ཁག་དང་བོ།

ད་ལོའི་ཟླ་བ་བཞི་བའི་ནང་དུ་ང་རང་བྱ་བ་ཕྲན་ཙག་ཅིག་གི་དབང་གིས་ནང་ལོག་ནས་ཕ་ཡུལ་ལ་ཕྱིར་ལོག་ཐེངས་ཤིག་བྱས་པ་ཡིན། ལམ་བར་དུ་ཁུལ་ཐོག་ཏུ་ཞག་འདུག་བྱེད་དགོས་བྱུང་། ཁུལ་ཐོག་ལ་འབྱོར་དུས་ཉི་མ་སྔ་ནས་ནུབ་རིར་ཡལ་ནས་གནམ་ངོ་ནག་ཐིང་ཐིང་དུ་འདུག། ད་དུང་ཁང་ཆར་འདྲེས་མ་སིམ་སིམ་ཞིག་རླུང་བུ་རྩུབ་མོ་ཞིག་དང་ལྷན་དུ་འབབ་གྱིན་ཡོད། སྲང་ལམ་དུ་གླ་གཏོང་རླངས་འཁོར་རེ་གཉིས་ཤིག་མ་གཏོགས་སྟོང་སང་ངེ་འདུག།

ངས་མྱུར་མོར་མགྲོན་ཁང་ཞིག་བཙལ་ནས་ངལ་གསོ་ཅུང་ཙམ་བྱས། སྐར་མ་སུམ་ཅུ་ཡས་མས་སུ་དྲ་མའི་ཕྱི་ལ་བལྟས་དུས་ཆར་བ་དེ་ཕལ་ཆེར་འབབ་མཚམས་བཞག་ཟིན། ཡིན་ནའང་རླུང་བའི་འུར་སྒྲ་དེ་དྲ་མའི་ནང་ལོག་ཏུ་བསྡད་ཀྱང་རྣ་ལ་གཟན་ཡོང་།

དེ་མ་ཐག་ངའི་ཡིད་ལ་སྨད་འཚོང་ཁང་དྲན་བྱུང་། དུས་ཚིགས་འདི་ནི་ཏག་ཏག་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ཡིན་པས་གླ་མོ་ཚོའི་རིན་ཐང་ལྟོས་བཅས་ཀྱིས་མར་ཆགས་ཡོད། ང་སྨད་འཚོང་ཁང་གི་སྒོ་ཁར་ཐོན་དུས་མགྲོ་ཁང་དེ་གཞི་ནས་ལྷང་ཞིང་འཇགས་ལ་ནང་དུ་མི་བསྡད་ཡོད་མེད་ཀྱི་ཐེ་ཚོམ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས། ང་ནང་དུ་འཛུལ་མ་ཐག་མགྲོན་བདག་མ་མདུན་གྱི་སྟེགས་བུའི་སྟེང་ལག་པ་གཉིས་སྔས་མགོ་བྱས་ནས་གཉིད་འདུག ངས་སྟེགས་བུའི་སྟེང་དལ་བར་རྡུང་རྗེས་ཁོ་མོས་མིག་གཡོན་པ་བཙུམས་ཏེ་གཡས་པ་ཕྱེ་མ་བཙུམས་ཀྱིས་ཡར་ལ་བལྟས། ཁོ་མོའི་རྣམ་འགྱུར་དེའི་ངའི་ཡིད་ལ་ཕ་ཡུལ་གྱི་གསར་བུ་མགོ་སྟོང་ཚོས་བཤད་པའི་ ༿༿༿དབར་རྩྭ་དགུན་འབུ་རྫུན་མ་༾ ཅེས་པའི་སྐད་ཆ་བསོར་མོ་དེ་དྲན་ཡོང་གི།

དེ་ལའང་ཁྱོན་ནས་གནས་ལུག་མེད་པ་མིན་ཏེ་གསར་བུ་མང་བོ་ཞིག་དབྱར་རྩྭ་རྐོ་བར་སོང་ཤུལ་ན་གླ་མོ་དག་བདག་མེད་དུ་ལུས་འདུག

