࿑ རྨི་ལམ་གྱེར་བ།
ཆར་པའི་སྟེང་འོག་གི་ཆུ་རིས་དྭངས་མོ།།
མེ་ཏོག་ཁྲ་ཁྲ་ལྟའི་སེམས་ཀྱི་ཚེས་རུ།།
མདང་ནུབ་རྨི་ལམ་དུ་བབས་པའི་ཁ་བ།།
གཞིས་མེད་གནས་མཇལ་གྱི་ཚུལ་དུ་ལྷགས་སོང་།།

རྩྭ་ལོ་ཁེར་ཡན་གྱི་སྣང་བ་མཐོན་པོ།།
སེམས་པའི་བར་ཁྱམས་ཀྱི་གོས་ལྭ་སྐྱ་བོ།།
མེ་ཏོག་རྣ་རྒྱན་དུ་བཏགས་པའི་མཛེས་མ།།
བས་མཐའི་གནམ་ས་ལ་བསྟབས་པའི་འཇའ་རིས།།

སྐྱོ་བའི་ཐ་མ་ལ་ཨ་ཐང་ཆད་འགྲོ།།
མཚན་གཞུང་སྨག་ངོ་ལ་སྐར་མ་བཤུམ་འགྲོ།།
རི་ཀླུང་ཁོང་གསེང་ན་ཉན་པར་མི་སྤྲོ།།
ངུ་དགོད་སྒྲ་ཚོགས་ལ་གྱེས་བརྡ་ཞུ་འོ།།

དུས་ཚོད་ཐེ་འུ་ལ་ང་རང་འཐམས་ཏེ།།
གཞུང་ཆུའི་ལྷིང་འཇགས་ལ་ང་རང་ཞུགས་ཏེ།།
བརྡ་སྤྲོད་གོང་བ་ལ་ཤན་ཞིིག་བརྒྱབ་ནས།།
ཕར་ཙམ་ཕར་ཙམ་གྱི་གླུ་ངག་མཉན་འདོད།།

རྨ་བྱའི་མཛེས་སྡུག་ལ་མདངས་ཞིག་སྤུད་དེ།།
ལྷ་ཡི་རོལ་ཆས་ལ་སྙན་འཇེབས་བསྣོན་ཏེ།།
སྐྱེ་བའི་ཐོག་མཐའ་ལ་སིལ་སྙན་དཀྲོལ་ནས།།
ཟང་ཟིང་གྲུ་ཁ་འདི་གཞན་དུ་འཕོ་དགོས།།

ལྗོན་ཤིིང་ཤིག་ཤིག་ཏུ་འགུལ་བའི་ཕག་ན།།
ཤིང་ལོ་རླུང་ཁ་རུ་གཡེང་བའི་སྟེང་ན།།
ཞོགས་པའི་ཟིལ་ཆུ་ཡི་དྭངས་ཤའི་གསེང་ན།།
ང་ཡི་རྨི་ལམ་ཞིག་ལྷེམ་ལྷེམ་འགུལ་བ།།

དད་འདུན་ལྷད་མེད་ཀྱི་འདོན་དབྱངས་གྱེར་དུས།།
གསེར་ཏོག་ཆུང་ཆུང་གི་ཉི་ཟེར་རྔུབ་དུས།།
གཡེར་དྲིལ་རླུང་བུ་ཡིས་སིལ་སིལ་དཀྲོལ་དུས།།
རྣམ་ཤེས་རབ་རིབ་ཞིག་གང་དུ་ཞོགས་འགྲོ།།

དུས་བྱའི་རྒྱང་བསྐྱོད་ལ་འདུན་མ་བཅོལ་ཏེ།།
སྤྲིན་དཀར་གོང་བུ་ལ་སེམས་ཁ་གློད་དེ།།
སྨུག་ཡན་རི་གྲོང་གི་འཕྲིན་ཐུང་གློ་སྐྱ།།
དགུན་དུས་ཕ་ཡུལ་གྱི་མཚན་མོ་ཡིན་འགྲོ།།

གྱང་གི་དཀར་ཆ་ལ་ཞེ་ནས་སུན་པས།།
མཚན་མོ་གློག་སྒྲོན་འདི་སེམས་ལ་གཟན་པ།།
ལས་དབང་མིག་ཤེལ་ལ་ཚོས་གཞི་འདུག་སྟེ།།
འཁོར་བ་དོང་སྤྲུག་གི་དབྱིངས་ནས་གསལ་བྱུང་།།

