གྲྭ་ཤག་གི་ཕྱི་ནང་ལ་རྡུལ་མང་དུ་བབས
རྡུལ་གྱི་གསེང་དུ་ཁ་དོག་མེད་པའི་རས་གཟན་ཞིག་ཡོད
རྟེན་འབྲེལ་དང་སྟོང་པའི་ཐ་སྙད་དག་ནི
དགོང་མོ་དེའི་ཟླ་འོད་རྙིང་པའི་གཟུགས་སུ
རབ་གསལ་གྱི་མཐོང་ནས་ག་ལེར་འཕྲོས

ཉལ་ཁྲི་སྒུལ་བོ་ཞིག་གི་སྟེང་དུ་སུ་ཞིག་ཐང་ཆད་དེ་ཡོད
ཡིད་ཁམས་མི་དྭངས་བའི་མཚན་མོ་རེ་རེ
ཁོས་འདི་ལྟར་ཤི་བ་བཞིན་ཕར་ལ་བསྐྱལ་ཞིང
ཡར་ངོ་ཡི་ཟླ་འོད་རྙིང་པ་དག་ལའང་ལམ་འཇུག་བྱ་མ་ཐུབ

རོ་ཧྲིངས་བ་ལྟ་བུ་མཚན་མོ་དང་ཉི་མ་མང་པོར
ཐ་སྙད་གཙུབ་བརྡར་གྱི་ཤོག་ལྷེ་རེ་འགའ་གསེད་ནས
འཆར་ཅན་གྱི་རྨི་ལམ་དག་ནི་གཏིང་བརྗེད་དུ་སོང་ཟིན
ད་ནི་ཅི་སྟེ ང་རང་ཡང་རྡུལ་ཡང་མོ་རེ་ལ་འགྱུར་ནས
རྗེས་མེད་པར་གྲྭ་ཤག་དག་གི་སྒོ་ཤོད་དུ་འབབ་རན

ཅོག་ཙེ་འཐེང་བོ་དང་ ཉལ་ཁྲི་སྒུལ་བོ
དཔེ་དེབ་དྲེག་པ་ཅན་དང་ གློག་ཀླད་ཆག་རོ
མཁོ་ཆས་སུ་འབོད་འོས་པའི་བེམ་པོ་འདི་དག་གིས
ང་རང་ཡང་ཡང་ཐང་ཆད་དུ་བཅུག་སྟེ
གློ་བ་ཉེ་བའི་མི་དག་གི་མིང་ཡང་འབོད་མ་ཐུབ
2014. 6. 12