ངས་མགྲོན་བདག་མར་ཁ་མ་གྲག་གོང་ལ་ཁོ་མོས་གཉིད་མ་སད་ཀྱིས་ང་ལ་༼སུམ་ཅུ་ཅན་ར་ལྔ་བཅུ་ཅན་རིགས་གཉིས་ཡོད། གང་དགོས༽་ཅེས་ཐད་ཀར་དྲིས་བྱུང་། ད་དུང་བཤད་རྒྱུ་ ༼ལྔ་བཅུ་ཅན་པོ་ཁ་སང་སོ་མ་ཡོང་ནི་རེད༽་ཅེས་གླལ་སྒྱིང་རིང་བོ་ཞིག་བྱས། སྐད་ཆ་དེ་ཐོས་མ་ཐག་ང་ཅུང་དོགས་མི་བདེ་བར་གྱུར་ཀྱང་ཕྱི་ཚུལ་དུ་སྣང་དོགས་མེད་ཁུལ་བྱས།

སྦྱིན་བདག་མ་དེ་ནི་ཅུང་ཐུང་ཐུང་ལྟིག་ལྟིག་ཅིག་ལ་ནུ་མ་ལོག་ལོག་ཆེ་གཉིས་བྲང་གཞུང་དུ་ཁེབས་འདུག ཡ་ཐོད་དུ་གཉེར་མ་ཤིག་སེ་འདུག་ནའང་དེའི་ནང་དུ་བྱུགས་རྫས་དཀར་བོ་མཐུག་པོ་ཞིག་ཆགས་འདུག ད་རུང་གཟེངས་སེ་འདུག་པའི་སྐྲ་ལོ་ཐ་རེ་ཐོ་རེ་དག་འཇིལ་ལི་ཆགས་ནས་འགྲམ་སྟེང་གཡས་གཡོན་གཉིས་ལ་དཔྱང་འདུག མཐོང་མ་ཐག་ཁྱོད་སྨད་འཚོང་མའི་སྦྱིན་བདག་མིན་ན་སུ་ཡིན་སྙམ་པའི་ཚོར་བ་དེ་མི་སྟེར་རང་སྟེར་རེད།

ཁོ་མོར་རང་གཤིས་གྱོང་བོ་ཞིག་ཡོད་སྟབས་ངས་ཀྱང་རིན་གོང་མ་གཏམ་པར་སྒོར་དོག་ལྔ་བཅུ་ཐད་ཀར་སྤྲད། ཁོ་མོས་སྒོར་མོ་ལེན་ཞོར་ངོ་ལ་འཛུམ་ཞིག་རྒྱས་ཏེ་བཤད་རྒྱུ་ ༼གཞུག་ཐེངས་ཤོག་ར་རྩ་མོ་བྱེད༽་ཟེར་བཞིན་ང་གཉིས་ཐོག་གི་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་ཁྲིད་སོང་། ངས་ཁང་མིག་ཆུངཆུང་དེའི་སྒོ་ཕྱེ་མ་ཐག་སྐྱོ་ཤུགས་ཆེ་བའི་དབྱངས་འགྲོས་སྙན་མོ་ཞིག་གདངས་དམའ་མོའི་ངང་རྣ་ལམ་དུ་ལྷུང་འོང་། ནང་ལོག་ཏུ་བུད་མེད་ཞིག་གིས་མགོ་སྒུར་ཏེ་ཁ་པར་ནང་ཅེར་འདུག ཁོ་མོས་ང་ནང་ལ་འཛུལ་འོང་བ་མཐོང་ཕྲད་དངངས་སྐྲག་ཆེན་པོ་སྐྱེས་ཏེ་མགོ་བོ་ཇེ་སྒུར་ཏུ་གྱུར་ཞིང་ང་ལ་བལྟའང་མི་ཕོད། ང་ཐེ་ཚོམ་མེད་པར་ཁོ་མོའི་འགྲམ་ལ་སོང་སྟེ་བསྡད། ཁོ་མོའི་ངོ་དོག་ཅུང་དམར་བོ་གྱུར་ཞིང་མིག་ཟུར་ནས་ང་ལ་ལྟ་ཙམ་ལྟ་ཙམ་བྱས།