བརྡ་སྦྱོར་ཐན་ཐུན་ལ་རྨི་ལམ་འདྲེས་ཏེ།།
ཉི་འོད་ཚམ་ཚོམ་ལ་འཁྲུལ་སྣང་བསྲེས་ཏེ།།
ང་ཡི་འཁོར་བ་དང་ང་ཡི་འཇིག་རྟེན།།
འདི་ནས་འདི་ཙམ་ཞེས་སུ་ཡིས་སྨྲ་ནུས།།
2014. 8. 14. དགོང་མོར་གཅེར་བུ་པ་འབོད་པས་སྦྱར་བའོ།

࿑ དྭངས་རྒྱུ་མེད་པའི་གནམ་ངོ་།
གནམ་ངོ་ལོག་ཅིང་སྤྲིན་པ་ཟིང་ཟིང་འདུ།།
མལ་སའི་འཁྲིས་ཀྱི་སྒེའུ་ཁུང་ཆུང་ངུའི་ནང་།།
རྒྱང་རིང་རྒྱ་རིང་ཞིག་གི་ཕོ་ཉ་བཞིན།།
སྨུག་ཡན་བན་བུན་བྲེལ་འཚུབ་དང་བཅས་འོང་།།

ལ་མོར་སེམས་ནས་ཅི་ཞིག་དྲན་པ་ལྟར།།
སྐྱོ་སྣང་འདྲེས་མ་གདོང་གི་མདངས་ལ་འཕོས།།
བྱི་འུ་གྲེ་འགྱུར་སྙིང་གི་འཚང་ལ་ཕོག།
དུས་དེའི་དབྱར་ཀ་དུས་དེའི་དགུན་ཁ་སོགས།།
དེ་མུར་ཅི་ཞིག་ལྟར་སྟེས་འཚང་ཁ་རྒྱག།
དེ་འཕྲོ་དབུགས་སྣེ་དབུགས་ཀྱིས་ལོན་དཀའ་བའི།།
དངན་པ་རིང་མོས་ལུས་ཀྱི་ཕྱི་ནང་འཛེར།།

ང་ནི་གནས་འདིར་དུས་བྱ་རྨས་མ་བཞིན།།
ཡུལ་ལ་ལོག་འདོད་སེམས་པས་རབ་ཏུ་གཙེས།།
དུས་བཞི་རིམ་གྱིས་བརྗེས་པའི་གོ་རིམ་ལས།།
མི་སྡུག་གཉེར་མའི་བང་རིམ་ཐོད་དུ་མངོན།།

ཤག་གི་བར་སྣང་ཧ་ཅང་དོག་ཚུལ་གྱིས།།
སྲིན་འབུ་སྒྲ་ཡང་ཅལ་ཅལ་ཐོས་ནས་འོང་།།
ཕྱི་རོལ་སྣང་བའི་འགྲོས་དང་མུན་པའི་རླབས།།
ཞེན་པ་ཕྲ་རགས་མང་པོས་བཅིངས་བའི་རྗེས།།
ལས་དབང་ལས་དབང་ཞེས་སུ་སྨྲ་བར་བྱེད།།

མི་བརྟན་རླུང་གི་རྒྱུ་ཕྱོགས་འཁྲུག་པ་ན།།
ཕྱི་རོལ་སྤྲིན་ཚོགས་དག་ནི་ཡལ་ན་ཡང་།།
འདི་ན་བརྡ་རྟགས་མེད་པའི་རྣམ་ཤེས་ཞིག།
གློ་དང་རྒྱུ་མའི་གསེང་ན་འཕྲོ་མ་ལུས།།
ནང་གི་ག་ཤེད་ཅིག་ཏུ་ནག་ཁུང་ཆགས།།

2014. 8. 30.

