སྔོན་དུས་ཙ་ན་འབྲོག་ཁྱིམ་ཞིག་གི་ལུག་ཁྱུའི་གྲས་ན་ཟླ་གཅིག་ཉིན་གཅིག་ཡུན་གཅིག་ལ་བཙས་པའི་ལུ་གུ་མཚེས་མ་ཞིག་ཡོད་ཅིང་ལུ་གུ་དེ་གཉིས་ཕན་ཚུན་ལ་ཧ་ཅང་བརྩེ་བ་མ་ཟད་ན་ཟླ་རྣམས་ལ་འཆམ་ཞིང་རང་ལས་ཆེ་བ་ལ་བཀུར་བསྟི་མཆིས་པའི་ཡ་རབས་ཤིག་བདོག་པ་རེད། དེ་བས་ལུག་ཁྱུ་དེས་ཁོ་བོ་གཉིས་ལ་ཧ་ཅང་ནས་གཅེས་སྐྱོང་གནང་གིན་ཡོད་ཅིང་ཁྱིམ་བདག་གིས་ཀྱང་ཧ་ཅང་དགའ་བོ་བྱེད་པ་རེད།
ལུ་གུ་དེ་གཉིས་ཀྱིས་ཉིན་པར་ཕན་ཚུན་ལ་སྒྲུང་རབས་བཤད་རེས་ཉན་རེས་བྱས་ནས་ལུག་ཁྱུའི་རྗེས་དེད་དེ་རྩྭ་ཁ་སྙེགས་ཀྱིན་ཡོད་ཅིང་དེ་ནི་ཁོ་རང་གཉིས་ཀྱིས་ཆེས་སྒྲུབ་འདོད་པའི་བྱ་བ་ཉིད་ཅིག་ཡིན་གཤིས་སྐབས་འགར་སྒྲུང་རབས་ནང་དུ་མགོ་འཁོར་ནས་ཨ་མ་མ་མོ་དང་ལུག་ཁྱུའི་རྗེས་མ་ཆོད་པར་བོར་བའི་གནས་ཚུལ་ཡང་འབྱུང་གིན་ཡོད་མོད་ལུག་རྫི་ནི་མི་ཞིབ་མོ་ཞིག་ཡིན་སྟབས་ཁོ་རང་གཉིས་ཀྱིས་དེ་འདྲའི་པྲ་ཚག་བྱེད་དུས་ཏ་ལེན་དུ་བཅུག་ནས་རྟ་གོང་དུ་འཕངས་སྟེ་ཆད་པ་གཅོད་ཀྱིན་པས་སུས་ཀྱང་ཁོ་རང་གཉིས་ཀྱི་བདེ་འཇགས་ལ་སེམས་ཁུར་བྱེད་དགོས་ཀྱིན་མེད།
རི་ལུང་ཀུན་སྨུག་པས་བཏུམ་ཞིང་ཆར་བ་ཟམ་ཟིམ་འབབ་པའི་ཉིན་ཞིག་གི་ཞོགས་པར་ཁོ་རང་གཉིས་སྔར་བཞིན་དེ་ལྟར་ལུག་ཁྱུའི་རྗེས་སྙེགས། ལམ་ལ་ཆས་ཁར་ཨ་མ་མ་མོས〝ཁྱེད་གཉིས་ཀྱིས་མཉམ་ཞོག་སྨུག་པའི་ནང་ནས་ལྷག་པར་མགོ་འཁོར་ཉན་མ་རེད་ངེས་པར་ཨ་མའི་རྗེས་ཐེད་ལ་ལུག་ཁྱུའི་རྗེས་ཆོད་པར་བྱོས〞ཞེས་སྐུལ་ཞིང་ཉིན་པར་ལམ་ལ་འབུད་ཁར་དེ་ལྟའི་བསླབ་བྱ་རེ་གནང་གིན་ཡོད་པ་རེད། དེ་ཉིན་ཁོ་རང་གཉིས་ཀྱི་བརྗོད་གཞི་ནི་སྒྲུང་རབས་མིན་པར་མདང་དགོང་ཉལ་ཁར་ཨ་མའི་གསུང་བའི«མེས་པོའི་རྟོགས་བརྗོད»ལས་བྱུང་བའི་སྤྱང་ཀིའི་གདུག་རྩུབ་ཀྱི་ལག་ངར་དང་སྔོན་རབས་པས་དེ་ལ་