(སྐབས་སུམ་ཅུ་བའི་དགེ་རྒན་དུས་ཆེན་ལ་ཕུལ།)

སྔོ་ཞིང་གཡའ་དག་པའི་ཀུན་གསལ་/
ཡངས་ཤིང་རྒྱ་ཆེ་པའི་ས་གཞི/
སྔོ་ལྗང་གཡུ་ལོ་བཀྲ་བའི་ལྗོན་ཤིང་/
འདབ་ལོ་ལྷུག་པར་བཞད་པའི་མེ་ཏོག/
ཨེ་མ་–
དེ་ལས་ཀྱང་ཉམས་དགའ་བ་ནི་/
ཤར་ཕྱོགས་ལྷུན་པོའི་ཕྲག་ན་/
འོད་འཆེམ་འཆེམ་དུ་འཕྲོས་པའི་ཉི་མ་གཞོན་ནུ་དེ་རེད/
ལྟོས་དང་/
དྲོ་འཇམ་གྱི་རང་གཤིས་ལ་གྲང་རེག་གི་བསླུ་བྲུད་མེད་ལ/
འོད་ཀྱི་ཐིག་ལེ་ནི་དབང་བོའི་གཞུ/
རྨ་བྱའི་སྒྲོ་/
ལྷ་བཟོའི་བྲིས/
ཀྱེ་–འདི་ནི་རང་བཞིན་གྱི་རྒྱུ་སྐར་ཞིག་མ་ཡིན་ཏེ་/
ཁྱེད་མེད་ན/
རྨོངས་མུན་དང་ལོག་རྟོག་གི་མུན་པ་སེལ་མི་ཐུབ་ལ་/
རྗེས་ལུས་དང་ཀླ་ཀློའི་རྣམ་པ་མཐོང་མི་ཐུབ/
རིག་བཅུའི་ལྗོན་ཤིང་གི་ཡལ་ག་དེ་བས་ཀྱང་རྒྱས་ག་ལ་ཐུབ/
ཁྱེད་བཞུགས་པའི་བཀའ་དྲིན་གྱིས་/
རྙིང་ཞེན་དང་བག་འཁུམ་/
རྨོངས་དད་ལེ་ལོ/
རྗེས་ལུས་དང་ཀླ་ཀློ་/
མུན་ནག་དང་ལོག་སྤྱོད་ཀྱི་ལམ་ཁ་ནས་ལྡོག་ཏེ/
མི་རབས་གསར་བ་ཞིག་གི་ཕུགས་འདུན་མངོན་ཐུབ་སོང་/

སློབ་དཔོན་ལགས་  —    ཉི་མ་གཞོན་ནུ/
ཁྱེད་བཞུགས་པས་/
ངེད་ཅག་གི་མདུན་ལམ་ལ་འོད་སྟོང་ལྡན་ཞིང་/
ལས་འགན་ལ་གཟི་བརྗིད་ལྡན/
ང་ཚོའི་འཚོ་བར་བདེ་སྐྱིད་ལྡན་ལ/
མི་ཚེ་ལ་རིན་ཐང་ལྡན/
ཁྱེད་ཀྱི་དྲིན་ལས་/
ང་ཚོའི་རྨོངས་བའི་མུན་པ་སེལ་ཞིང་/
ང་ཚོའི་གཟུགས་འཛིན་ལ་ནུས་པ་ལྡན་སོང་/
སློབ་དཔོན་ལགས་–ཉི་མ་གཞོན་ནུ/
ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ/

༢༠༡༤/༩/༣ཉིན/   ཞེས་ལྡོང་དོན་ཚེ་ནས།