࿑ ནག་པོ།
རི་མོར་བབ་པའི་ལས་དབང་སྐྱ་བོ་འདི།།
ཡུན་གྱིས་ཁྱེད་ལ་ཅེར་བའི་མཇུག་འབྲས་ཏེ།།
གུས་པའི་ཕྱག་ཟུང་ལྷོད་ལ་ཕབ་ཁ་མར།།
སྙིམ་པའི་མེ་ཏོག་དེ་ཀོ་བདག་ལ་གནོངས།།

ང་རང་དཀར་པོ་རང་ལ་དགའ་སྣང་ཆེ།།
དཀར་པོར་ཞེ་ནས་སྨོན་པའི་དབང་ཤུགས་ཀྱིས།།
ཡུལ་དང་རང་ཉིད་དཀར་པོར་འཁྲུལ་བ་ཡི།།
གསོན་པའི་འདུ་ཤེས་དེ་ག་རང་དུ་ཟད།།

དུས་ཀྱི་སྐྱེས་པའི་མེ་ཏོག་ནག་པོ་ཞིག།
ཡོམ་ཡོམ་འདར་བཞིན་དྲན་པའི་གསེང་དུ་སྐྱེས།།
ཆུ་ཡི་གཉེར་རིས་ཅུང་ཙམ་ཆགས་པ་ཡི།།
ཉེ་བའི་མི་དག་རིམ་བཞིན་ནག་པོར་གྱུར།།

དེ་ཚོད་ཙམ་ནས་ང་ཡང་འགྱུར་ལྡོག་ཐེབས།།
རླུང་གིས་བཏུས་པའི་འདབ་མ་གཡེང་བ་ཡིས།།
ནམ་མཁའ་ཁམས་སུ་ཁ་དོག་སྣེ་མང་འདུས།།
ཐག་རིང་ལམ་གྱི་འཆར་སྣང་ནག་ཅིང་གནག།

འཁོར་བ་ཟེར་བའི་སྙན་ངག་ནག་ཁྲ་ཞིག།
དེ་ཡི་ཉེ་གམ་ཀུན་ནས་ཆར་བཞིན་འབབ།།
བརྩེ་བ་མི་འདུག་དར་རྒུད་དེ་བས་ཅི།།
ལས་དབང་བྱོལ་བའི་དུ་བ་ལང་ལོང་འཕྱུར།།

2014. 8. 18.

 
࿑ སྨུག་པ་རི་ལ་འཁོར་སོང་།

རི་རྩེ་མོ་དིག་པའི་འོག་ཏུ།།
སྨུག་ལང་ལོང་གང་ལ་དོང་བ།།
སེམས་འདི་ཡི་ཕྱི་དང་ནང་རེད།།
ཡུལ་ཁྱིམ་གཞི་དྲན་པའི་མཐིལ་རེད།།

ཆར་ཟམ་ཟིམ་ནངས་འབབ་ནུབ་འབབ།།
འབྲུག་ལྡིར་ལྡིར་ལྷོ་གྲགས་བྱང་གྲགས།།
ས་གཞན་ཡུལ་འགྲིམ་པའི་སྣང་བ།།
དུས་འདི་ལ་ལྷག་ཏུ་ཆེ་སོང་།།

རོགས་ན་ཟླའི་ཁ་ལས་མ་རིག།
དྲིན་མ་ལོའི་དྲིན་ལན་མ་བསབས།།
ཡིད་སྐྱོ་བའི་སྣོན་མ་མང་བའི།།
ངའི་སེམས་ཀྱི་གནམ་ངོ་ནག་པ།།

རྩྭ་སྔོ་ལྗང་འཕྱུར་བ་ལྟ་བུ།།
ས་གང་སར་སྐྱེ་སྟོབས་ཆེ་ཡང་།།
སྤང་མཁྲང་པོ་ཁ་ཞིང་མཉམ་པ།།
ཕྱོགས་འདི་ན་མཐོང་རྒྱུ་དཀོན་ནོ།།

སྤྲིན་དཀར་ནག་ལྷོག་ལྷོག་གདུ་དུས།།
ཕྱུག་བེའུ་ལུག་ངུར་སྒྲ་དྲན་ན།།
ཡིད་འདི་ཀོ་གཡོ་ཞིང་འཁྱོམ་པ།།
དཔེ་འདི་ཟེར་མེད་པའི་ཚོད་རེད།།

2014. 8. 16.

࿑ འདུ་བྲལ་དང་གཞན།
འདུ་བྲལ་ལས་ཀྱིས་བྲིས་པའི་གབ་ཚིག་སྟེ།།
མིག་ཀོང་མཆི་མའི་འབབ་རྒྱུན་གཙང་བོར་འདྲེས།།
དགའ་ཞེས་སྨྲ་བའི་ངག་གི་རིག་བྱེད་ཀྱང་།།
གློག་སྒྲོན་ངོས་སུ་བཀྲག་པའི་མེ་ཏོག་ཉིད།།

