གཏེར་སྣང་བྱེད།

སྙན་ངག་པ་ཚོ་གློ་མཆིན་གཉིས་ཀ་གཏུབ་པ་བཞིན།།
སྙན་ངག་པ་ཚོས་དམྱལ་བའི་ཁྲོལ་ཆུ་འཐུང་བ་བཞིན།།
སྙན་ངག་པ་ཚོས་འཁོར་བའི་སྨྱོ་ཆུ་མིད་པ་བཞིན།།
དགའ་སྡུག་གཉིས་ཀྱི་གཡུལ་འགྱེད་བར་ན་ངུ་ཞིང་དགོད།།

སྙན་ངག་པ་ཚོ་མེ་འོབས་ནང་དུ་མཆོང་བ་བཞིན།།
སྙན་ངག་པ་ཚོ་ལྕགས་འཛེར་ལུས་ལ་བརྡབ་པ་བཞིན།།
སྙན་ངག་པ་ཚོ་གཡང་གཟར་ཁ་ནས་ལྕེབ་པ་བཞིན།།
རུས་པའི་རྐང་གི་ན་ཟུག་ཡོད་ཚད་སྟོན་པར་བྱེད།།

སྙན་ངག་པ་ཚོ་འཆི་བདག་ཞགས་པས་བཅིངས་བ་བཞིན།།
སྙན་ངག་པ་ཚོ་གནམ་ས་གཉིས་ཀས་གཅུར་བ་བཞིན།།
སྙན་ངག་པ་ཚོ་རི་རབ་འོག་ཏུ་མནན་པ་བཞིན།།
ཚོར་བའི་ཕྱི་ནང་གཅེར་བུར་ཉིད་དུ་སྟོན་པར་བྱེད།།

སྙན་ངག་པ་ཚོ་འཇམ་པའི་དབྱངས་ཀྱི་རལ་གྲི་བཞིན།།
སྙན་ངག་པ་ཚོ་དབྱངས་ཅན་མ་ཡི་སྒེག་ཉམས་བཞིན།།
སྙན་ངག་པ་ཚོ་སྤྲེལ་མགོ་ཅན་གྱི་རྫུ་འཕྲུལ་བཞིན།།
སྲིད་པའི་སྒང་དུ་ཆོ་འཕྲུལ་ཅི་ཡང་སྟོན་པར་བྱེད།།

སྙན་ངག་པ་ཚོ་རྨ་ཆུ་སྔོན་མོ་བཞུར་བ་བཞིན།།
སྙན་ངག་པ་ཚོ་རྨ་ཆེན་གངས་རི་ཉིལ་བ་བཞིན།།
སྙན་ངག་པ་ཚོ་གངས་དཀར་ཏི་སེ་འགྱེལ་བ་བཞིན།།
འཁོར་བའི་འཁྲིས་སུ་སྙན་ངག་ཅི་ཡང་འབྲི་བར་བྱེད།།