སྔོན་ཡུལ་ཕུ་ཤར་བྱ་བ་ཞིག་ཡོད། ཡུལ་དེའི་རི་བོ་འགའ་རེ་སྤང་དང་འགའ་རེ་ནི་རྫས་བསྐོར། ཆུ་ཕྲན་བར་མེད་ཤང་ཤང་རྒྱུགས། རི་བོའི་སྟེང་ན་རི་དྭགས་མི་གཅིག་པ་གནའ་བ་དང་རྒོ་བ། གླ་བ། ཝ་མོ་ལ་སོགས་སོས་དལ་བག་ཕེབས་སུ་འཚོ་ལ་འདབ་ཆགས་རིགས་རྣམས་ཀྱང་སྔོ་ལ་བཀྲ་བའི་ལྗོན་པའི་ཚལ་དང་མཁའ་དབྱིངས་ན་རང་འགར་རྒྱུ། ཡུལ་དེ་ན་ཁྱིམ་གྲངས་ལྔ་བཅུ་མ་ལོན་ཙམ་བདེ་བར་གནས་ཡོད། དེའི་མཐའ་འཁོར་ན་ཡོད་པའི་ཡུལ་གྲུ་རྣམས་ཀྱང་ཕན་ཚུན་རྩྭ་ས་རྩོད་པའི་རྙོག་གྲ་དང་ཆུ་བོ་ཤགས་པའི་འགལ་ཟླ་ཡང་མེད། རོང་དཔོན་ཚི་རིང་ཉི་མ་ཡང་དེ་སྔོན་དང་མི་འདྲ་བར་དོན་གང་གི་རྐྱེན་མ་ཤེས་ཀྱང་ངོ་གདོང་ནས་རང་ལ་ཁེ་ཕོགས་ཆེན་པོ་ཞིག་ཐོབ་པ་དང་འདྲ། གློ་བུར་ཉི་མ་དྲོ་བའི་ཉིན་མོ་ཞིག་ལ་གྲོང་ཚོར་བཀའ་བཙན་པོ་ཞིག་འབྱོར་བ་དང་ཐམས་བཅད་དོན་དེར་གླེང་མོལ་གང་སར་བྱེད་ཅིང་བསྡད། གཞུང་དྲངས་ཅན་གྱི་སྡེ་དཔོན་ཏེ་ནམ་རྒྱུན་མགོ་སྒུར་སྒུར་དང་ལྕེ་སྣར་སྣར་གྱི་གུས་ཞབས་ཆེ་བ་དང་། སྐད་ཆ་བཤོད་མཁས་པ། སྐབས་རེ་འདི་གར་ཡོང་མཁན་གྱི་མགོ་ཁྲིད་བལྟ་བསྐོར་བར་ཚོར་རང་ཉིད་ཀྱང་ངོ་སྤྲོད་བྱེད་པར་ཤིན་ཏུ་ནས་མཁས། ད་ཐེངས་ཀྱི་བཀའ་བཙན་པོ་ཕེབས་པ་ནས་བཟུང་ཁོ་རང་ནམ་རྒྱུན་ལས་བྲེལ་བ་ཆེ་མདོག་དང་། དལ་དལ་མིན་པའི་གོམ་པ་སྤོ་ཕྱོགས་འདིར་བལྟས་ན་ཕལ་ཆེར་དོན་ཆེན་ཅིག་ཡོད་བཟོ་འདུག གྲོང་ཚོ་མཐུས་ཚོགས་ཀྱི་སྒྲ་སྒམ་སྐད་ཤུགས་ཆེན་པོའི་ནང་ནས་དྲུང་ཡིག་གིས་ཟེར་དོན། ད་ལྟ་ལམ་སེང་ཚོགས་འདུ་འགངས་ཆེན་ཞིག་ཡོད། ཐེམ་གྲངས་རེ་ནས་མི་གོ་ཆོད་རེ་རེ་འདི་གར་ཕེབས་ཅེས་ལན་ཁ་ཤས་བསྒྲགས་སོང་། ད་དུང་ཚོགས་འདུར་སླེབས་མེད་པའི་དུད་ཚང་འདི་ཚོར་ཉེས་ཆས་ཡོད་ཅེས་ནན་བཤད་བྱས་སོང་།

