—-ཨ་ཅེ་ལྷ་མོ་ཚེ་རིང་ལ་ཕུལ་བ།

འཚོ

དྲན་འཛིན་ལ་བཏབ་པའི་གཏམ་རྒྱུད་གྱི་རྐང་ལམ་ཕྲ་མོ
ལོ་ཟླའི་ཁུགས་སོ་ན་སྲ་བརྟན་དུ་འགྱིང་བའི་སྐྱོ་གར་གྱི་རྐང་རྗེས་སྐྱ་བོ
ང་ཚོར་འདུ་ཡི་མཐོང་ལམ་བརྒྱུད་དེ་ཁྱོད་ཀྱི་འཇིག་རྟེན་ལ་སླེབས་ཡོང
ང་མི་ཁོམ་པའི་ལྟག་སྒོ་འགྲིམ་ནས་ཁྱོད་ཀྱི་ཁེར་ཧྲེང་གི་མཚན་ལྗོངས་སུ་བུད་ཡོང

བཅུ་དྲུག་གཞོན་ནུ་མ་ཞིག་གི་སྐྲ་སྟོན་གྱི་བགྱི་བ་སྤང་ལྗོངས་ཀྱི་བང་རུམ་ནས་འབུས་དུས
མཐོ་སྒང་གི་རྣ་བར་བཏགས་པའི་ཉི་ཟླ་ཁྱོད་ཀྱི་སེམས་ཁོངས་ལ་སྒྲོན་པའི་འཇའ་གུར་ཡིན
སྤང་ཐང་ལ་བཀྲམ་པའི་རྟ་ནོར་ལུག་གསུམ་ས་སྲོད་ཀྱི་ན་བུན་དང་འདྲེས་ནས་ཆོན་ཐག་ལ་མགོ་རྒྱབ་འཕྲུག་དུས
སུ་ཚང་གི་གོ་ཁར་འཁྱིལ་བའི་དྲོད་ཁོལ་གྱི་མེ་འོད་ཁྱོད་ལ་བདེ་སྐྱིད་དུ་འབར་བའི་འོད་སྣང་གི་མཆོད་མེ་ཡིན
དད་ཀློང་གི་ཉི་མ་ལྷ་སར་བསོད་ནམས་ཀྱི་ཐོད་པ་གཏུགས་ཏེ་ལུས་ངག་ཡིད་ཀྱི་དགེ་རྩ་འགྲོ་བ་སེམས་ཅན་ལ་བསྔོ་ཞིང་སྨོན་དུས
བྱམས་དང་སྙིང་རྗེའི་དག་གཙང་གི་བྱིན་རླབས་ཁྱོད་ཀྱི་བླ་སྲོག་ལ་བྱུག་པའི་ཡིག་དྲུག་གི་གསེར་ཆུ་ཡིན
ཡབ་ཆེན་གྱིས་ཁྱོད་ལ་གནང་བའི་རེ་བཞག་གི་སེམས་གཏམ་དཀར་བོ
ཐང་དཀར་རྒོད་པོ་ཞིག་གི་བྱིས་བློ་ཡི་སྐེ་ལ་འཕང་ནས་ཐག་རིང་གི་ས་མཐའ་ལ་ཅིར་འཕེན
ཡུམ་ཆེན་གྱིས་ཁྱོད་ལ་བསླབ་པའི་འཚོ་གནས་ཀྱི་པགས་ཚགས་དྲོན་མོ
རྨ་ཆུའི་རབས་ཁ་ཞིག་ནས་ཤར་ཕྱོགས་རྒྱ་མཚོར་འཁུར་བའི་བདག་མེད་དྭ་ཕྲུག་ཅིག་ཏུ་ཅིར་གཡུགས
དྲོད་འཇམ་གྱི་ཉི་འོག་འདིར་ཁྱོད་ནི་གསར་དུ་འབུས་པའི་མེ་ཏོག་སེར་ཆེན་རྐང་གཅིག
ཉི་འོད་ཀྱི་འཇམ་མཉེན་དང་སྦྲང་ཆར་གྱི་བསུ་མར་འགྲོགས་ནས་མི་ཡུལ་ལ་མཛེས་སྡུག་གནང་དགོས
དྭངས་གཙང་གི་རྩྭ་ཐང་འདིར་ཁྱོད་ནི་ལྷོ་ཕྱོགས་མོན་ཡུལ་ནས་སླེབས་པའི་ཁུ་བྱུག་སྔོན་མོ་ཞིག
རེ་བཞག་དང་བརྩེ་འདང་གིས་ཉིན་སྒུག་མཚན་སྒུག་བྱས་པའི་ཉན་པ་བོར་དགའ་བདེ་ཡི་རིང་གི་སྐད་སྙན་བསྒྲགས་དགོས

