འཇིག་རྟེན་སྣང་བས་དེད་པའི་ཕ་རོལ།
མི་རྟག་སྒྱུ་མས་གཤག་པའི་ཚུར་རོལ།
འཇིག་པ་སེམས་ཀྱི་ཨ་ཅེ་སྣང་ས།
དུང་བ་སྙིང་གི་གུར་ན་བཞུགས་ཡོད།
 
ཡིད་ཀྱི་སྣང་ས་ཁམ་བུའི་མེ་ཏོག
ཡངས་པ་ཡངས་མོའི་སྤང་ནས་མ་འཁྲུངས།
མཐོ་བ་མཐོན་པོའི་ཤིང་ནས་མ་ཐོགས།
དུས་ཀྱི་གླེགས་བམ་གསེང་ནས་སྐྱེས་ཡོང་།
 
ཁྲུང་ཁྲུང་དཀར་མོ་ནགས་ནས་དྲན་པས།
གཡའ་ཤིང་ལོ་མར་སེར་ཐིག་ལྷུང་སོང་།
བུ་མོ་སྣང་ས་བོད་ནས་དྲན་པས།
དགྲ་ཆེན་དཔོན་པོར་སྡང་སེམས་སྐྱེས་སོང་།
 
ཨ་གར་ལྗོན་པ་སྐམ་དགོས་བྱུང་ལ།
ཅོ་ཀའི་དྲུག་འགྱུར་འགག་ལ་བྱིན་ཡང་།
སྣང་ས་འཕྲོག་པའི་རྗེས་ཤུལ་རིང་མོ།
ག་དུས་རྙེད་ལ་ཤི་ཡང་མི་འགྱོད།
 
སྣང་ནས་བཙལ་བ་ཙམ་གྱི་རྟོག་པ།
འདུ་སྣང་རིགས་ལ་འཁོར་བའི་སེམས་འགྱུ།
སྣང་ས་འཇའ་ལྟར་ཡལ་བའི་འོ་དོད།
རིགས་གཅིག་དཔར་གྱི་ཤིང་ལ་བབས་སོང་།
 
སྣང་བ་འཚོལ་སའི་སྣང་ས་འོད་འབུམ།
སྣང་དོགས་ཆེ་བའི་དཔོན་པོ་དགྲ་ཆེན།
སྣང་དང་མ་སྣང་མེད་པའི་རུ་ནང་།
སྣང་བྱེད་ཡིད་ལ་འཁོར་ཐབས་མང་སོང་།
 
ཡུལ་གྱི་དྭངས་མ་མེ་ཏོག་ཡོངས་འཛིན།
དཔྱིད་གསུམ་དུས་ཀྱི་དྲན་སྣང་ལྕི་མོ།
སྙིང་གི་དྭངས་མ་སྣང་ས་འོད་འབུམ།
མི་ཚེའི་ཁྲོད་ཀྱི་མྱི་ཁ་སྡུག་པོ།
 
དགྲ་ཆེན་དཔོན་པོ་དགྲ་རུ་ལངས་ཏེ།
ཚེ་འདིའི་ལམ་གྱི་བཀག་ལ་གྱུར་ཡང་།
ཐབས་མེད་ཐུ་མེད་ལས་ཀྱི་ཐ་མ།
སྣང་སའི་ཤ་དང་རུས་ལ་བརྐོས་ཡོད།
 
མ་ནོགས་གོས་ཆེན་རྒྱ་སེ་སྟེང་ལ།
མི་མཐུན་ལྷན་པ་ནག་པོ་དགྲ་རེད།
ཡང་མཐུན་སྣང་ས་ངེད་གཉིས་བར་ལ།
མི་དབང་དགྲ་ཆེན་དཔོན་པོ་སྡུག་རེད།
 
ཁུར་བོ་རྒྱབ་ལ་ཁུར་ན་རྡོ་རེད།
སྨྲེངས་བ་སེམས་ལ་བཟུང་ན་ནད་རེད།
སྣང་ས་བརྗེད་ཐབས་བྲལ་བ་འདང་རེད།
ཚེ་འདིའི་ཚེ་སྡུག་ཡིན་པ་ལས་རེད།
 
བཙན་ལ་རང་ཚོད་རང་བདག་སྟོང་བའི།
ཡུལ་འདིའི་དགྲ་ཆེན་དཔོན་པོ་དེ་ལ།
མ་སྒྲིག་ཆིབས་རྟ་ཆིབས་སྒ་རང་འགྲིག
མ་མངགས་ཆིབས་ཁྲིད་ཆིབས་རང་འཛོམས།
 
སྡུག་ལ་ཚད་འཇལ་ཚད་གཞི་མེད་པའི།
གནས་འདིའི་བུ་རལ་འཁྱམས་པོ་ང་ལ།
མ་བཅོས་ཆར་སྣེ་རླུང་ཁྲིད་རང་འཁོར།
མ་བཟང་ཆུ་ངན་ལམ་ཞུགས་རང་བཞུར།
 
སྐྱིད་ལ་རེ་མེད་ཨ་ཅེ་སྣང་ས།
ད་ལྟ་རིགས་དྲུག་གང་ན་ཡོད་ན།
དེར་བསྟུན་རང་ལུས་དེར་སྦྲུལ་སྒྱུ་མས།
གང་དེའི་གནས་ལ་ལྷགས་ན་བསམ་བྱུང་།
 
བུ་མོ་སྣང་སར་སྣང་ཐབས་མེད་པ།
དགྲ་ཆེན་དཔོན་པོ་ལན་པས་སྐྱོན་ཡིན།
ཤོག་ངོས་གཞན་ལ་རྫོགས་ཐབས་མེད་པ།
འཇིག་རྟེན་སྣང་བ་ལན་པས་སྐྱོན་ཡིན།