ཕྱི་ཡུལ་གྱི་དྲག་ཆར་དང་རླུང་བུས་ང་ལ་པྲ་ཆལ་གྱི་ཟུག་གཟེར་སློང་མ་ཐུབ
རྣམ་ཤེས་མཚན་དཀྱིལ་གྱི་བཟི་བོ་ཞིག་ལྟར་ཁྱོད་ཀྱི་ཞལ་རས་ཀྱི་པང་དུ་ལྷུང
རྣམ་རིག་རྒྱས་པའི་ཁྱོད་ཀྱི་སྤྱན་ཟུང་ངའི་ནམ་མཁའ་ལ་སྐར་ཚོགས་བཞིན་འཛུམ
གསལ་ལ་མི་གསལ་བའི་བསླུ་བྲིད་ཀྱི་འོད་ཕྲན་དེས
ང་རང་མི་ཡུལ་གྱི་ཟབ་སར་མི་ལོ་སྟོང་ཕྲག་ལ་ཉུལ་འོས་པའི་གདམས་པ་སྟོན
〝ཁྱོད་དང་ལག་རྡང་སྦྲེལ་བས་མིག་བཙུམ་ནས་སོང་ནའང་མགོ་འཁོར་མི་སྲིད〞
དྲན་འཛིན་ཁ་ཏོན་ལ་དགའ་བའི་ཁྱོད་ཀྱི་སྐད་ཆ་དེ་དག་གིས་ཁོ་བོའི་ཁ་ཕྱོགས་ནོར་བར་བྱས
ལམ་གྱི་བཞི་མདོ་ལ་སླེབས་རྗེས་གཟོད་བརྩེ་དུང་གི་ལྡེ་མིག་གང་ནས་བོར་བ་ཡིད་ལ་དྲན
ད་ལྟ་ཁྱོད་ཀྱི་ཞལ་རས་ཀྱི་པང་ན་བསྒྱེལ་བའི་སྐྱེས་བུ་འདི་ཇི་ལྟར་ནི་བདག་ཏུ་གྱུར་ཟིན
ཀླད་པའི་འགུལ་སྤྱོད་འཁྲུགས་རྗེས་ངས་དོན་དངོས་དང་རྨི་ལམ་གྱི་དབྱེ་བ་མ་ཁོལ
དེ་ལྟ་ནའང་ང་རང་འཚོ་བ་འདིར་དགའ་ཞིང་ལོ་ངོ་བྱེ་བར་ཁྱོད་ཀྱི་པང་ནས་འཚོ་ཐུབ་པར་རེ་བ་བརྒྱབས
འགྲོ་བཞིན་པ་ནི་དུས་ཚོད་ཡིན་སྲིད ཟད་ཀྱིན་པ་ནི་ཚེ་སྲོག་ཡིན་སྲིད
ངས་ཁྱོད་ཀྱི་ཞལ་རས་ལས་མཛེས་པ་དང་དགའ་བདེ་ལས་ཅི་ཡང་མ་རྙེད
ངས་ཅི་ཡང་མ་རྙེད་པ་འདི་ནི་ཡོད་ཚད་ཐོབ་ཟིན་པའི་དངོས་གྲུབ་ལ་ཡིད་ཚུམ་ནས་བསྡད
ནམ་ཟླ་འདི་ལས་ལྡོག་རྗེས་ཁ་ཆར་བུ་ཡུག་གི་ངར་ཤུགས་མི་ཡུལ་གྱི་སེམས་ཁ་ལ་འདྲེས་ངེས
ང་རང་སྔར་བཞིན་དྲོད་ཁོལ་གྱིས་འཁྱིལ་བའི་ཁྱོད་ཀྱི་ཞལ་རས་འདིར་འཚོ་འདོད
གལ་སྲིད་དགའ་དུངས་ཀྱི་མདུན་ལམ་འཛིན་དུ་མེད་པའི་གསལ་ཞིང་རིག་པ་ཞིག་ཏུ་གྱུར་ན
ང་རང་འཛིན་དུ་མེད་པའི་གསལ་ཞིང་རིག་པ་དེའི་ངོ་བོར་ཁྱོད་ཀྱི་ཞལ་རས་འདིར་འཚོ་འདོད
གལ་སྲིད་ཉི་ཟླའི་འོད་སྣང་ས་ཡི་གོ་ལ་དང་འཐོར་ནས་མི་ཡུལ་ལ་འོད་སྣང་ཆད་པར་བྱས་ན
ང་རང་སྔར་བཞིན་ཁྱོད་ཀྱི་སྤྱན་ཟུང་གི་འོད་ཕྲན་ལ་བརྟེན་ནས་ཁྱོད་ཀྱི་ཞལ་རས་འདིར་འཚོ་འདོད
༢༠༡༤་༩་༡༣ཉིན།