ཇི་ལྟར་ངོ་རྒོལ་བྱས་ཚུལ་གྱི་དཔའ་བོའི་མཛད་རྣམ་དེ་ལ་དཔྱད་བརྗོད་སྤེལ་བཞིན་པ་སྟེ〝སྤྱང་རྒན་གྱིས་དེ་ལྟར་བྱས་ན་ངས་འདི་ལྟར་བྱེད〞པའི་གླེང་གཞི་ཡིན་ཞིང་ཁོ་བོ་གཉིས་དེའི་སྟེང་ལ་དྲན་པ་འདྲེས་ནས་ས་ཆ་གང་ལ་འགྲོ་བཞིན་པ་དང་ཐོན་ཡོད་པ་ཡེ་ནས་མི་ཚོར་བའི་ཚད་ལ་ཐོན། ཉིན་དེར་མི་མང་འདུ་འཛོམས་ཤིག་གི་དབང་གིས་ལུག་རྫི་ལུག་རྫི་ལ་ཡོང་མ་ཐུབ་པར་ལུག་རི་རྒྱག་བྱས་ནས་གནས་དེར་ཕྱིན་ཞིང་ཨ་མ་མ་མོ་དང་མཛའ་བོའི་བར་ལའང་དོན་དག་རེ་བྱུང་བས་མོ་ཡང་དེའི་དོན་ལ་སེམས་རྣལ་དུ་གནས་ཐུབ་ཀྱིན་མེད་པའི་གནས་བབ་འོག་ཁོ་རང་གཉིས་ལ་ཁ་ཡ་བྱེད་མཁན་ཞིག་ཡེ་ནས་མེད་པར་གྱུར། ཕྱི་དྲོ་ལུག་ཁྱུ་ལྷས་ལ་འཛོམས་དུས་གཟོད་ཨ་མ་མ་མོས་རང་གི་ཞི་ལུ་གཉིས་ཀ་ཡུལ་ལ་སླེབས་མེད་པ་ཚོར་ནས་མིག་ཆུ་གཏོར་ཞིང〝ང་ལད་པ་ཡིན〞ཞེས་ཞི་ལུ་གཉིས་ཀྱི་མིང་ནས་བོས་ཏེ་ལ་རྒྱུགས་ལུང་རྒྱུགས་བྱས་པ་དང་ལུག་རྫིས་ཀྱང་དོན་དག་ཅི་བྱུང་རྟོགས་ནས་རྟ་ཞོན་བོའུ་ཁུར་སྒོ་ཁྱི་ཁྲིད་ནས་ལུ་གུ་འཚོལ་བར་ལམ་ལ་བུད།
ལུ་གུ་དེ་གཉིས་དེ་ལྟར་ཅི་ཡིན་འདི་ཡིན་མེད་པར་འགྲོ་བཞིན་པའི་སྐབས་གློ་བུར་སྔུན་ནས་རྣ་བ་ཡར་ལ་སློང་བའི་སྲོག་ཆགས་ཆ་མེད་ཅིག་དང་ཕྲད་ཅིང་ས་ཆའང་ཆ་མེད་ནག་དགུ་ཞིག་ལ་ཐོན་ཡོད་པ་རེད། བན་དགར་འབོད་པའི་ལུ་གུས་སྣང་ཚུལ་དེ་མཐོང་བ་དང་དགའ་ཐག་ཆོད་དེ〝ཨ་ཁུ་རྟ་མཆོག་དང་ཨ་ནེ་འབྲི་མོའི་ཡང་ནའང་འདི་འདྲིའི་ང་ཚོ་དང་འདྲ་བའི་སུག་བཞི་རེ་ངོ་མ་ཡོད་འདུག དེ་རིང་ངའི་མཐོང་རྒྱ་བསྐྱེད་སོང〞ཞེས་ཐལ་མོ་རྡེབ་བཞིན་གནམ་ལྡིང་ས་ལྡིང་བྱས། ཚེ་དགར་འབོད་པའི་ལུ་གུའི་སེམས་ལ〝ཨ་མས་རྒྱུན་པར་སུག་བཞི་ཡོད་ཚད་བཟང་བོ་མིན། རྐང་གཉིས་ཡོད་ཚད་ངན་པ་མིན་གསུང་གིན་པ་རེད་པས་གཅིག་བྱས་ན་དེ་རིང་འདིར་ཕྲད་པ་ནི་ངག་རྒྱུན་ཁྲོད་ཀྱི་སྤྱང་ཀི་ཟེར་བའི་གཏུམ་པོ་དེ་ཡིན་ན་ཁྲིགས་ཁྲིགས་མེད〞སྙམ་བཞིན་ཡིད་མ་བདེ་མོད་ཅིི་མི་སྙམ་པའི་ཚུལ་གྱིས་མདུན་གྱི་སྲོག་ཆགས་དེ་ལ〝ཁྱོད་སུ་ཡིན〞ཞེས་དྲིས། སྤྱང་ཀིའི་སེམས་ལ〝ཁོ་བོ་ཡང་བཟང་ན་ངན་ན་བོས་ན་མིང་ཡོད་ཅིང་བགོས་ན་སྐལ་ཡོད་པའི་སྐུ་སྲས་ཞིག་ཡིན་པས་འདི་འདྲའི་ཤེད་མེད་རྙི་ཤའི་ཁ་ཟས་ལ་བསྟེན་བཞིན་པ་ན་ཟླ་ཚོས་ཐོས་ན་ཏག་ཏག་ངོ་ཚ་ཡིན་ལ་ཡང་རང་དགར་ལུ་གུ་འདི་གཉིས་བཏང་ན་མེས་པོའི་རྩ་དོན་དང་འགལ་བས་ད་ཅི་བྱས་ན་འགྲིག〞སྙམ་བཞིན་ལུ་གུ་གཉིས་ལ་ངག་འཇམ་པོས〝འོ་ན་སྙིང་རྗེ་བའི་སྲོག་ཆགས་ཁྱེད་གཉིས་སུ་ཡིན〞འདྲི་ཞོར་ཀླད་པར་འདི་གཉིས་ཇི་ལྟར་ཐག་བཅད་ན་བཟང་མིན་གྱི་སྐོར་ལ་འདང་བརྒྱབས་ནས་མགོ་བོ་འཕྲུག་འཕྲུག་བྱས། སྐབས་དེར་ལུ་གུ་སྤུན་གཉིས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས〝མགོ་བོའི་ཐོག་ན་རྭ་ཞིག་ཡོད།། བཙན་པོ་ལུག་གི་རྒྱུད་པ་ཡིན།། ལུས་ལ་ཨ་འཇམ་ཚལ་དཀར་གོན།། འཇམ་པོ་ལུག་གི་རྒྱུད་པ་ཡིན།། ཞི་དྲག་རྩལ་སྣ་ཀུན་ཚང་བའི།། མིང་ཆེན་ལུག་ནི་ངེད་གཉིས་མེས།། གོ་ན་སྐད་ཀྱིས་སྨྲས་ནི་ཡིན།། མ་གོ་གླུ་ཡིས་འཕྱས་ནི་ཡིན།།〞ཞེས་ལན་བཏབ། སྤྱྔང་ཀི་བགོད་བཞིན་དུ་ཀླད་པར〝འདི་གཉིས་བཟུང་ནས་ཐད་ཀར་ཡུལ་ན་ཁྲིད་ན་ཕ་མ་གཉིས་ཀྱི་ངོ་ལ་ལྟ་ཚུལ་ཞིག་མི་སྣང་བས་ཐོག་མར་མཛའ་མོ་ཚང་ནས་གསོས་ཏེ་ལག་ཆགས་ན་གཟོད་ཕ་མ་གཉིས་ཀྱི་གམ་ལ་ཁུར་ནས་རང་ཉིད་བདེན་དཔང་ཞིག་བྱས་ན་ཤིན་ཏུ་ནས་བཟང་བོ་འདུག〞སྙམ་སྟེ〝ང་སུ་ཡིན་ནི་དེ་འདྲའི་གལ་ཆེན་པོ་ཞིག་མ་རེད། ངའང་ཁྱེད་གཉིས་ཀྱི་ན་ཚོད་འདི་བརྒྱུད་ནས་ཡོང་བ་ཡིན། ལོ་ཚོད་འདིར་ཆེས་སྐྱིད་པ་ནི་གཏམ་རྒྱུད་ལ་ཉན་རྒྱུ་དེ་ཡིན་ཞིང་ཆེས་སྨིན་ན་འདོད