དེ་དུས ཁོ་ནི་ལང་ཚོས་བཞེངས་པའི་དཔའ་རྟུལ་ཞིག
ཁོའི་མདུན་ལྗོངས་སུ་གསལ་ཞིང་འཚེར་པ་ནི་འགྲོ་ལམ་ཡིན
ཁོའི་རྨི་ལམ་དུ་གཏན་ཞིང་བརླིང་བ་ནི་པོ་ཏི་བརྩེགས་པ་ལྟ་བུའི་མི་ཚེ་འཆར་འགོད་ལགས

དེ་ནི་དུས་ཚིགས་གང་ཞིག་གི་གནམ་གཤིས་ཇི་འདྲ་བ་ཞིག་གི་འོག
མི་ཚོགས་ཀྱིས་བཀང་བའི་མི་ཡུལ་འདིས་དེ་ལ་ཁ་ཡ་བྱེད་མི་སྲིད
གཟུགས་མེད་ཀྱི་རྨ་ཁས་བཀང་བའི་རྨས་མ་ཞིག
རྨས་མའི་འཇིག་རྟེན་གྱི་གྲུ་ཟུར་གང་ཞིག་ནས་ནར་གྱིས་ཐོན་པའང་སུ་ཞིག་གིས་ཚོར་སྲིད

ཁོ་ནི་དེ་ལྟར་ཅི་ཡིན་འདི་ཡིན་མེད་པར་མི་ཡུལ་གྱི་རྨ་ཁའི་ནད་ཀྱིས་རྨས
ཁོས་ཀྱང་དེ་ནས་འདས་མ་ད་ལྟའི་རང་ཉིད་གཙང་བཙོག་བར་མ་དེ
ན་བུན་འཐིབས་པའི་མཚན་མོ་གང་ཞིག་ལ་རྒྱང་ཕུད་དུ་བཏང

གཏམ་རྒྱུད་ཅིག་དེ་ལྟར་མཇུག་བསྡུས་ཤིང་དེ་ལྟར་འགོ་བརྩམས

གོ་ཐོས་སུ་ཁ་སང་དེ་རིང་གི་ཚ་བ་ཆེ་བའི་ཉིན་མོར་འདིར
ཁོས་གཡུགས་ཟིན་པའི་རང་ཉིད་གཙང་མ་དེ་རྨི་ལམ་གྱིས་འཚོལ་སྐད
བོར་ཟིན་པའི་རང་ཉིད་རྨས་མ་དེ་ཁོས་ནམ་ཞིག་ལ་འཚོལ་བར་འགྱུར

ཁོ་རྨས་ཡོད རྨས་ཟིན་པས་ཁོས་རང་ཉིད་ཡེ་ནས་རྙེད་ཀྱིན་མི་འདུག

༢༠༡༤ལོའི་ཟླ༨པའི་ཚེས༡༩ཉིན