——– ལོ་འདི་དག་གི་རིང་ལ་ནུབ་ཕྱོགས་ཀྱི་སྒྲུང་གཏམ་དང་འཁྲབ་གཞུང་མང་བོ་ཞིག་བཀླགས་ནོའི་ཁྲོད་ནས་ང་ནི་སྙན་རྩོམ་ནས་སྒྲུང་གཏམ་ལ་ཕྱོགས་པའི་འགྱུར་མཚམས་ཤིག་ཡིན། དེ་བས་འདོད་ཆགས་ཅན་གྱི་རྒད་པོ་ཅེས་པ་འདི་ནི་ང་དང་ཕ་ཡུལ་གྱི་བར་ཐག་གླེང་བའི་སྒྲུང་གཏམ་ཞིག་ཡིན།

ཁ་སང་དུས་ཚོད་གཉིས་ཀྱི་སྟེང་ང་རྫོང་ཐོག་ལ་འབྱོར། དེ་མ་ཐག་ཕ་ཡུལ་ལ་འགྲོ་སའི་རླངས་འཁོར་ས་ཚིགས་སུ་སོང་། རྒྱུན་ལྡན་དུ་ཕ་ཡུལ་ལ་འགྲོ་བའི་རླངས་འཁོར་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་ལམ་ལ་ཆས་ཀི་ཡོད། ང་གནས་དེ་རུ་འབྱོར་དུས་རླངས་འཁོར་གཅིག་མ་གཏོགས་ཚང་མ་སྔ་གནས་སོང་ཚར། རླངས་འཁོར་དེའི་ནང་དུའང་ཁ་མ་གཅིག་ལས་ལྷག་མི་འདུག རླངས་འཁོར་དེའི་རྒྱབ་ལོག་ཏུ་སྐྱེས་པ་གཅིག་དང་བུད་མེད་གཉིས་བསྡད་འདུག དབུས་ན་ཙོག་པར་འདུག་པའི་བུད་མེད་དེ་ལོ་ཅུང་ཙམ་ཆེ་ལ་གྲུ་ཁུག་ཏུ་ཟླ་བརྒྱད་དགུ་ཅན་གྱི་བྱིས་པ་ཞིག་བཟུང་འདུག བལྟས་ཚོད་ཀྱིས་ཁོ་ཚོ་ཁྱིམ་ཚང་གཅིག་གི་ཡིན་ཤེས་ཆེ། མདུན་གྱི་ཁ་ལོ་བའི་རྩིབ་ན་རྒད་པོ་ཕྱི་ཚུལ་གྲལ་དག་དག་ཅན་ཞིག་འདུག གདོང་ལ་མཐའ་ཆེ་བའི་རྡོ་ཤེལ་གྱི་མིག་ཤེལ་ནག་པོ་ཞིག་གོན་ཞིང་སྐྲ་ལོ་ཐ་རེ་ཐོ་རེ་དག་ལྟག་རྒྱབ་ཏུ་ཤད་དེ་སོ་མང་གི་ཤུལ་ཡང་བབས་འདུག ངས་ཁོ་མཐོང་མ་ཐག་ལས་མཚམས་བཞག་པའི་ལས་བྱེད་རྒན་པ་ཞིག་རེད་འདོད་བྱུང་། རླངས་འཁོར་གྱི་ཁ་གཏད་ཀྱི་དྲ་མའི་རྩིབ་ལོག་ན་བོངས་ཆེ་བའི་རྒད་པོ་བོད་ལྭ་ཅན་ཞིག་འདུག ཁོས་ལོ་ངོ་ཉི་ཤུའི་སྔ་རོལ་དུ་བོད་ན་དར་ཁྱབ་ཏུ་སོང་བའི་མཐའ་ཆེ་ལ་དཀྱིལ་སྒོར་སྒོར། དཔངས་མཐོ་བའི་ཞྭ་མོ་ཞིག་གོན་ཞིང་ཞྭ་ལུང་དེ་མ་ནེ་འོག་ན་མདུད་འདུག ཁོའི་ཁ་ངོ་ཡོངས་རྫོགས་གཉེར་མའི་ཁེངས་ཤིང་སྣ་ས་བེ་སོབ་བེ་འབྲུམ་ཤུལ་གྱིས་གང་འདུག་པའི་སྟེང་ན་མཛེ་རུ་ཆེན་པོ་འགའ་ཡང་བུད་འདུག