དྲང་མོར་བཤད་ན་ཁོ་མོའི་མིག་མདའ་ནི་ངས་ད་སྔར་མཐོང་མྱོང་བའི་བུ་མོ་དག་གི་ཁྲོད་ནས་ཆེས་འགུགས་ཤུགས་ཆེ་ཤེས་སུ་གྱུར། ངས་རང་གིས་རང་ལ་འདི་འདྲའི་མཛེས་མ་ཞིག་གིས་སྨད་འཚོང་མ་བྱེད་དོན་ཅི་ཡིན་ནམ་ཅེས་ཡང་ཡང་དྲིས། ཡིན་ནའང་ངས་ཨ་ལན་རྙེད་མ་བྱུང་།

ཁོ་མོའི་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པའི་ནག་ཤིག་ཤིག་གི་སྐྲ་ལོ་སྐེ་ཁུང་དུ་བཀག་ཅིང་། སྣའི་གཟེངས་ཅུང་མཐོ་ལ་རྫི་མ་སྟུག་པོ་དེའི་འོག་ན་མིག་ཟུང་གཉིས་སྐྱེངས་པའི་ངང་ཚུལ་གྱིས་ལྷེམ་ལྷེམ་འགུལ། རྣ་གཡས་གཡོན་དུ་རྣ་ལུང་ཆེ་ཆུང་མི་འདྲ་བ་གསུམ་རེ་བཏགས་འདུག ངའི་བབས་ཆགས་ཤིག་ལ་ངས་སྔོན་ནས་ཁོ་མོ་རིག་མྱོང་བའི་ཚོར་བ་ཞིག་སྐྱེས། ཡང་ན་ནུབ་ཕྱོགས་ཀྱི་གློག་བརྙན་ཞིག་གི་ནང་གི་ང་ལ་བབས་ཆགས་ཟབ་པའི་མཛེས་མ་ཞིག་གི་སྣང་བརྙན་ལ་འཕྲུལ་སོང་ཁོ་ཐག

ངས་ཁོ་མོའི་རྒྱག་ཅིང་འབུར་འདུག་པའི་ནུ་ཁེབས་སྐྱ་བོའི་དེའི་སྲུབས་ལ་ལྟ་ཙམ་སྨད་གཡོགས་དལ་བར་ཡར་ལ་བརྫེས་ཏེ་ཕྲ་ཞིང་འཇམ་པའི་བརླ་སྟེང་ལ་ཡང་མོར་རེག་གྱིན་རེག་གྱིན་དབུགས་རླུང་སྟོད་ལ་འཚང་བཞིན་མཆིལ་མ་གཏུན་མར་མིད། ཁོ་མོས་དཀར་དུང་དུང་གི་མདུན་སོ་གཉིས་ཀ་མཉེན་ཅིང་སྲབ་པའི་མ་ཁར་སོ་འབྲད་བྱེད་གྱིན་མིག་ཟུང་ཤུགས་ཀྱིས་བཙུམས། ན་ཟུག་དང་འདྲེས་པའི་མིག་ཆུ་རྡོག་རྡོག་ཁ་ཤས་འགོག་མེད་དུ་བཞུར། དེ་མ་ཐག་ངའི་སྨྱོ་ཧམ་ཆེ་བའི་འདོད་ཆགས་སྐད་ཅིག་ཏུ་ཡལ་ནས་རང་ཉིད་ཀྱི་བྱ་སྤྱོད་དེ་དག་ལ་གནོང་འགྱོད་སྐྱེས། ངས་ཁོ་མོར་སྡུག་བསྔལ་ག་ཙམ་ཡོད་པ་མི་རྟོགས་མོད། ཡིན་ནའང་ཁོ་མོ་བྱང་ཆ་ལྡན་པའི་གླ་མོ་ཞིག་མིན་པ་ཐག་གིས་ཆོད། དེ་བས་ངས་ཁོ་མོར་སེམས་ཁུར་ཆེ་ཚུལ་གྱིས་དོན་དྲག་གི་བྱུང་རིམ་ཁ་ཚང་གསལ་བོ་དྲིས། ཁོ་མོས་བཤད་གྱིན་བཤད་གྱིན་མིག་ཆུ་ཇེ་མང་དུ་གྱུར་ཞིང་མགོ་བོ་དལ་གྱིས་ངའི་བྲང་གཞུང་དུ་བསྙེས། ཏག་ཏག་གློད་བུར་དུ་ངའི་སེམས་ཁོང་ན་ཟུག་གིས་ཁྱབ་ཅིང་ཁོ་མོ་རང་ཉིད་དགའ་ཞིང་དུང་བའི་གཏན་གྲོགས་ཡིན་པའི་སེམས་ཚོར་སྐྱེས། དེ་བས་ངས་ཁོ་མོའི་མིག་ཆུ་རེ་རེ་ལག་པས་ཡང་མོར་ཕྱིས་ཤིང་། དེ་དག་ནི་ང་ལ་མཚོན་ན་རིན་ཐང་ལྡན་ལ་དེ་ནི་བུད་མེད་ཅིག་གིས་ཐེངས་དང་བོ་སེམས་པ་ངའི་ལག་ལ་བཞག་ནས་མིག་ཆུ་ཕུལ་བ་ཡིན།

