མཚོ་ལྷོ། གཏེར་སྣང་བྱེད།

གནམ་གྱི་ཉི་ཟླ་ས་ལ་ལྷུང་ཞིང་འོད་ཀྱི་གཤོག་པ་འགུལ་གྲབས་བྱེད།།
རི་བོ་དག་ནི་འགྱེལ་བར་བྱེད་ལ་ནགས་ཀློང་ཀུན་ནི་འབར་ལ་དོགས།།
སྙན་ངག་པ་ཡིས་གཤིན་ཆུ་བརྒལ་ཞིང་ཁྲོལ་ཆུ་ཁོལ་མ་ཧུབ་འཐུང་བྱེད།།
རྒྱ་མཚོའི་གཡོ་སྐྱོམ་དྲག་ཏུ་འཕྱོ་བས་སྙིང་གི་འཕར་སྒྲ་འཇགས་ཐབས་དཀའ།།
སྙན་ངག་མཁན་པོ་ཧེ་ཙི་ཡིས་ཀྱང་ལྕགས་ལམ་སྒང་དུ་རྒུན་ཆང་གཞིབ།།
ཤར་གྱི་གློག་འོད་ནུབ་ལ་འཁྱུག་ཅིང་ནུབ་ཀྱི་འཇིག་རྟེན་བྱེད་པོས་ཀྱང་།།
འཇིམ་པས་བཟོས་པའི་ལྷ་ཚོགས་ཀུན་ལ་དམག་ཇུས་ཅི་ཡང་འདོན་པ་འོ།།
འཁོར་བའི་དཀྱིལ་འཁོར་སྙིང་ལ་འབྲི་བའི་བྱེད་པོ་དེ་ནི་བྱེད་པོ་ཉིད།།

ཚེར་མའི་ཞགས་ཐག་སྐེ་ལ་བསྐོན་ཡང་བག་ལེབ་ཟ་བཞིན་རང་དབང་ཟེར།།
དམྱལ་བའི་ཆོ་ག་རྗེན་པར་རིག་ཀྱང་རྩྭ་ལྷམ་གོན་ནས་རང་དབང་སྨྲ།།
འབྲོང་གཡག་དར་མའི་སྙིང་ཁྲག་འདོན་ལ་ཡ་ང་བག་ཚ་མེད་པ་ཡི།།
བསམ་ན་རྒྱལ་རབས་ཆ་རེ་འགའ་རེ་ཡོ་རབ་པ་ལ་འགྲན་ཡང་རུང་།།
འཕྱོང་ལྡིང་བྱེད་པའི་སྙིང་ཞིག་ཡོད་ཅེས་རང་གྲོལ་ལགས་ཀྱིས་ལབ་པ་དང་།།
འོད་གསལ་ལྷ་ཡི་གདུང་རྒྱུད་ཟེར་བས་དགེ་ཆོས་བློ་ཁ་མགུ་ཡོད་ཀྱང་།།
གནའ་རབས་ངག་སྒྲོས་བྲག་ལ་བརྐོས་པའི་མི་རབས་ཤིག་གི་བློ་སྤོབས་དེ།།
དཔྱད་ན་ག་ཤེད་ཤི་ཟིན་ཡིན་པ་སུ་དང་གང་ལ་འགབ་རྒྱུ་མེད།།