འདི་ནས་ཡར་བརྩིས་ཀྱི་མི་ལོ་གཅིག་གཉིས་ཞིག་གི་སྔོན་དེར་བདག་གིས་སློབ་ཆེན་འདོན་གྱིན་ཡོད། སློབ་ཆེན་བཏོན་པའི་མི་ལོ་བཞིའི་རིང་ལ་བདག་གིས་ཀྱང་དྲྭ་སྟེང་དུ་སྙན་ངག་ཡིན་མདོག་གི།རྩོམ་ཡིན་མདོག་གི་ཡིག་ཉོག་ནང་ན་ཡིག་ནོར་མང་བ་མང་བོ་བྲིས་མྱངས།དེ་རྗེས་སློབ་ཆེན་མཐར་ཕྱིན་པ་དང་དུས་མཚུངས་སུ་དྲྭ་སྟེང་གི་ཟིན་བྲིས་ལ་ཁ་གྱེས་ཏེ་དེ་རིང་བར་མི་ལོ་གཅིག་གཉིས་ཞིག་འགོར་སོང་། དེ་ལྟར་ཁ་གྱེས་པ་ནི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་རྒྱུ་རྐྱེན་རྣམ་པ་སྣ་ཚོགས་སུ་ཡོད། དེའི་གཞུག་ནས། ཐེངས་དུ་མར་དྲྭ་སྟེང་དུ་ས་མིག་ཅིག་བཟུང་ནས་ཟིན་བྲིས་འབྲི་འདོད་ཀྱི་ཟ་འཕྲུག་ཕྱི་ནང་བར་གསུམ་ཀུན་ཏུ་སྐྱེས་ཀྱང་བསྲན་ནས་དེ་རིང་བར་བསྡད་པ་ཡིན། བདག་ལ་མཚོན་ན་དེ་ནི་ཆེས་ཆེ་བའི་སྡུག་བསྔལ་ཞིག་རེད་བཞག མ་ཟད་བཟོད་པར་དཀའ་བའི་སུན་སྣང་ཞིག་ཀྱང་རེད་བཞག མདང་ནུབ་དཔེ་ཆར་བལྟས་ཏེ་མཚན་དཀྱིལ་ཡོལ་རྗེས་མལ་དུ་ཉལ་བ་ཡིན་ལ་མལ་དུ་མ་ཉལ་བའི་གོང་རོལ་དུ་རྒྱུན་ལྡན་ལྟར་ཁ་པར་ནང་སྐད་འཕྲིན་གྱི་སྒོ་ཕྱེས་ཏེ་འཁྱུག་ཙམ་བལྟས་པ་ན་བཙན་པོ་ཟིན་བྲིས་ཟེར་བ་ཞིག་དེ་རིང་འཇིག་རྟེན་དུ་ཐོན་རྒྱུ་ཡིན་པའི་གསར་འགྱུར་ཐོས། དེ་མ་ཐག་ཇ་ཡུན་ཙམ་ལ་གཉིད་ཀྱང་སངས་བར་གྱུར་ནའང་མ་འགོར་བར་གཉིད་ལ་ཤོར་སོང་། རྨི་ལམ་དུའང་ཟིན་བྲིས་དེ་རུ་བྲིས་རྩོམ་ཡིག་བཀླགས་བཞིན་པའི་རྨི་ལམ་ཐན་ཐུན་རེ་རྨིས། ད་ནང་ཡར་ལངས་རྗེས་ཟིན་བྲིས་དེ་འཇིག་རྟེན་དུ་འཁྲུངས་བར་ལྟད་མོ་བལྟས་ཏེ་བསྡད། ཟིན་བྲིས་དེའི་དྲྭ་གནས་ཤེས་པར་རེ་སྒུག་བྱས་ཏེ་བསྡད། ད་ནི་དངོས་སུ་ཟིན་བྲིས་འདི་འཇིག་རྟེན་དུ་འཁྲུངས་བྱུང་ལ་རང་གི་མིག་གི་དགའ་སྟོན་དུའང་གསལ་ལེར་མངོན་བྱུང་། ཚོར་སྣང་གསར་བ་ཞིག་གིས་དོན་དག་རྙིང་བ་ཞིག་ཀྱང་བསྐྱལ་བྱུང་། ཐོག་མར་ང་རང་གིས་ཟིན་བྲིས་འདིར་ས་མིག་ཅིག་འཛིན་མིན་ལ་བསམ་བློ་བཏང་བ་ཡིན་མོད། དེ་དང་འབྲེལ་ནས་རང་གི་ནར་སོན་གྱི་ལོ་རྒྱུས་ལ་ཞིབ་འདང་ཞིག་མི་རྒྱག་ཀ་མེད་བྱུང་། ང་ལོ་ན་བཅུ་གཉིས་ཙམ་ལ་སོན་པའི་སྐབས་དེར་ང་ནི་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན།སྐབས་དེར་རྒྱུ་མཚན་ག་གེ་མོའི་དབང་གིས་ང་རང་སློབ་གྲྭ་ལས་བུད་དེ་ཕྱིར་རང་ཡུལ་དུ་བུད་སོང་། སྐབས་དེ་ནས་བཟུང་ན་ནིང་ད་ལོར་དགོན་པ་དང་ཟབ་སྦྱོང་འཛིན་གྲྭ་སྐོར་ཞིག་ལ་སོང་ནས་བོད་ཡིག་ལ་ཆེད་དུ་སྦྱངས་ཁུལ་ཙམ་བྱས་པ་ལས་བོད་ཡིག་སྦྱངས་བའི་གོ་སྐབས་མེད་པར་གྱུར་སོང་། ང་རང་སློབ་ཆེན་ལ་མ་སོང་བའི་སྔ་རོལ་གྱི་ལོ་གཅིག་གི་སྔོན་དེར་ཟི་ལིང་གི་དྲྭ་ཁང་ཞིག་ཏུ་དྲྭ་སྟེང་དུ་བོད་ཡིག་གི་ཟིན་བྲིས་དང་དྲ་བ་ཡོད་པ་ཤེས་གསལ་བྱུང་མོད་སྐབས་དེར་སྤྱོད་བཞིན་པ་ནི་པཎ་གཟུགས་ཡིན་པས་བོད་ཡིག་གི་གཟུགས་དངོས་སུ་དྲྭ་སྟེང་ནས་ལོངས་སུ་སྤྱོད་མ་ཐུབ། རིམ་བཞིན་པཎ་གཟུགས་གློག་ཀླད་དུ་ཕབ་ལེན་བྱེད་ཤེས་ཤིང་དྲྭ་སྟེང་གི་བོད་ཡིག་རྩོམ་ཡིག་མང་པོ་བཀླགས། རྗེས་ནས་སློབ་ཆེན་གྱི་ལོ་རིམ་གཉིས་པར་འཕར་སྐབས་ངས་ཕ་ལགས་ནས་བདག་ལ་ལག་འཁྱེར་གློག་ཀླད་ཅིག་ཉོས་ཤིང་སྐབས་དེ་ནས་བཟུང་ངས་ཉིན་རྒྱུན་དྲྭ་སྟེང་ནས་བོད་ཡིག་སྦྱངས་བ་ཡིན།རང་གིས་ཀྱང་ཟིན་བྲིས་ཤིག་བཟོས་ཏེ་ཟིན་བྲིས་ཉང་ཉུང་རེའང་བྲིས་པ་ཡིན། དེ་ནི་བདག་གིས་བོད་ཡིག་སྦྱངས་བའི་གོ་རིམ་ཡིན། དེ་ལྟར་རང་གི་ནར་སོན་གྱི་ལོ་རྒྱུས་ལ་ཕྱིར་འདང་ཞིག་བརྒྱབ་རྗེས་རང་གིས་རང་ལ་མུ་མཐུད་དུ་བོད་ཡིག་སློབས་ཞེས་གང་ཞིག་ནས་ཐོས་མྱོང་བ་མི་ཤེས་མོད།དགེ་རྒན་མེད་ན་ཆོག་ཀྱང་། དཔེ་ཆ་མེད་ན་རྩ་བ་ནས་མི་ཆོག་ཅེས་པའི་སྐད་ཆ་ཡིད་ལ་དྲན་པར་བྱས། ཏག་ཏག་སྐད་ཆ་འདི་ནི་བདག་གི་བཙན་པོ་ཟིན་བྲིས་འཇིག་རྟེན་དུ་འཁྲུངས་བའི་ལེག་སྐྱེས་སུ་འབུལ་འདོད་དོ།།