་པ་ནི་གཏམ་རྒྱུད་ཁྲོད་ཀྱི་ཆེས་མཛེས་པའི་ཡུལ་དངོས་དེ་དག་ཡིན། བདག་ལ་ཀུན་དང་མི་འདྲ་བའི་ནུས་མཐུ་ཞིག་ཡོད་མོད་དེ་ནི་བདག་ལ་དེ་འདྲའི་སྤྱོད་སྒོ་ཆེ་བའི་རྩལ་ནུས་ཞིག་མ་རེད། འོན་ཀྱང་དེས་ཁྱེད་གཉིས་ཀྱི་རེ་འདུན་ཆུང་ཆུང་དེའི་རིགས་ལས་སླ་མོས་འགྲུབ་ཐུབ་པ་ཡིན། ཁྱེད་གཉིས་ཀྱིས་སོ་སོའི་རེ་བ་དོན་སྨིན་ཡོང་དགོས་འདོད་ན་ཐོག་མར་ངའི་རྗེས་ལ་ཤོག〞ཟེར་བཞིན་རིའི་གདོང་ཁར་འཁོར་ནས་འགྲོ་གྲབས་བྱས། ལུ་གུ་དེ་གཉིས་ཀྱིས་ཡང་བསྐྱར་མ་གྲོས་རང་མཐུན་གྱིས〝ངེད་གཉིེས་ཀྱིས་སྤྱང་ཚོགས་ཕམ་པར་བཏང་ནས་མེས་པོའི་ཚོའི་མཛད་རྣམ་ལ་ཐོད་རྒལ་གྱི་ཟིན་ཐོ་འགོད་འདོད〞ཅེས་སྨྲས་པར་སྤྱང་ཀི་མྱུར་མོར་ཕྱིར་འཁོར་ནས〝མྱུར་མོར་ངའི་རྗེས་སུ་འབྲོངས། དེ་ལས་སླ་བའི་རེ་འདུན་ཞིག་མི་འདུག〞ཅེས་སྨྲས་པར་ལུ་གུ་སྤུན་གཉིས་ཡིད་ཆེས་ཏེ་ཁོའི་རྗེས་དེད་ནས་ཕྱིན།
སྤྱང་ཀིས་སྨྲས་པ། 〝ཁྱེད་གཉིས་ཀྱིས་ཐོག་མར་འདིའི་སྒོ་རྩ་ནས་ཏོག་ཙམ་སྒུག ང་སོང་ནས་ལྷའི་ཕོ་ཉར་ཁྱེད་གཉིས་ཀྱི་གནས་ཚུལ་ཡར་ཞུ་བྱས་ནས་རེ་བ་མྱུར་འགྲུབ་ཡོང་བའི་གསོལ་བ་འདེབས། ཡིད་ལ་ཟུངས། གནས་འདི་ནས་གཡོ་འགུལ་ཙམ་ཡང་བྱེད་མི་ཉན་མ་གཏོགས་འབད་པ་ཡོངས་རྫོགས་ཆུད་ཟོས་སུ་བུད་འགྲོ〞པར་སྨྲས་ནས་བྱང་ཆ་ལྡན་པའི་ངང་ཉིས་ཐོག་ཏུ་མཆོངས་སོང་། སྐབས་དེར་ཚོར་བ་ལྐོག་གྱུར་བ་ཞིག་གི་དབང་གིས་ལུ་གུ་སྤུན་གཉིས་ལ་ཨ་མ་དྲན་པའི་གདུང་བ་ཟབ་མོ་ཞིག་ཐོན་ཞིང་ལུག་ཁྱུའི་གྲས་ཀྱི་འདས་དོན་མང་བོ་ཞིག་ཡིད་ལ་རེ་རེ་བཞིན་འཁོར། དེ་མཚུངས་ལུ་གུ་སྤུན་གཉིས་ལའང་ཉེན་ཁའི་སེམས་ཁམས་ཤིག་རང་དབང་མེད་པར་སྐྱེས། ལུ་གུ་བན་འགའ་ནི་ཤིན་ཏུ་ནས་པྲ་ཆལ་ཞིག་ཡིན་པས་ཁ་རེག་གེར་སྐས་ཐེམ་བརྒལ་ནས་ནང་ན་ཅི་ཞིག་བྱེད་ཀྱིན་པར་ལྟ་རུ་སོང་། བློ་ཡུལ་ལས་འདས་པ་ཞིག་ལ་ཁང་བ་ནི་བྲག་ཁུང་ཞིག་ཡིན་ཞིང་དེའིེ་ནང་དུ་རྟ་ནོར་ལུག་སོགས་ཀྱི་བེམ་རོས་བཀང་ཞིང་དམར་དྲི་འབབ་ཞིག་ཁྱབ་ཀྱིན་པ་མ་ཟད། ཅུང་ཟད་ཐག་རིང་བའི་གཏིང་ཞིག་ན〝སྙིང་ཉེ་མ། ཁོ་མ་ཆད། ཤ་ཤེད་བུད་པ་དང་ཁོ་གཉིས་ཟངས་ངར་བཙོས་ནས་འུ་གཉིས་ཀྱིས་ལོངས་སྤྱོད་པར་བྱ〞ཟེར་བའི་སྒྲ་ཞིག་བྲག་ཅར་མཆེད་པ་ཐོས་རྗེས་ཁོ་རང་དངངས་ཤིང་འདར་བཞིན་བྱ་འཕུར་བ་བཞིན་ཕྱིར་ལོག་ཅིང་གནས་ཚུལ་ཐམས་ཅད་ཚེ་དགའ་ལ་བཤད། ལུ་གུ་ཚེ་དགར་སྔ་མོ་ནས་དེ་འདྲའི་དོགས་པ་ཞིག་སྐྱེས་ཡོད་ཐོག་སེམས་ལ་དང་མ་ནས་གྲ་སྒྲིག་ཅིག་ཡོད་པ་ནི་རང་སྲོག་བློས་བཏང་རྒྱུ་དེ་རེད། དེ་བས་ཅི་མི་སྙམ་པར་སེམས་རྣལ་དུ་བབ་ནས་སྤྱང་ཀིར་ཇི་ལྟར་རྒོལ་བའི་སྐོར་ལ་བསམ་བློ་བཏང་ནས་བསྡད། ལུ་གུ་བན་དགར་རོགས་པས་ཨ་ལན་ཅི་ཡང་མ་བྱིན་པས་སེམས་སུ〝ཁོ་ནི་སྐྱག་ཤོར་ཞིག་རེད། དོན་དག་དངོས་ཧ་གོ་ན་ཁ་ཡང་གྲག་མི་ཐུབ་པས་མྱུར་མོར་རང་ཐད་ནས་ཐབས་ཤིིག་འཐེན་ནས་རང་གཉིས་ཐར་ཐབས་ཤིག་བཙལ་ན་འགྲིག་སྙམ་པ་དང་ཁོ་ལ་འུ་གཉིས་འབྲོ〞ཞེས་པར་ལུ་གུ་ཚེ་དགས་མགོ་བོ་གཡུགས་བཞིན〝འུ་གཉིས་ལ་གོ་སྐབས་དེ་མི་འདུག་གལ་སྲིད་ཡོད་པའི་དབང་དུ་བཏང་ན་འུ་གཉིས་ཀྱིས་རང་ཡུལ་དུ་སྙེགས་པའི་ལམ་མི་ཤེས། ད་ནི་བློ་ཐག་རྦད་ཆོད་ཀྱིས་དངོས་དོན་གྱི་རྗེས་རབས་པ་ལ་རྒྱ་ཅན་ཞིག་བྱེད་རན་དུ་ཐོན་ཟིན། འུ་གཉིས་ཚེ་རབས་ནས་ཚེ་རབས་སུ་ཕ་མ་གཅིག་གི་སྤུན་ལ་སྐྱེ་བར་ཤོག〞ཅེས་དཔའ་ངར་དང་སྐྱོ་གདུང་འདྲེས་མའི་གྱེས་ཚིག་དེ་ལབ་པར་ལུ་གུ་བན་འགས〝མིན། མིན། དེ་འདྲའི་ཚད་ལ་ཐོན་མེད〞ཞེས་ཆོ་ངེ་འདོན་བཞིན་པའི་ཐོག་སྤྱང་ཀིའང་སྨྱོ་ཧམ་ཆེན་པོས་ཐོན་ཞིང་ཁོ་རང་གཉིས་ཐག་པས་བསྡམས་ནས་བྲག་ཁུང་དུ་དྲུད་ཅིང་བྲག་ཁུང་དེའི་