ཁག་གཉིས།

ངའི་མིང་ལ་སྒྲོལ་མ་འཚོ་ཟེར། ང་ནི་སྨད་འཚོང་ཁང་གི་ནང་གི་བུ་མོ་དེ་ཡིན། ངས་གོང་ནས་ཁོ་ལ་ཅི་ཞིག་བཤད་ཡོད་པ་ཕལ་ཆེར་ཁོྱད་ཚོའང་ཉན་འདོད་ཡོད་རྒྱུ་རེད། དེ་བས་ངས་རང་གི་ལ་རྒྱ་ར་ངོ་ཚ་རེ་ཞིག་བཞག་ནས་རང་ཉིན་གྱི་གཏམ་རྒྱུད་དེ་དྲང་བོ་དྲང་བཞག་གི་སྒོ་ནས་འཆད་རྒྱུ་ཡིན།

ང་ནི་སློབ་འབྲིང་གི་སློབ་མ་ཞིག་ཡིན་ལ།ད་་ལོ་མཐར་ཕྱིན་འཛིན་གྲྭ་ཡིན། ཡིན་ནའང་སེམས་པ་གདོན་གྱིས་བསླུས་ནས་གྲོགས་ཕོ་མོ་གཉིས་དང་ལྷན་དུ་རྒྱ་གར་ལ་འབྲོ་རྒྱུ་སེམས་ཐག་བཅད། དེ་ནི་ངའི་ཆུང་དུས་ཀྱི་ཕུགས་བསམ་ཡིན་ལ་བབས་ཆགས་ཙམ་ལས་ང་དེ་རུ་ཅི་ཞིག་གི་ཆད་དུ་འགྲོ་རྒྱུ་ཡིན་པ་ངས་ཀྱང་གསལ་བོ་མི་ཤེས།

གང་ལྟར་ཉིན་དེ་ནི་གཟའ་མཇུག་རེད། སང་ཉིན་ཞོགས་པར་སློབ་གྲྭ་རྒྱུན་ལྡན་དུ་འཚོག་རྒྱུ་ཡིན་པས། ངས་དངོས་པོ་འགའ་བསྡུ་གསོག་བྱེད་ཞོར་རང་གི་རྒྱན་ཆ་དག་ཅིང་ནང་ལ་བཅུག རྒྱན་ཆ་དེ་དག་ནི་ང་ལོ་བཅུ་བདུན་ལ་སོན་དུས་ཕ་མ་གཉིས་ཀྱིས་ངའི་སྐྲ་སྟོན་གྱི་ལེགས་སྐྱེས་སུ་ཉོས། ང་ནི་ཁྱིམ་ཚང་བུ་མོ་ཁེར་སྐྱེས་ཡིན་པས་ཁོ་གཉིས་ཀྱི་ཡར་ཐོད་ཀྱི་མིག་ར་སེམས་ནང་གི་སྙིང་ཡིན། དེ་བས་ང་ཚོའི་སྡེ་བའི་ནང་གི་ན་ཟླ་ཚོའི་ཁྲོད་ན་ངའི་རྒྱན་ཆ་དོ་མཁན་གཅིག་ཀྱང་མེད། དེ་དག་ནི་ཕལ་ཆེར་སྒོར་མོ་ཁྲི་བཅུ་ལྷག་གི་རིན་ཐང་ལྡན་ངེས་ཡིན།

