ཨ་ཕའི་བརྩེ་བ་དང་ཨ་མའི་དུང་བ་ལས་ཆད་པའི /

ངའི་སྙིང་གི་སྲིང་ཆུང་མ /

ཁང་བ་གྲུ་བཞིའི་ས་ཐབས་མཐའ་ན /

སྒེར་དོར་སྙིང་སྟོབས་འབུལ་བའི་བྱས་རྗེས་དང་ /

བཅོས་མའི་ཟློས་གར་བཞིན /

སྐྱེས་པ་ཚོའི་འདོད་པའི་བར་ན /

རང་ཉིད་ལ་རྒྱལ་ཁ་དང་ /

ཕུག་འདུན་གྱི་དུང་བ་མེད་པར /

བཅོས་མའི་བརྩེ་བ་དེ /

རྒྱལ་ཁར་རྩིས་ནས/       སྤྲོ་སྣང་རོག་པོ་ཞིག་གི་བར་བསེང་ནས /

(མཉམ་སྤྲོ་ཁང)གི་གཟུགས་འཚོང་མི་ཇི་བཞིན/

གཏམ་གླེང་མོག་པོ་ཞིག་གི་རྗེས་སོར་ན /

འཛུམ་མདངས་ཤིགས་སེ་ཤིགས /

འཚོ་ཐབས་དེ་ནི་ཁྱོད་ཀྱི /

མི་ལུས་རིན་ཆེན་འདྲ་བའི་རིན་ཐང་ཨེ་ཡིན /

སྲིང་ཆུང་མ /

 

སྦག་སྦག་འཁོར་ལོའི་རྒྱབ་སྟེགས་སྟེང་ན /

མི་དམངས་ཀྱི་འཚང་ཁའི་གསེབ་ནས /

གྲོག་མ་བཞིན་འདུར་རྒྱུགས་རྒོད་པ /

སུའི་ཆེད་དུ་ཡིན /     སྲིང་ཆུང་མ /

འཁྱུད་སྦྱོར་གྱི་བཟློས་གར་དང་ /

རང་ལུས་ཚོང་རྫས་སུ་འཁྲུལ་སོང་ངམ /

ཅི་སྟེ      མི་ཁའི་ཐོག་རྒོད་ལ་མི་སྐྲག་པར /

ཟ་ཁང་གྲུ་བཞི་དེའི་ནང་ནས /

རང་ཉིད་ཀྱི་ལང་ཚོ་དོན་མེད་དུ་ཟད་ན  /

མི་ཁ་ཞིག་རྗེས་ནས་ཡོང་བ་ཨེ་གོ /

མི་ཁའི་མདའ་མཚོན་དེ /

རང་མགོ་གཅོད་པའི་སྟ་གྲི་དང་ /

བཟའ་མི་ཚོའི་ཁ་ལྕེ་གཅོད་མཁན་ཡིན་པ་ཨེ་ཚོར /

 

ངའི་སྙིང་ན་མེ་ཏོག་བཞིན་འཚེར་བའི་སྲིང་ཆུང་མ  /

ཁྱེད་རང་ཕམ་སོང /        ཕམ་སོང་བའི་ཁྱེད་རང་ /

མགོ་སྟོང་འཁྱམ་པོ་ཚོའི་སྨྱོ་ཆུའི་དྲི་ངེད་འོག་ན/

ཁྱི་རྡུགས་རྒན་པོ་ཚོའི་བརྙས་བཅོས་མདུན་ན /

ནམ་ཡང་སྐྱོ་ངལ་དང་སྡུག་ཡེར་གྱི་མིག་ཆུ་ཤོར་སྲིད /

སྲིང་ཆུང་མ········བསམ་བློ་གཏོང་དང ་ /