ནི

སུ་ཞིག་གི་ལག་ཟུང་གིས་དཀྲུགས་ཀྱིན་པའི་ཁྱོད་ཀྱི་ཟབ་ས་དེ་ན་ཅི་ཞིག་ཡོད
ངོ་ཚའི་ཕྱི་ཐུམ་བརྩེགས་པའི་ཁྱོད་ཀྱི་ཟབ་ས་དེ་ན་སུ་ཞིག་གི་འདྲ་རིས་སྐུང་ཡོད
མི་མང་འཚོགས་པའི་ཟུར་སྣེ་ནས་ཁྱོད་ཀྱི་མིག་ཟུང་སུ་ཞིག་གི་རྒྱབ་གཟུགས་ལ་བོར་སོང
ཁ་ཁུ་སིམ་པའི་མཚན་མོའི་རྨི་ལམ་དུ་སུ་ཞིག་གི་ངོ་གདོང་ཁྱོད་ཀྱི་ནམ་མཁའ་ན་དཔྱངས་ཡོད
འབྲོག་ཁྱི་བཙན་པོས་མི་ཁོག་པའི་མི་བུ་དེ་དག་གི་ཁྲོད་སེམས་ཁ་འཕྲོག་པའི་རྒྱལ་སྲས་སུ་ཞིག་བྱོན་མྱོང
དུས་ཚོད་ཀྱིས་ཁྱོད་ལ་བཟོས་པའི་འཇོ་སྒེག་གི་ལང་ཚོ་གོས་སྐུ་བཞིན་གསར་བུ་ཚོའི་དད་སེམས་ལ་འདྲེས་དུས
གོམས་སྲོལ་གྱི་འདུ་ཤེས་འཆི་བདག་བཞིན་ཁྱོད་ཀྱི་བརྩེ་དུང་གི་འཇིག་རྟེན་ལ་བཀོད་འདོམས་སུ་ཐོན་དུས
ཁྱོད་ནི་མཆོད་པར་དབུལ་རྒྱུའི་མེ་ཏོག་ཡིན་ནམ་སྐྱེད་ཚལ་དུ་གཟུགས་རྒྱུའི་སྡོང་ཕྲུག་ཡིན
ཁྱོད་ནི་ཡག་ལ་དབང་བའི་དབྱངས་ཅན་ཡིན་ནམ་རྒྱུ་ལ་དབང་བའི་ནོར་སྦྱིན་ལགས
ཡོད་ཚད་བཀོད་སྒྲིག་བྱས་ཚར་བའི་དབྱར་ལྭའི་ཁུགས་ན་ཁྱོད་ལ་སྤྲོ་དགའ་སྦྱིན་པའི་ཨ་སྔོན་ཡོད་དམ
རྨི་ལམ་ལྟ་བུའི་འཚོ་ཐབས་ཀྱི་མདུད་པའི་ཁག་ན་ཁྱོད་ལ་དབང་བའི་བདེ་སྐྱིད་ཀྱི་རབ་གནས་མཆིས་སམ
ཁ་ཆར་བུ་ཡུག་གི་ལོ་ཟླས་ཁྱེད་གཉིས་ལ་བསྩལ་བའི་མདུན་བསྐྱོད་ཀྱི་འཛིན་བྱང་གཟུགས་མེད
མེད་ནས་ཡོད་ཡོད་ནས་ཟབ་ཟབ་ནས་ཟབ་པའི་དམ་ཚིག་གི་གཡང་དར་བཙན་པོ་ཁྱེད་ཚང་གི་སྒོ་དར་བཞིན་ལྷབ་ལྷབ་དུ་བསྐྱོད
ཁ་དོག་གིས་བཟོས་པའི་འཇིག་རྟེན་དུ་འདྲེ་གདོན་དང་འགལ་རྐྱེན་གྱི་གྲུབ་གཟུགས་རྩུབ་པོ
འཛེམ་མེད་བག་མེད་ཀྱིས་ཁྱིམ་ཚང་རེ་རེའི་སྒོ་དྲུང་ལ་གདན་འདྲེན་དུ་རྒྱུ་དུས
ཁྱེད་ཚང་གི་བསང་ཁུག་གང་ལ་བོར་སོང་ཁྱོད་ཀྱི་སེམས་རྟེན་གང་ལ་ཁུར་སོང
སོ་སོའི་ལ་རྒྱ་དང་འཁྲེང་སེམས་ཀྱི་ལམ་སྣེ་ཤར་ནུབ་ལ་འབྲེལ་ནས་གྱེས་བྲལ་གྱི་མིག་ཆུ་ལྷུང་དུས
ཁོས་རྟ་གོང་ནས་ཕྱིར་མིག་སློག་ཏེ་ཁྱོད་ཀྱི་མིང་ནས་འབོད་བཞིན〝ང་ལ་འགྲོགས་ནས་འགྲོ〞ཟེར་དུས
ཁྱོད་ཀྱིས་ཁོའི་ལག་མགོ་ལ་འཇུས་ནས〝ཁྱོད་མ་འགྲོ་སང་ཉིན་ལ་དཀར་ཆ་ཡོད་ངེས〞པར་བརྗོད་དུས
ལས་དབང་གི་སོར་གདུབ་རྒྱུད་སྐུད་ཀྱི་བར་ནས་ལྷུང་སྟེ་གཡང་གཟར་གྱི་འདབས་ལ་ལྷུང་སོང་བ་ཨེ་རེད
བརྩེ་དུང་གི་ལུག་ཁྱུ་སྨུག་ཀློང་ནས་བོར་ཏེ་ས་མཐའ་ལ་དབང་མེད་དུ་འཐོར་སོང་བ་ཨེ་རེད

