ཞིང་བ་ཚོས་སྟོན་བསྡུས་ནས་ལེགས་པར་གྲུབ་ཅིང་ང་ནི་སེར་ཡུག་ཡུག་གི་ཤལ་འགྲམ་གང་ཞིག་ནས་ཁྱོ་ག་དང་བྱིས་མོར་འཕྲད་འདོད་ཀྱིས་ཤིང་ཟམ་དེར་སྙེགས་ནས་འཚབ་འཚུབ་བྲལ་བྲེལ་གྱིས་མདུན་དུ་བསྐྱོད་ཀྱིན་ཡོད། སྐབས་དེར་ངའི་ཕྱི་རྒྱབ་ལ་སུ་ཞིག་གིས་རེག་ཙམ་རེག་ཙམ་རེ་བྱེད་པའི་ཚོར་བ་རེ་བསྟུད་མར་བྱུང་མོད་ཕྱིར་མིག་སློག་ན་ཀ་བ་སྦོམ་པོ་གཉིས་ཅུང་ཟད་གཡོ་འགུལ་བྱེད་པ་ལས་ཅི་ཡང་མི་སྣང་བས་ངས་རེག་ཟུག་དེ་ལ་ཁ་ཡ་མ་བྱས་ཤིང་སེམས་སུ་ང་ནི་ཤི་ནས་ལོ་ངོ་འདི་འདྲའི་མང་བོ་ཞིག་འགོར་བས་གནས་འདིར་ང་ངོ་ཤེས་མཁན་མེད་སྙམ། དེ་མཚུངས་ངའི་སེམས་སུ་ང་ནི་སྐྱེས་ནས་ལོ་ངོ་འདི་འདྲའི་མང་བོ་ཞིག་འགོར་ཡང་རང་གི་ཁྱོ་ག་དང་བྱིས་མོའི་བྱད་གཟུགས་རྩ་ནས་དེ་རིང་བྱུང་བ་ནང་བཞིན་ཡིད་ལ་འཆར་ཐུབ་སྙམ་པ་དང་ཁ་ནས〝གལ་སྲིད། ཁྱིམ་དུ་མི་མང་བོ་ཞིག་གིས་བཀང་ཡོད་ན་ངས་སུ་ཞིག་ནི་རང་གི་ཁྱོ་ག་དང་སུ་ཞིག་ནི་རང་གི་བྱིས་མོ་ཡིན་པའི་ངེས་ཟིན་ལ་འདང་རྒྱག་མི་དགོས〞སྙམ་ནས་ཁེར་བཤད་བྱས། སྣང་ཚུལ་འདི་ངའི་ལུས་ཐོག་ལ་བྱུང་བ་ཐེངས་དང་བོ་ཡིན་པས་གང་ལྟར་ང་ནི་འདི་ལྟར་མདུན་དུ་བསྐྱོད་དགོས།
〝སྙིང་ཉེ་མ། ལོ་ངོ་འདི་འདྲའི་མང་བོ་ཞིག་གི་རིང་ལ་འུ་གཉིས་མ་ཤི་གསོན་བྲལ་གྱིས་རང་རང་ཐད་ནས་ཁེར་རྐྱང་དང་དྲན་གདུང་གི་སྡུག་བསྔལ་འབའ་ཞིག་མྱོང་སྟེ་ཡུལ་དངོས་འདིར་འཛོམས་པ་རེད། འོན་ཀྱང་ཁྱོད་ཀྱིས་ངའི་མངོན་ཚུལ་འདིར་ཡེ་ནས་དོ་སྣང་ཞིག་མི་བྱེད་པ་ཅི་ལགས་སམ།〞སྐད་སྒྲ་དེ་ནི་ཇི་འདྲས་རྩུབ་ཅིང་མཛེས་སྡུག་གི་ཚིག་ཚོགས་དེ་ནི་ཇི་འདྲས་ཡིད་ལ་གཟན་པ་ཞིག་རེད། ང་དེ་མ་ཐག་ཁ་ཕྱིར་འཁོར་ནས〝དོན་དངོས་ཀྱི་ཕ་རོལ་དུ་ང་ལ་སྙིང་ཉེ་མེད། ཁྱོད་ཀྱི་མངོན་ཚུལ་འདི་སྟག་ཤར་ཞིག་གི་ལ་རྒྱ་དང་འགལ་བས་ཁྱོད་མྱུར་མོར་མར་ལ་སོང〞ཞེས་སྨྲ་བཞིན་ཁོའི་ངོ་གདོང་ལ་བལྟ་དུས་གཟོད་སུ་ཞིག་གི་ལག་པས་ང་རང་བར་སྣང་དུ་འཐེན་འདུག་ཀྱང་ང་འགྲོ་བ་ནི་རྐང་བ་ཚོད་མེད་དུ་སྔུན་ལ་སྤོ་བཞིན་པ་འབའ་ཞིག་རེད། མ་གཞི་ང་མདུན་དུ་བསྐྱོད་པ་ནི་ཚོར་བ་ཞིག་ཡིན་བཞག དུས་དེར་ལུས་པོ་དགུང་དང་མཉམ་ཞིང་ཀ་གཟུགས་ཀྱི་མི་རྒན་ཞིག་གི་ངོ་གདོང་ངའི་མཐོང་ལམ་ལ་མངོན་བྱུང་། 