ཉིན་དེའི་མཚན་མོ་ངས་ཕ་མ་གཉིས་དང་ལྷན་དུ་དགོང་ཇ་འཐུང་རྗེས་སེམས་ནང་ནས་ཕ་མ་གཉིས་ཀར་གྱེས་ཕྱག་ཕུལ། ཡིན་ནའང་ཁོང་གཉིས་ཀྱིས་ང་སང་ཉིན་ས་མཐའ་འཁྱམ་རྒྱུ་ཡིན་ནོ། ངས་ཁོང་གཉིས་ལ་གྱེག་ཕྱག་ཕུལ་གོ་ནོ་ཇི་ལྟར་རྟོགས། མཚན་མོ་དེ་ངའི་སེམས་ལ་ང་ནམ་ཞིག་ལ་ཕ་མ་གཉིས་ལ་ཡང་བསྐྱར་མཇལ་ཐུབ་རྒྱུ། ཡང་ན་ཚེ་གང་བོ་མཇལ་མི་ཐུབ་ས་བསམ་ན་ངའི་མིག་ཆུ་འགོག་མེད་དུ་བཞུར་འོང་། ངས་མགོ་བོ་རུམ་ལ་བཅུག་ནས་ངུ་ཤུམ་རེ་བྱེད་གྱིན་ཞག་གང་བོ་གཉིད་གཏན་ནས་མ་ཁུགས།

སང་ཉིན་ཕ་མ་གཉིས་ཀྱི་སྣང་ངོར་ང་སློབ་གྲྭ་འགྲོ་བཞིན་ཡོད། ཡིན་ནའང་ང་ངའི་གྲོགས་པོ་དེ་གཉིས་དང་ལྷན་དུ་སྟོད་ཉི་མ་ལྷ་ས་ཆས་སོང་། ང་ལ་མཚོན་ན་ཕ་མ་མ་གཏོགས་མི་མི་ཤེས་ར་ཐབ་ཀ་མ་གཏོགས་ས་མི་ཤེས་མཁན་ཞིག་ཡིན་པས། ཡོད་ཚད་ངའི་གྲོགས་པོ་དེ་གཉིས་ཀྱི་ཁ་ལ་ཉན་པ་ཡིན། ངའི་གྲོགས་པོ་ཞི་ལུ་དེ་ནི་ལྷ་ས་ཅུང་ཆ་རྒྱུས་ཡོད་དེ་སྔོན་ཆད་ཡང་ཁོ་ལྷ་ས་ཐེངས་ཤིག་བྲོས་མྱོང་། དེ་སྟབས་ཀྱིས་རྒྱ་གར་ལ་ཇི་ལྟར་འགྲོ་རྒྱུའི་སྐོར་ཁོས་འཆར་གཞི་འཐེན་ནས་གོ་སྒྲིག་བྱེད་གྱིན་ཡོད།