ལོ་གཉིས་གསུམ་ཙམ་གྱི་རིང་ལ་བཀྲུས་མ་མྱོང་བའི་གོང་བ་ཆེ་བའི་ཚི་ལེན་དཀར་བོ་དེ་འབྲི་མི་ཤེས་བའི་རི་མོ་བ་ཞིག་གིས་བྲིས་འདྲའི་ལྕག་ར་དགུ་འཁོར་རེད། གོང་བའི་ནང་གི་ཉི་མས་ཚིག་དྲགས་པའི་བྲང་ཁ་ཡི་སྐྱི་མོ་དམར་ནག་ཏུ་གྱུར་ཞིང་དེས་ངའི་ཡིད་ལ་རང་དབང་མེད་པར་ཚེ་འདས་ཀྱི་སྤོ་བོ་ལགས་དྲན་དུ་བཅུག ད་དུང་སེན་མོའི་གསེང་དུ་ཚིལ་དྲེག་འཚང་འདུག་པའི་ལག་གཡོན་པས་ཟད་དྲགས་པའི་བཅིངས་མདུད་མང་བའི་ཕྲེང་བ་ཞིག་བགྲང་བཞིན་ཁ་འགུལ་གྱིན་གྱིན་ཡོད། པང་ཐོག་ཏུ་ཟངས་མ་ཡི་རྭ་ཚེ་ ༿རྭ་ཚེ་ནི་ཡུལ་སྐད་ཅིག་སྟེ་དུ་བ་འཐེན་བྱེད་ཀྱི་ཡོད་བྱེད་ཅིག་ལ་ཟེར ༾ཞིག་ཚིལ་དྲེག་གིས་ཁེབས་པའི་ཁ་དོག་འབྱེད་དཀའ་བའི་ཁུག་མ་ཅུང་རིང་བོ་ཞིག་གི་ནང་བཅུག་ནས་འགོ་ཐུ་མ་གཏོགས་རིག་མི་ཐུབ། ཏག་ཏག་བལྟས་ཚོད་ཀྱིས་ཁོ་ནི་དགུང་ལོ་བདུན་ཅུ་སོན་ལ་ཉེ་འདུག ཁོའི་འགྲམ་ན་ཤ་ཁ་ནག་ཅིང་ཁ་བཏུམ་ཡང་ནག་པོ་ཞིག་གིས་མིག་མ་གཏོགས་ཁ་ངོ་ཡོངས་སུ་བཏུམ་འདུག་པའི་བུད་མེད་ཞིག་བསྡད་འདུག ཁོ་མོ་ནི་ཕྱི་ཚུལ་དུ་བལྟས་ན་ཧ་ཅང་ཆུང་ཆུང་ཞིག་ཏུ་སྣང་ལ། ལྷག་པར་ཏུ་ནུ་མ་གཉིས་ཀ་བྲང་སྟེང་ལ་འབྱར་འདུག་པས་ད་སོ་མ་གཉོམ་ལག་རྒྱས་ཀྱིན་པའི་བུ་མོ་ཞིག་རེད་སྙམ་པའི་ཐེ་ཚོམ་ཞིག་ཀྱང་སྐྱེས་སྲིད། ཁོག་སྨད་དུ་བརླ་གཉིས་ཀ་དཔར་འདུག་པའི་རས་ལྭ་སྲ་བོ་ཞིག་གྱོན་འདུག་ལ། དེ་ལ་ཅུང་འགུག་ཤུགས་ཆེ་བས་ང་ཁོ་མོའི་རྩིབ་ལ་བཅར་ནས་ཙོག་རྒྱུ་ཅུང་དོགས་དོགས་གྱུར།

