ཁྱེད་ཉིད་ལྷ་མོ་ཅིག་ཏུ་འཁྲུལ་བ་ནས༎
བརྩེ་བའི་ལྷག་བསམ་ཡོད་པའི་འདུན་པ་ཟབ༎
ཁྱེད་རང་བུ་མོ་ཞིག་ཏུ་མཐོང་བ་ནས༎
འཁོར་བའི་ཁྱིམ་གཞིས་སྐྱོང་བའི་ཆུང་མར་བསམས༎
གང་ལྟར་སེམས་ཀྱི་གཏམ་འདི་ཁྱེད་ལ་སྤྲིངས༎

སྟོང་སེམས་རྨི་ལམ་ནང་གི་ལྷ་མོ་ལགས༎
རེ་བའི་མིག་ཟུང་ཅེར་ནས་ཁྱེད་ལ་བསྒུག།།
བརྩེ་བའི་འཇའ་འོད་ངོགས་ནས་ཁྱེད་ལ་བལྟས༎
དུངས་པའི་སེམས་པ་དམར་པོས་ཁྱེད་རང་བཙལ༎
ཁྱེད་དང་འཕྲད་པའི་དཀའ་བ་དང་དུ་བླངས༎

ཁ་ཐག་གནམ་ས་བཞིན་དུ་རིང་སོང་ཡང་༎
ཐུག་འཕྲད་འཇའ་འོད་བཞིན་དུ་ཡལ་སོང་ཡང་༎
འཛུམ་མདངས་སོར་མོ་གང་གི་མཚམས་བཞག་ཀྱང་༎
ལག་ཟུང་གཡུགས་ཐེངས་ཤིག་གིས་བུད་སོང་ཡང་༎
ཡ་ཆུང་སེམས་ནས་ཡལ་མེད་ཚོར་བ་ཡིན༎

ལོ་ཟླའི་བསླུ་བྲིད་བུ་མོས་འདི་སྐད་ཟེར༎
ལས་ཀྱི་དབང་ཐང་ཁྱེད་ལ་མེད་ཅེས་བཤད༎
ཡིད་ཆེས་གཏིང་ནས་མེད་པའི་ཁོ་བོ་ཡི༎
ལེ་དབར་ཁྲི་ཕྲག་བརྒྱུད་པ་ཁྱེད་ཀྱི་ཆེད༎
དེ་མིན་འདུ་འཛིའི་གྲོང་ལ་ཅི་ལ་འོང་༎

2014.7.3ཉིན་ཁྲིན་ཏུའུ་ནས་ཤར་མར་བྲིས།