ཡང་ཕུགས་ཀྱི་ལོགས་ཤིག་ལ་འཕངས་ནས〝སྐབས་འགར་དོན་དངོས་ནི་རྨི་ལམ་ཡིན། རྨི་ལམ་ནི་དོན་དངོས་ཡིན། དེ་ན་འདི་ནི་དོན་དངོས་ཡིན་ཁྱེད་གཉིས་ཀྱིས་འདི་ནི་རྨི་ལམ་ཞིག་ལ་སྒོམ་རྒྱུ་ངའི་རེ་བ་ཡིན། རྒྱུ་མཚན་ཁྱེད་གཉིས་དངོས་ནས་སྙིང་རྗེ་བོ་བདོག〞ཟེར་བཞིན་ང་རྒྱལ་དང་བཅས་འགྲོ་གྲབས་བྱེད་སྒང་ལ་ལུ་གུ་བན་འགས་གུས་པ་དང་བཅས〝ཏོག་ཙམ་སྒུག རླབས་ཆེན་མི་ལ་མིག་རྒྱང་རིང་།། མིག་རྒྱང་གཅིག་གིས་ས་ཆེན་འགེབས་ཟེར་སྲོལ་ཡོད་རེད། ངས་བསམ་ན་ཨ་ཇོ་ཁྱེད་ཀྱིས་ཀྱང་ཕྱུག་པོ་ཚང་གི་ལུག་ཁྱུ་དེ་རྨི་ལམ་དུ་མ་རྨིས་པ་མི་སྲིད། དེ་བས་འུ་གཉིས་ཀྱིས་ཚོང་ཞིག་རྒྱག ཚོང་ནིེ་ངས་ཁྱོད་ལ་ལུག་ཁྱུ་དེ་ཡོད་སར་འཁྲིད་རྒྱུ་བྱེད། ཁྱོད་ཀྱིས་ངེད་གཉིས་གཏོང་རྒྱུ་བྱས། ཇི་འདྲ་རེད〞ཅེས་པར་སྤྱང་ཀིའི་ཀླད་པར〝མ་རྩའི་བལ་ལ་ཁེ་སྤགས་ལུག་ཐོབ་ཟེར་བ་ནི་འདི་རེད། འདི་ལྟར་བྱས་ན་གཅིག་ནས་རང་ཉིད་བདེན་དཔང་བྱེད་ཐུབ་པ་དང་གཉིས་ནས་མཛའ་མོའི་ཁ་གཅོད་ཐུབ་པ། གསུམ་ནས…….〞སྤྱང་ཀི་དགའ་ནས་དེ་ལྟར་བྱེད་རྒྱུ་ཐག་བཅད། ལུ་གུ་ཚེ་དགའི་སེམས་ལ〝ཁོ་ནི་འདི་འདྲའི་སྐྱག་གཟན་ཞིག་ཡིན་པ་ཞེ་སེམས་པར་མ་དྲན་མོད་གང་ལྟར་ཁོས་འདི་ལྟར་སྒྲུབ་འདོད་ཀྱང་འགྲུབ་ཐུབ་པ་ནི་མི་སྲིད་པས་ཁོའི་བསམ་མནོ་བྱེད〞འདོད་བཞིན་ཁ་རེག་གེར་སྐབས་ལ་སྒུག་ནས་བསྡད།
ཁོ་ཚོ་དེ་ལྟར་སྤྱང་ཀི་ལུ་གུའི་རྗེས་འབྲངས་ལུ་གུ་གཉིས་ཀ་ཁ་ཕྱོགས་ངེས་མེད་དུ་བདག་པོ་དང་ཕྲད་པར་སྨོན་ལམ་འདེབས་བཞིན་བསྐྱོད་སྒང་ཞིག་ལ་ཏག་ཏག་མདུན་ནས་ལུག་རྫི་དང་ཕྲད་ཅིང་ལུག་རྫིའི་བོའུ་རྡེའུ་གཅིག་གིས་སྤྱང་ཀིའི་རྐང་བ་རྨས་པ་དང་ལུ་གུ་གཉིས་བསྐྱབས་ཤིང་རང་གི་སྲོག་རྩར་བསྡུས་ནས་ཕྱིར་རང་ཁྱིམ་དུ་ལོག་གོ།
༢༠༡༤་༨་༢༢ཉིན་གྱི་མཚན་མོར།