སྐབས་དེ་ཚང་མས་མདུན་གྱི་ཟམ་ཁ་དེའི་ཕྱོགས་ལ་མིག་ཟུང་ཧྲིག་ཧྲིག་གིས་བལྟས་འདུག རྒད་པོ་དེས་ཁོའི་རྩིབ་ཀི་བུད་མེད་དེ་ལ༼ད་མི་ཡོང་ག་༽ཟེར་བཞིན་རྭ་ཚེ་བླངས་ནས་དུ་བ་འཐེན། དྲ་མ་ཕྱེས་ཡོད་པའི་སྟབས་ཀྱིས་དུ་བ་དེ་རླུང་བུ་བསིལ་མོ་ཞིག་དང་ལྷན་དུ་ནང་རོལ་དུ་འཁྱིལ་འོང་། དེ་མ་ཐག་ཁོའི་འགྲམ་གྱི་བུད་མེད་དེ་གློ་བུར་དུ་གློ་ལུ་འགའ་བྱེད་བཞིན་མགོ་བོ་ང་སར་འཁོར་ནས་དུ་བ་དེ་གཡོ་བྱོལ་བྱས། ཁོ་མོས་དྲི་བ་དེ་མ་གོ་བའི་ཚུལ་གྱིས་ཕྱིར་ཅི་ཡང་མི་སྨྲ། གོ་སྐབས་འདི་དང་བསྟུན་ནས་ངས་ཁོ་མོའི་མིག་ཟུང་དེ་གསལ་བོ་མཐོང་ཐུབ། ངའི་ཡིད་ལ་ཇི་འདྲའི་སྐྱོ་ཤུགས་ཆེ་བའི་མིག་ཟུང་ཞིག་རེད་སྙམ་བཞིན་མིག་ཟུར་ནས་ཁོ་མོར་བལྟ་ཡག་བྱས། རྒྱབ་ལོག་གི་བུད་མེད་དེས་ངུ་སྐད་ཙ་ར་ར་འབྱིན་གྱིན་པའི་བྱིས་པ་ལག་མགོར་གསོར་བཞིན་༼མ་ངུ་ཨ། ད་མྱུར་དུ་འུ་ཚོ་ཡུལ་ལ་འགྲོ་༽ཟེར་བཞིན་བྱིས་པ་དེ་གམ་གྱི་བུད་མེད་དེའི་ལག་ཏུ་བཞག དེ་མ་ཐག་རྒད་པོ་བོད་ལྭ་ཅན་པོ་དེས་༼ད་ཐོན་དང་ཐ། ཐོན་དང་ཐ་༽ཟེར། ཚང་མས་འཛུམ་མདངས་དང་ལྷན་དུ་ཟམ་ཁ་དེའི་ཕྱོགས་ལ་ཡང་བསྐྱར་བལྟས། ཀླད་པ་ཅུང་ཤུལ་འདུག་པའི་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པའི་སྐྱེས་པ་ཞིག་ཟམ་པ་དེ་བརྒྱུད་ནས་རླངས་འཁོར་གྱི་ཕྱོགས་སུ་ཐོན་བྱུང་། ཁོས་སྐད་ཅུང་སྐད་འགག་འགག་ངང་༼ད་འུ་ཚོ་ལམ་ལ་ཆས་༽ཟེར།

བློ་ཡུལ་ལས་འདས་པ་ཞིག་ལ་ཕ་ཡུལ་གྱི་གཞུང་ལམ་ཞིག་གསོ་བྱེད་ཀྱིན་པའི་སྒང་རེད། དེའི་སྟངས་ཀྱིས་གཞུང་ལམ་ནང་དུ་མཐོ་དམན་སྒང་གཤོང་འབར་འབུར་ཀྱིས་གང་འདུག་པས་ན་ཐོ་དག་དག་གི་ནང་དུ་སྐྱོད་བཞིན་པའི་ཚོར་སྣང་ཞིག་ཀྱང་སྐྱེས། རླངས་འཁོར་གྱིས་ཡར་ལྡེམ་མར་ལྡེམ་གྱི་སྐབས་དང་བསྟུན་ནས་ང་ཡུན་གྱིས་ཁོ་མོར་གླན་ཞིང་གཉིད་ཁུལ་བྱས་ཏེ་མགོ་བོ་ཁོ་མོའི་ཕྲག་པར་བཞག མཚམས་ཤིག་ལ་རླངས་འཁོར་གློ་བུར་དུ་དྲག་ཏུ་གཅིག་ལྡེམ་ནས་ངེད་གཉིས་ཀྱི་མགོ་ཐུག་ཅིག་བརྒྱབས། ངས་ཁྱོན་ནས་མ་ཤེས་ཚུལ་གྱིས་འཛུམ་མདངས་དང་ལྷན་དུ་ཁོ་མོར་བལྟས། ཡིན་ནའང་ཁོ་མོས་ང་མིག་ཟུར་ཙམ་ཡང་མི་བལྟ་བར་སྔར་བཞིན་མདུན་ལ་བལྟས་འདུག