གཏམ

དྲག་ཆར་གྱིས་རི་ལུང་གཞོམ་པའི་མཚན་མོ་ཞིག་ལ
ཐག་འབྲུག་གློག་གསུམ་གྱིས་སྒོ་ཁྱི་ལ་ངུ་ཟུག་སློང་བའི་མཚན་མོ་དེ་ལ
སུ་ཚང་གི་སྦྲ་ནག་བསྒྱེལ་སོང སུ་ཚང་གི་སྒྱེད་པུ་གཏོར་སོང
གོད་ཆག་ལ་ལྟད་མོར་ཡོང་བའི་ཁྭ་ཏའི་སྐད་ངན་གྱི་རྒྱབ་ནས
ཁྱིམ་གཞིས་གཏོར་ཞིང་བཅོམ་པའི་ལྐོག་གྱུར་གྱི་སྔོན་བརྡ་བཙན་པོའི་དེའི་འབྲེལ་ལམ་ནས
སུ་ཞིག་གི་ཆུ་ཟོམ་འཐོར་སོང སུ་ཞིག་གི་རྨི་ལམ་དཀྲུགས་སོང
ལམ་འགྲོ་བའི་སྨྲ་བརྗོད་ལ་འདྲེས་པའི་སྐྱོ་གདུང་གི་ཟུག་གཟེར་རྒོད་པོ
ཉེ་དུ་དང་ཚོ་མྱི་ཚོའི་ངོ་གདོང་ལ་འབྱར་བའི་གོད་ཆག་གི་གཉེར་མ་རྫབ་པོ
བདེན་པར་སྙམ་ཞིང་ཡིད་ཆེས་མི་ཐུབ་པའི་མྱ་ངན་གྱི་རྡུང་རྡེག་ཐུ་མོ
གནས་ག་ཤེད་ཅིག་ཏུ་ཉེར་ཚགས་ལ་འཁུར་བའི་ཤི་བོ་ཚོའི་བེམ་གཟུགས་རེ་རེ
སྦྲ་སྒོ་ན་དྲན་པ་འཐོར་ནས་བདག་འཛིན་མེད་པའི་བུ་མོ་དེ་སུ་ཡིན་ནམ
སང་ཉིན་གྱི་གཞིས་མལ་མངོན་གྱུར་གྱི་མིག་ཆུའི་ལྷས་ལ་ལྷུང་བའི་བུ་མོ་དེ་སུ་ཡིན་ནམ
བདེ་སྐྱིད་ཀྱི་མཁར་རྫོང་ཞིག་སྐད་ཅིག་དེ་ལ་འཐོར་ནས་སུ་ཞིག་གི་ནང་ཁག་གཤེགས
དགོད་སྒྲ་ལ་འཐིམ་པའི་ཁ་སང་ཞིག་བར་མཚམས་དེ་ནས་ཆད་དེ་རྨི་ལམ་གྱི་སྨིག་རྒྱུ་ལ་འདྲེས