〝སྙིང་ཉེ་མ། མི་ལོ་བརྒྱ་ཕྲག་གི་སྔོན་གྱི་ཉིན་དེར་རྩེ་པོ་ཏ་ལའི་ཉེ་འགྲམ་གྱི་གནས་ཚང་ཞིག་ནས་འུ་གཉིས་དེ་ལྟར་ཁ་གྱེས་པ་རེད། སྙིང་ཉེ་མ། མི་ལོ་བརྒྱ་ཕྲག་གི་རྗེས་ཀྱི་དེ་རིང་ཙོང་ལ་རིང་མོའི་འགྲམ་རྒྱུད་ཀྱི་ཞིང་གྲོང་འདི་ནས་འུ་གཉིས་འདི་ལྟར་ལྷན་འཛོམས་བྱུང་སོང་། མ་གཞི་ཁྱོད་ཀྱིས་གདོད་ནས་བརྗེད་ཟིན་པའམ་ཡང་ན་ད་ནས་བརྗེད་འདོད་པ་གང་ཞིག་ཡིན། ཁྱོད་ཀྱིས་ཏག་ཏག་བདག་ལ་དགའ་བསུ་མི་བྱེད་དམ།〞〝མིན། དཔེ་མི་སྲིད་སྙིང་ཉེ་ལགས། དྲན་གདུང་གིས་གཟོད་ང་ལ་མི་ལོ་བརྒྱ་ཕྲག་འདིའི་ཚེ་བྱིན་པ་ཡིན། བརྩེ་དུང་གིས་གཟོད་ང་ལ་མི་ལོ་བརྒྱ་ཕྲག་འདིར་གསོན་པའི་སྙིང་སྦྱིན་པ་ཡིན། འོན་ཀྱང་ད་ལྟའི་ཁྱོད་ཀྱི་བྱད་བཞིན་དང་མངོན་ཚུལ་འདིས་བདག་ལ་ཅུང་ཟད་ཡིད་ཕམ་པའི་སེམས་ཁམས་ཤིག་བཞག་བྱུང་། གཅིག་བྱས་ན་ཁྱོད་ཀྱི་མངོན་ཚུལ་མ་ལེགས། གཅིག་བྱས་ན་ཁྱོད་ཀྱི་བཟོ་ལྟ་མ་ལེགས། ཁྱོད་ནི་བདག་གི་མདུན་ཕྱོགས་ནས་མངོན་ན་ཅི་མ་རུང་དེ་ནི་ཉི་འོད་འཕྲོ་སའི་གནས་མལ་ཡིན་པས་ངས་ཁྱོད་ཀྱི་འོད་ཟེར་འཕྲོ་བའི་དཀྱིལ་འཁོར་གྱི་ལོག་ཕེབས་ལ་ལྟ་འདོད། ཁྱོད་ནི་བདག་གི་སྙིང་ཉེ་ལགས་ཀྱི་བཟོ་ལྟ་སྔོན་མ་དེ་ནང་བཞིན་ཐོན་ན་ཅི་མ་རུང་ངས་འུ་གཉིས་ཀྱི་འདས་དོན་ལ་ཡང་བསྐྱར་གསོན་པོ་མིག་གིས་ལོངས་སྤྱོད་འདོད〞〝སྙིང་ཉེ་ལགས་དགོངས་པ་མ་ཚོམ། ལོ་ཟླས་བདག་ལ་འདི་འདྲའི་བྱད་བཞིན་ཞིག་བསྩལ་བྱུང་། ཚེ་སྲོག་གིས་བདག་ལ་འདི་འདྲའི་མངོན་ཚུལ་ཞིག་བསླབ་བྱུང་།〞ངེད་གཉིས་ཀྱིས་ཕན་ཚུན་ལ་འཐམ་ནས་ལོ་ངོ་བརྒྱ་ཕྲག་གི་གྱེས་བྲལ་གྱི་གདུང་བ་རྫོགས་ལྡན་ལྷན་འཛོམས་ཀྱི་དགའ་བས་མྱོང་། གློ་བུར་འཛེར་སྐད་ཅིག་གྲག་པ་དང་མཉམ་དུ……
ངའི་མིག་ལམ་དུ་ཐོག་མར་མངོན་པ་ནི་ཁང་བའི་གནམ་མཐིལ་ངོས་ཀྱི་མདང་དགོང་གློག་ཀླད་དུ་བྲིས་པའི་རྩོམ་ཡིག་དེའི་ཡིག་ཚགས་གསལ་ལ་མི་གསལ་བ་དག་རེད། ངའི་སེམས་ལ་〝གལ་སྲིད་ང་ལ་བླ་སྲོག་གི་བཙོན་ཁང་འདི་ལས་ཐོད་ཀྱིས་བརྒལ་ནས་འབྲོ་བའི་ནུས་མཐུ་ཞིག་ཡོད་ན་ངས་ཁང་ཆུང་འདིའི་སྒོ་ཉིན་མཚན་དུས་དྲུག་ཏུ་ཕྱེ་ཉན་ཚོད་མི་འདུག〞སྙམ།
༢༠༡༤་༨་༢༣ཉིན་གྱི་ཞོགས་པར།