ཅུང་མ་འགོར་བར་ངས་མུ་མཐུད་དུ་གཉིད་ཁུལ་བྱས། སྐབས་ཤིག་ལ་བལྟ་ཕྱོགས་ཤིག་གིས་རྒད་པོའི་ལག་པ་གཡས་པ་བུད་མེད་དེའི་བརླ་སྟེང་ན་ཡང་མོར་རེག་གྱིན་འདུག ང་དངངས་སྐྲག་ཅིག་དང་ལྷན་དུ་ཅི་ཡང་མ་རིག་ཁུལ་བྱས། ངའི་སེམས་ལ་འདི་ངོ་མ་ཨེ་ཡིན་སྙམ་བཞིན་རང་གི་མིག་ལའང་ཡིད་མི་ཆེས། ངས་དང་ཐོག་ཁོ་མོ་ནི་རྒད་པོ་དེའི་བུ་མོ་རེད་བསམ་ཡོད། ཡིན་ནའང་འདི་ནི་བློ་ཡིད་ལས་འདས་པ་ཞིག་རེད། ད་ནི་ངས་ཀྱས་རང་གི་ཟློས་གར་དེ་འཁྲབ་མཚམས་མི་འཇོག་ཀ་མེད་རེད། དེ་བས་གཉིད་སངས་སོང་ཚུལ་གྱིས་གླལ་སྒྱིང་ཞིག་དང་ལྷན་དུ་རང་གི་ས་ནས་དྲང་མོར་ཙོག་ནས་བསྡད།

མཐར་མར་ང་ཚོ་ཕ་ཡུལ་གྱི་ཞང་ཐོག་ཏུ་འབྱོར། དེ་དུས་རྒད་པོ་དེ་དང་བུད་མེད་དེ་བབས་བྱུང་། བུད་མེད་དེས་འཐད་མི་འཐད་ངང་ཁྱ་རེ་ཁྱོ་རེ་བྱེད་བཞིན་པའི་རྒད་པོ་དེའི་གཞུག་ལ་དེད་ནས་བུད་ཐ། ཁ་ལོ་བ་དང་ཁོའི་འགྲམ་གྱི་རྒད་པོ་དེ་གཉིས་ཀྱི་ཁ་བརྡ་ལས་ངས་ཁོ་མོ་ནི་ཡུགས་ས་མ་ཞིག་ཡིན་གཞི་ནས་རྟོགས། དེ་མ་ཐག་ང་ཞེ་སྡང་དྲག་པོ་ལང་བཞིན་ཁོ་གཉིས་ཀྱི་ཁ་བརྡ་རྣ་ལམ་དུ་གཏན་ནས་མ་སོང་། ༼འདི་ད་ངའི་ཕ་ཡུལ་གྱི་ཡུགས་མ་ཞིག་གི་གནས་བབས་ཡིན་སོང་ནི་ཨེ་རེད། རྒད་པོ་ཧོན་ལོག་ག་མ་གཏོགས་བུད་མེད་དེ་དགོས་ནི་མེད་སོང་ནི་ཨེ་རེད་༽ཅེས་རང་གིས་རང་ལ་དེ་ལྟར་དྲིས། ཏག་ཏག་སྐབས་འདི་ལ་སྐྱོ་བ་ལྕི་མོ་ཞིག་དང་ལྷན་དུ་དངོས་ནས་དྲང་ནས་༼ཕ་ཡུལ། ཁྱེད་ཀྱི་བྱེད་སྟངས་ལ་ལ་ཞིག་གིས་འུ་གཉིས་ཀྱི་ཁ་ཐག་ཇེ་རིང་དུ་བཏང་འགྲོ་༽ཅེས་པའི་སེམས་གཏམ་འདི་འཛེམ་བག་ཅི་ཡང་མེད་པར་བཤད་ན་འདོད། དེ་མ་ཐག་རླངས་འཁོར་ཡང་བསྡད་བྱུང་ངའང་འབབ་ཚད་ལ་ཐོན་འདུག་གོ།།