རྒྱུད

དཀར་ཆ་མེད་པའི་མུན་ནག་གི་ནམ་མཁར་དཔྱངས་པའི་སྡུག་བསྔལ་གྱི་གློག་སྒྲོན
ཉིན་མཚན་ཁྲི་ཕྲག་གི་འཇིག་རྟེན་ལ་སྟོན་ཟླའི་སྐར་ཚོགས་བཞིན་བཀྲ
འཇིག་རྟེན་གྱི་ཁ་དོག་འགྱུར་ཉིན་ཕྱོགས་བཞི་ལ་བསྲིངས་པའི་འགྲོ་ལམ་ཡང་རབ་རིབ་མག་མོག་ཏུ་གྱུར
སུས་ཀྱང་རྟོགས་མི་ཐུབ་པའི་མི་ཡུལ་གྱི་མནར་གཅོད་གཞི་བདག་བཞིན་ཁྱོད་ཀྱི་ཚེ་སྲོག་ལ་གཏིམས
ཁྱོད་རང་སད་དང་གཤིབ་རྒྱུགས་ཀྱི་རྒྱལ་ཁ་ལས་བཏུས་པའི་མེ་ཏོག་ལྟ་བུའི་གཅེས་ཕྲུག་དེ་དག་ནི་ཇི་འདྲའི་སྙིང་རྗེ་ཨང
ཁྱོད་ཀྱིས་འབྲོག་སྡེ་དང་བདེ་མོ་བཞག་ནས་གྲོང་ཁྱེར་གྱི་སྲང་ལམ་དུ་སྤེལ་བའི་རྐང་རྗེས་དེ་དག་ནི་ཆང་དཀར་ཞིག་ལྟར་ཇི་འདྲས་བཟི་ཁ་འབར་ཨང
འཇིག་རྟེན་གྱི་ཆེས་ཆུང་བའི་གྲུ་ཟུར་ཞིག་ན་ཆགས་པའི་ཁྱོད་ཀྱི་འཁོར་བ་ཆུང་ཆུང
འདུ་བྲལ་གྱི་ཕྲེང་བ་ནས་གཡས་ལ་འདྲེན་ཞིང་གཡོན་ལ་བཞུད
ཚེ་སྲོག་གི་ཆེས་རྗེས་མ་ཞིག་ལ་གཏོགས་པའི་ཁྱོད་ཀྱི་རེ་བའི་དབུགས་རྒྱུན་ཐུང་ཐུང
སྐྱོ་གདུང་གི་ཟུག་གཟེར་བརྒྱུད་དེ་ཟུངས་ཁྲག་གི་སྒྲིག་གཞི་ལ་རམ་དཀྲོལ་བགྱི
གོམས་རྒྱུན་གྱི་སྙིང་སྟོབས་ཤིག་གིས་ཁྱོད་ཀྱིས་ལས་དབང་ལ་འཁང་ར་བྱས་ཡོད་མ་རེད
རེ་ཤུགས་ཀྱི་མེ་ལྕེ་ཕྲན་བུ་ཞིག་གིས་ཁྱོད་ཀྱིས་མི་ཡུལ་ལ་དམའ་འབེབ་བྱེད་སྲིད་མ་རེད
དེ་ལྟ་ནའང་ཁྱོད་ཀྱི་རལ་ཟིན་པའི་སེམས་ཁམས་དེར་སུ་ཞིག་གིས་འཚེམ་བཟོ་བྱ
དེ་ལྟ་ནའང་ཁྱོད་ཀྱི་ཤོར་ཟིན་པའི་སྣང་བ་དེ་སུ་ཞིག་གིས་བསྡུ་བསགས་རྒྱག

ཅིག

ཟུག་གཟེར་དང་རེ་སྨོན་གྱིས་བཞུར་བའི་རྨ་ཆུའི་ཁུགས་སོ་དང་བོ་ན
རྨ་ཆུ་ནི་ལོ་ཟླ་དང་ཚེ་སྲོག་གི་བྱེད་པོ་བཞིན་ལོ་རྒྱུས་དང་ཕྱིར་དྲན་གྱི་གླེགས་བམ་འདོན
ཁྱད་མཚར་ལ་ཞེ་ལོག་པའི་རྩྭ་གསེང་གི་མི་ཡུལ་གྱི་སྐྲ་ལོ་ཐར་ཐོར
སྤང་ཐང་གི་མི་ལ་གནང་བའི་ལེགས་སྐྱེས་དང་སྐྱོ་གདུང་ཡིན་ནམ
དོན་གྱིས་སྟོང་བ་སེམས་ཀྱིས་ཚོར་ཡང་གནས་མལ་ཞིག་ཡོད་ཡོད་འདྲ་བས
མིག་ཆུ་རྡོག་པོ་རེ་རེར་བརྟེན་ནས་བྱུང་བའི་ཚེ་སྲོག་གི་ལམ་བུ་དེར་མག་མོག་གི་གོམ་པ་སྤོས
ཁྱོད་ཀྱི་ཐོད་པར་བྲིས་པའི་ལོ་ཟླའི་གཉེར་མ་རེ་རེའི་ཁུད་དུ་འཚང་བའི་ན་ཟུག་གི་རྨ་ཁ
སུ་ཞིག་གི་མིག་གིས་མཐོང་ཡང་སུ་ཞིག་གི་ཚོར་བས་ཇི་ལྟར་གཞལ
………