས་ངའི་སྐེ་ལ་གཟུགས་མེད་ཀྱི་ལྕེབས་ཐག་ཅིག་བསྐོན་ཡོད
ང་རང་ལྕེབས་ཐགས་སུ་དཔྱངས་ནས་མི་ཡུལ་དུ་ཚེ་རིང་བའི་སྨོན་ལམ་བཏབ

༢༠༡༤ལོའི་ཟླ༨པའི་ཚེས༡༣ཉིན