འདི་ནས་སྐྱེ་བ་གཅིག་གི་གོ་བ་ཀུན།།
ཡོང་འབབ་མེད་པའི་ཀློང་ནས་སུ་ལ་བཙོང་།།
ཁ་ལས་དར་བའི་དུས་ཚོད་རྣོ་ཟུར་ཅན།།
ནུབ་ཁའི་ཉི་མར་འཕོས་པ་སུ་ལ་གསལ།།

དམ་བཅའ་འདི་ཀོ་མཁྲེགས་པའི་གཤིས་ཀ་ལ།།
ཁྱེད་ཉིད་ཞེ་ནས་སུན་པའི་ངང་ཚུལ་གྱིས།།
ནུབ་མོ་རྨི་ལས་ཀྱང་ངལ་གྱུར་བས།།
ཆད་པའི་ཉམས་ཀྱིས་བདག་ཉིད་སླར་ཡང་རྨས།།

འཚོ་བ་གསལ་ལ་མི་གསལ་སྨུག་ཡན་ཁྲོད།།
ཕ་གི་རི་རྩེའི་མདངས་ལ་སེམས་པ་ཤོར།།
འགལ་འདུ་མེ་ལྕེས་བསྲེགས་པའི་ལང་ཚོ་ལ།།
ཆིག་ལབ་ལྟ་བུ་སྐད་ཆ་རེ་ཟུང་ཤོར།།

རྨི་ལམ་རྨི་ལམ་ཕར་ལ་མ་བྲོས་ཨ།།
དེ་ན་རང་སེམས་བསྙལ་སའི་མི་ཞིག་ཡོད།།
ཆུ་བོ་ལྷུང་ལྷུང་བཞུར་བའི་འགྲམ་ངོས་སུ།།
མི་ཚེ་གླུ་རུ་ལེན་པའི་དབྱངས་རྟ་ཡོད།།

2014. 8. 13.

 

࿑ མི་རྟག་པ།
ནམ་མཁའ་དང་ས་གཞི་ཡུག་ཅིག་ཏུ་འདྲེས་པའི།
གནའ་སྔ་མོ་ཞིག་ཕུ་ཡིས་འདེད་པའི་རི་ཁུག་ཏུ།
བྱེས་དུས་ཀྱི་རྨི་ལམ་སྤུར་ཞིང་།
གཞོན་དུས་ཀྱི་ལོ་ཟླ་བྲིས།
ནན་ཏན་གྱིས་ཡང་ཡང་བྲིས།

རི་བོ་དེ་ཡི་དྲུང་ནས།
ནམ་མཁའ་ནི་རེ་རྩེར་ཐུག་སྙམ་པར་སྣང་།
ཆར་པས་རྡེག་པའི་རྩྭ་ལོ་དག
མི་རྟག་པའི་ཆུ་ཁར་གཡེང་།
དེ་དྲུང་དུ་ཁོ་བོས་དར་རྒུད་ཆུ་བྱ་ཞིག་ལ་སྤྲུལ།

དུར་ཁྲོད་གླེང་དུས་མི་ཞིག་དྲན་འོང་།
དུར་ཁྲོད་གླེང་དུས་འཆི་བ་དྲན་འོང་།
ནངས་ཁ་དང་དགོང་ཀ།
དུས་ཚོད་ཀྱི་སྣོལ་མཚམས་ཡོད་ཚད།
འཆི་བདག་ཁོ་ནར་དབང་སོང་ན།
འཇིག་ཆོག་ཆོག་གི་ལས་དབང་དེ་ཡང་ཅི་ཞིག

2014. 8. 5.

 

࿑  སྨིན་མ་བསྡུས་པ།

ལས་ཀྱི་དཔྱང་ཟམ་སྨིག་རྒྱུ་ཁ་རུ་འཐེན།།
ལྡོག་འབབ་གཙང་བོ་དྲན་པའི་ངོས་སུ་བཞུར།།
ཀུན་གཞི་གཏིང་དུ་ཆར་ཞོད་གྲངས་མེད་སིམ།།
ནངས་དགོང་རེ་རེ་མི་ཚེ་རེ་རེ་ཡིན།།

རྩོལ་བའི་གློག་ཞགས་གནམ་སའི་མཚམས་ནས་འཁྱུག།
འཛུམ་ཁ་གྲོལ་བའི་གདོང་པ་ཞེ་ལ་འཁོར།།
རྨི་ལམ་འཇའ་ལ་འཐིམ་པའི་དུས་ཚིགས་སུ།།
རང་ཉིད་བློ་བུར་བ་ཡི་མཚམས་ཐིག་ཡིན།།