དེ་ལྟར་ཏུ་ང་ཚོ་ལྷ་ས་རུ་བདུན་ཕྲག་གཅིག་ལྷག་གི་རིང་ལ་ལུས་སོང་། ཕྱི་དྲོ་དེ་ལ་ངའི་གོྲགས་པོ་ཞི་ལུ་དེའི་ངོ་ལ་དགའ་སྤྲོའི་ཉམས་ཤིག་ཤར་བཞིན་ང་འདུག་སའི་ཁང་བའི་ནང་ཡོང་སྟེ།༼སྒྲོལ་མ་འཚོ། ངས་ལམ་ཁྲིད་ཅིག་བཙལ་ཡོད། ཁོས་ལམ་བར་གྱི་བདེ་འཇགས་ལ་ཁག་ཐག་བྱེད་ཀི་ཡོད། ད་འུ་ཚོ་བདེ་འཇགས་ངང་ཐོན་ཐུབ་རྒྱུ་རེད༽་ཅེས་ཟེར། ངས་སྐད་ཆ་དེ་ཐོས་མ་ཐག་ཏུ་དགའ་འབུམ་གྱིས་མྱོས་ཏེ་རང་དབང་མེད་པར་ཐལ་མོ་རྡེབ་བཞིན་༼བཟང་གི། བཟང་གི་ ༽ཅེས་ཨག་འདེབས་བྱས། ཁོས་ད་དུང་བཤད་རྒྱུ་ ༼ལམ་ཁྲིད་ལ་མི་གཅིག་རེ་ཡིས་དངུལ་སྒོར་ཁྲི་གཉིས་རེ་སྤྲོད་དགོས། ལམ་ཁྲིད་ས་གནས་འདི་ཡི་ཆེས་དགའ་བོ་ཡིན། ངས་ཁྱེད་ལ་རོགས་བྱས་ནས་རྒྱན་ཆ་དེ་དག་བཙོང་གི་འགྲོ་ ༽ཅེས་ཟེར། ང་སོམ་ཉི་སྤུ་ཙམ་ཡང་མེད་པར་ངའི་བྱུ་རུ་སྐེ་རྒྱན་གཉིས་སྐྱ་བོ་དང་། གསར་གྱི་རྣ་ལུང་བྱུ་རུའི་ཕྲ་རྒྱན་ཅན། ད་དུང་གསེར་ནག་གི་སྐེ་རྒྱན་བཅས་ཁུག་མ་ནག་པོ་དེ་དང་ལྷན་དུ་ཁོ་ལ་བྱིན། ཁོ་འགྲོ་ཁར་ང་ལ་ ༼གྲ་སྒྲིག་བྱོས་ར་སང་ཉིན་ཞོགས་པར་ཆུ་ཚོད་ལྔ་བའི་ཐོག་ལམ་ཆས་ ༽ཅེས་ཟེར།

མཚན་མོ་དེ་ང་དགའ་བ་དང་བྲེལ་ཚུབ་ཀྱི་བར་གསེང་ནས་དུས་ཚོད་དེ་ཇི་འདྲའི་འགྲོ་རྒྱུ་མེད་པའི་སྣང་བ་སྐྱེས། ད་དུང་ངའི་སེམས་ལ་ད་ནི་མི་འགྱངས་བར་ཕུགས་བསམ་དེ་མངོན་འགྱུར་འབྱུང་ངེས་ལ། རྒྱར་གར་ལ་ཐོན་རྗེས་དོན་དག་གི་བྱུང་ཆ་ཚང་ཕ་མ་གཉིས་ལ་གསལ་བོ་ཞིག་བཤད་དགོས་སྙམ། དེ་ལྟར་སྒུག་གྱིན་སྒུན་གྱིན་ཆུ་ཚོད་ལྔ་བར་ཐོན་སོང་། ཡིན་ཡང་ཁོ་གཉིས་ལ་གྲག་འགུལ་ཅི་ཡང་མི་འདུག ང་ཡང་སྒུག་ཚོད་མེད་པར་ཐད་ཀར་གཉིས་ཐོག་གི་ཁོ་གཉིས་འདུག་སུའི་སྒོ་ཁར་སོང་། བློ་ཡིད་ལས་འདས་པ་ཞིག་ལ་ཁོ་གཉིས་གར་སོང་ཆ་མེད་དུ་གྱུར། མགྲོན་བདག་གིས་བཤད་ན་ ༼ཁོ་གཉིས་ཆུ་ཚོད་བཅུ་གཉིས་གཡས་གཡོན་སུ་བུད་སོང ༽་ཟེར། ཏག་ཏག་སྐབས་དེ་ང་རང་གི་རྣ་ལའང་ཡིད་ཆེས་མེད་པར་སྐྲག་སྣང་ཚད་མེད་སྐྱེས། ད་ནི་ངས་མིག་ཆུ་ཕུལ་རྒྱུ་ལས་འུ་ཐུག་ཐབས་ཟད་ངང་བརྟེན་ས་ཆགས་ས་མེད་པར་གྱུར།

སྟབས་ལེགས་པ་ཞིག་ལ་བླ་བྲང་ཕྱོགས་ཀྱི་མཇལ་བ་རྒན་རྒོན་གཉིས་དང་འཕྲད་དེ་གནས་འདིར་ཡོང་བ་ཡིན། ཡིན་ནའང་ངས་ཕ་མ་གཉིས་ལ་ངའི་གནས་བབ་འདི་ཇི་ལྟར་བཤད། ང་ཁོང་གཉིས་ལ་མཇལ་རྒྱུའི་སྤོབས་པ་ར་སེམས་ཤུགས་གང་ན་ཡོད། དེ་བཞིན་དུ་ངས་རང་ཉིད་ཡུལ་ལ་ལོག་རྒྱུའི་ཐོབ་ཐང་མེད་པ་གཞི་ནས་ཤེས། དེ་བས་ངས་རང་གི་ལ་རྒྱ་ར་དམིགས་འདུན་ཡོད་ཚད་དོར་ནས་སྨད་འཚོང་མ་བྱེད་རྒྱུ་ཐག་གིས་བཅད།

ཁོ་ནི་ང་སྨད་འཚོང་མ་བྱས་ནས་བསུས་པའི་མགྲོན་པོ་ཐོག་མ་ཡིན། ངས་དང་ཐོག་ཁོ་རང་མཐོང་དུས་གསར་བུ་མགོ་སྟོང་ཞིག་གི་སྣང་བརྙན་འཆར་འོང་། སྐྲ་ལོ་རིང་བོ་ཞིག་སོག་སྲུབ་ལ་ཐུག་འདུག་ལ། མིག་ཤེལ་ནག་པོ་ཞིག་ཡར་ཐོད་ཀྱི་སྐྲ་གསེང་དུ་གསེབ་ཡོད། ཁོག་སྟོད་ནག་པོ་དེའི་འཐེན་སྒྲོག་རྩ་ལ་འཐེན་ཏེ་ན་མེ་དེ་ཡོངས་བཏུམས་འདུག རས་ལྷམ་ནག་པོ་ཞིག་གི་སྟེང་དུ་རྫི་དོར་སྔོ་ནག་ཅིག་གི་སུག་བཀྱགས་ཡར་བརྫེས་ནས་རྐང་འབོབ་དཀར་བོ་དེའང་གསལ་མཐོང་ཐུབ།

ང་འཇིགས་ཤིང་སྐྲག་བཞིན་སྙིང་ཆུང་དམར་བོ་དེ་ལོྷག་ལྷོག་ཁ་ནང་ནས་ཕྱི་ལ་ལྡིང་ལ་ཁད། གང་ལྟར་ང་ལམ་ཕྱོགས་འདིར་ཞུགས་ཟིན་པས་ངས་ཡོད་ཚད་དང་ལེན་མི་བྱེད་ཐབས་མེད་ཡིན། དེ་བཞིན་དུ་ངས་རང་གིས་རང་ལ་བདེན་ཁ་ཇི་ལྟར་བསྩལ་ཡང་མིག་ཆུ་དེ་རང་བྱུང་གི་ཆུ་མིག་བརྡོལ་བ་ལྟ་བུ་གྱུར། ཡིད་ལའང་དྲན་དཀའ་བ་ཞིག་ལ་ངའི་མིག་ཆུ་དེས་ཁོའི་སེམས་པ་ཡོངས་སུ་སྒུལ་ཏེ་སྲ་མཁྲེགས་ཀྱི་སེམས་པ་དེ་རྩ་བ་ནས་རྙི་མོ་གྱུར་ཞིང་། ད་དུང་ང་ལ་སེམས་གསོ་དང་རང་ལ་ཡིད་ཆེས་བྱེད་སྟངས། ལྷག་པར་དུ་དོན་རྐྱེན་གང་ལ་འཕྲད་ཀྱང་རང་ཉིད་བོར་མི་ཉེན་པའི་གནས་ལུགས་མང་བོ་ལབ། དེ་ནི་སྡུག་བསྔལ་གྱི་ཁྲོད་ན་འཕག་འཚག་བྱེད་བཞིན་པའི་ང་ལ་མཚོན་ན་དུས་ཐོག་ཆར་བ་མིན་ན་ཅི་ཡིན། དེ་བས་ངས་ན་ཟུག་གིས་མནར་བའི་མགོ་བོ་དལ་བར་ཁོ་བོའི་བྲང་ཁར་བསྙེས་གྱིན་ང་སྨད་འཚོང་ཁང་དུ་དུས་ཚོད་སྐད་ཆ་གཅིག་ལའང་འདུག་དགོས་པའི་རྒྱུ་མཚན་ཅི་ཡང་མ་རྙེད།

ཁག་གསུམ་པ།

ང་ཉིན་བཅོ་ལྔ་ལྷག་གི་རིང་ལ་བྱ་མ་སྣ་མང་ཞིག་གི་དབང་གིས་ཕྱིར་སློབ་གྲྭར་ལོག་མ་ཐུབ། ཡིན་ནའང་ཉིན་དེ་དག་གི་རིང་ལ་ངའི་མིག་ལམ་ནས་ཁོ་མོའི་བག་ཡངས་དང་ཞི་དུལ་གྱི་སྣང་བརྙན་དེ་གཏན་ནས་ཡལ་ཐབས་མ་མཆིས། ལྷག་པར་དུ་མཚན་མོ་རེ་རེར་མགྲོན་པོ་མང་བོ་བསུ་བཞིན་ཡོད་འདོད་ན་དབང་མེད་དུ་སྙིང་རླུང་སྟོད་ལ་འཚང་ཡོང་། དེ་བས་ང་ཕྱིར་སློབ་གྲྭར་ལོག་ཁར་ཆེད་དུ་ཁུལ་ཐོག་ཏུ་ཁོ་མོར་ལྟ་རུ་སོང་། ང་རླངས་འཁོར་ལས་བབས་མ་ཐག་ཐད་ཀར་སྨད་འཚོང་ཁང་དུ་སོང་སེྟ་སྦྱིན་བདག་མ་ལ་ ༼ལྔ་བཅུ་ཅན་གྱི་བུ་མོ་དེ་ནང་ན་ཨེ་ཡོད་ཀི ༽་ཅེས་དྲིས། སྦྱིན་བདག་མས་ངོ་ལ་འཛུམ་ཞིག་ལང་བཞིན་ཁོ་མོ་བུད་སོང་ཟེར། དེ་མ་ཐག་ངས་ངག་ཐན་ཐུན་ངང་ ༼ནམ་བུད་སོང ༽་ཅེས་དྲིས། སྦྱིན་བདག་མས་ ༼ཁྱེད་འདིར་ཡོང་བའི་མཚན་མོ་དེའི་ཕྱིར་ཉིན་མོ་བུད་སོང ༽་ཟེར། ངའི་སེམས་ལ་ང་གང་ཞིག་ཏུ་ཁོ་མོ་འཚོལ་དུ་འགྲོ་སྙམ་བཞིན། ཁ་ཕྱིར་འཁོར་ནས་འགྲོ་གྲབས་བྱེད་སྐབས་སྦྱིན་བདག་མས་མདུན་གྱི་འཐེན་སྒམ་ནང་དུ་ཤོག་བུ་དཀར་བོ་ཞིག་བླངས་ནས་དེ་ང་ལ་སྟེར་ཞོར་ ༼འདི་ཁོ་མོས་ཁྱེད་ལ་བཞག་ནི་རེད༽་ཟེར། ངས་ལག་པ་འདར་གྱིན་ཤོག་བུ་དེའི་ཁ་ཕྱེ་ནས་བལྟས་དུས་མིག་ལམ་དུ་སྣང་བ་ནི་སྒྲོལ་མ་འཚོ་ཅེས་པའི་མིང་ཡིག་འདི་དང་གཅིག་ལྔ་དྲུག་ཅན་གྱི་སྐད་འཕྲིན་ ༿We chat ༾ཨང་གྲངས་འདི་རེད། དེ་མ་ཐག་ངའི་སེམས་པའི་སྟེང་འོག་ཀུན་ཏུ་བདེ་སྐྱིད་ཀྱི་རྩ་བ་འབུས་ཤིང་ཡ་ཁ་ར་མ་ཁ་འདར་རྒྱུ་ཞིག་ཡོང་བཞིན་རང་བྱུང་གི་འཛུམ་མདངས་ལྷོད་མོ་ཞིག་གདོང་ལ་འཁྱུག་གོ།།

ལྡོང་རྦ་རླབས་ཀྱིས།