རོགས་ཀྱི་ཞེ་ལ་སྨུག་པས་གཡའ་ཐིག་ཕབ།།
འཇིག་རྟེན་བཀླགས་ཤིང་བརྗེད་པའི་མཚོན་མདངས་བཀྲག།
དེ་མུར་སེམས་སུ་འགག་པའི་འཕྲོ་འདུ་ཉིད།།
ཁྱོད་དང་ང་ཞེས་དབྱེ་བའི་གཞི་མདོ་ཡིན།།

སྙིང་ལ་འཁུ་བའི་མི་ཆུ་ཕྲེང་ཐག་དང་།།
ཁ་ཡག་གཏམ་གྱི་སྙན་པ་འཕུར་བ་ཡི།།
ཤར་ལྷོའི་མཐུད་སྣེ་ལྟ་བུ་བར་མཚམས་ནས།།
ང་རང་ཁྱོད་ལ་ཞེན་པ་འཁྲོ་བ་ཡིན།།

སྐྱབས་འགྲོ་ལོ་ཟླའི་ངོས་སུ་བབ་པ་ཡི།།
མེད་མུག་ལུས་སེམས་ཐོག་ལ་བསྲེས་པ་ཡི།།
ཚེས་རུ་ལག་ཏུ་ལེན་པའི་ར་བཟི་བ།།
འཆར་བོ་ཞིག་གི་ལུས་རྟེན་ལེན་ཚུལ་ཡིན།།

2014. 8. 5. དགོང་མོ་དུས་ཚོད་ 12:00. སྟེང་ནས་བྲིས།

࿑ མིང་བྱང་མེད་པའི་སེམས།

 

དགུང་སྤྲིན་དཀར་གྱི་བང་རིམ་རི་མགོར་འཁྲི་བ།།
མདང་ད་ནང་གི་སེམས་འགྱུ་གང་ལ་འཕྲོ་འདྲ།།
ཆར་ཟམ་ཟིམ་གྱིས་ཡུལ་ལྗོངས་ནེམ་པར་བྱས་པ།།
འདང་བརྩེ་བ་ཡིས་སྣུམ་པར་བྱས་པའི་མི་ཨང་།།

གཏམ་བཤད་བཤད་ལ་སྔ་བསམ་ཕྱི་འདང་མི་མང་།།
ཞེ་ལྷུ་ཐག་འདི་ཁྱེད་ཀྱིས་སྦྲེལ་ནས་འགོར་སོང་།།
སུས་སུ་ཞིག་ལ་བརྩེ་བའི་གདམ་ག་མི་སྟེར།།
ནང་དྲན་འཛིན་འདི་གསལ་ཞིང་སྒྲིབ་བྱེད་མི་འདུག།

ལམ་ཕར་ནང་ནས་སྨོན་ལམ་ལན་གསུམ་བཏབ་ཡོད།།
དུས་དབྱར་ཚེ་ལ་འཛོམས་ན་སྙམ་པ་མང་བྱུང་།།
དགོད་ཙིག་ཙིག་གི་མི་ཚེ་སེམས་ལ་མ་བཞག།
ཚེ་ཕྱེད་ཕྱེད་ལ་ཅི་ཡོང་ལྷ་ཡིས་ཤེས་སྲིད།།

སྐྱིད་ཉེ་ཚེ་བར་འཁྲེང་བའི་སེམས་དེ་བཙོག་པ།།
སྡུག་ཨེན་ཙམ་ལ་བྲོས་པའི་མི་དེ་སྐྱོ་བ།།
ངའི་ཁ་ཐབས་ལ་ཁྱེད་རང་ཨེ་མགུ་མི་སྙམ།།
ངའི་སེམས་ཁམས་འདི་སྙོམ་སྒྲིག་ཁྱེད་ལ་དབང་ཡོད།།

ཉིན་དེ་རིང་དང་སང་ཉིན་ཟེར་བཞིན་བརྩིས་ཏེ།།
གནས་ངེས་མེད་ཀྱི་གཞི་གྲོང་གང་དུ་ཉུལ་ཡང་།།
ལས་དཀར་ནག་ལ་མུ་གབ་ནག་པོ་བསྐོན་ནས།།
སྐྱེ་ཚེ་རབས་ཀུན་ཁྱེད་དང་འབྲལ་ན་མི་འདོད།།

2014. 8. 1.