ཁྱི་ཕྲུག

ཁྱི་ཕྲུག

ཡུན་རིང་མ་འགོར་བར་གྲོང་མི་རྣམས་འཛོམས་སོང་། གྲོང་དཔོན་ཉི་མ་ཚེ་རིང་ན་རེ། གྲོང་མི་ཚོ། ད་རིང་ཞོགས་པ་སྡེ་ཚོགས་དཔོན་པོ་༼ཤང་གི་སྒོ་འཛིན།༽བསོད་ནམས་ནས་གསུངས་དོན། ཁྱིམ་ཚང་བཞི་རེ་ནས་ཁྱི་རེ་བསྡུ་དགོས། དེར་སླེབས་པའི་ གྲོང་མི་རྣམས་འགའ་རེ་ནི་ཤོབ་ཤོབ་ངང་བཤོད་རེས་བྱེད། འགའ་རེ་ནི་ཧོན་ཐོར། འགའ་རེ་གྲོང་དཔོན་ལ་རྒྱུ་རྐྱེན་དྲིས་ནས་འཁྲུག་ཆ་དོད་པར་གྱུར། རོང་དཔོན་གི་འགྲེལ་བཤད་འདི་ལྟར་བྱས། འདི་ནི་གོང་ངོས་ནས་ཕེབས་པའི་བཀའ་རེད། ཚང་མས་གང་མགྱོགས་ཁྱི་གྲ་སྒྲིག་བྱ་དགོས། དེ་མིན་ན་སྒོར་བརྒྱད་བཅུ་ཉེས་པ་གཏོང་རྒྱུ་ཡིན་ཅེས་ལབ། ཉིན་གཉིས་ཀྱི་རྗེས་ལ་འདི་ག་གྲོང་ཚོ་གཞུང་དུ་བསྐྱལ་དགོས་ཅེས་འགན་འཁུར་ཆེན་པོས་བརྗོད།

ཚོགས་འདུ་གྲོལ་རྗེས་ཚང་མ་ཅི་བྱ་གཏོལ་མེད་དུ་ལུས། འགའ་རེས་ནི་རང་གི་སྒོ་ཁྱི་བསྡུ་ཟེར། འགའ་རེ་ནི་ཁྱི་ནི་མི་རྣམས་ལ་བཀའ་དྲིན་ཆེ་བ་དང་ཁྱིམ་ཚང་སྲུང་བ་པོ་ཡིན་པས་སྒོར་མོ་བསྡུ་ཟེར། འགའ་རེ་ནི་ད་དུང་རྒྱུ་མཚན་གང་གི་ཁྱི་བསྡུ་བ་ཡིན་ཅེས་བར་མེད་གླེང་། ཚང་མས་གོ་ཐོས་ལ་ཁྱིམ་མཚེས་གྲོང་ཚོར་ཡང་འདི་དང་མཚུངས་པའི་བཀའ་འབྱོར་ནས་འུར་ཐིང་ངེར་གནས་ཚུལ་ཡང་གླེང་། དེ་ནས་ཉིན་གཉིས་ཀྱི་རྗེས་སུ་ཁྱི་བསྡུ་མཁན་གྱི་ཁྱི་ཁྲིད་ནས་སླེབས། སྒོར་མོ་བསྡུ་མཁན་རྣམས་སྒོར་མོ་འཁྱེར་ནས་སླེབས། འོན་ཏེ་ག་ཡིན་འདི་ཡིན་མེད་པའི་བསྡུ་ཆ་འདིར་ཚང་མ་ཡང་སྙིང་རྐྱེན་གང་ཡིན་མིན་ཞིག་ཤེས་འདོད་ཆེ་བའི་རྣམ་པ་སྟོན། རོང་དཔོན་ཚེ་རིང་ཉི་མ་ནི་རྒྱུ་རྐྱེན་བཤད་རྒྱུ་ཕར་བཞག ད་དུང་དྲི་བ་འདོན་མཁན་ཚོར་རྒོལ་གཏམ་དྲག་པོ་གཏོང་།

རྗེས་སུ་གྲོང་མི་རྣམས་ཀྱི་གོ་ཐོས་ལ་ཁྱི་རྣམས་རླངས་འཁོར་ནང་འཁྱེར་ནས་ས་ཆ་མི་མེད་ལུང་སྟོང་ཞིག་ཏུ་གཡུགས་པ་དང་། རླངས་འཁོར་ནང་ཁྱི་མང་པོའང་ཤི་དམས་བྱུང་འདུག་ཅེས་ཀུན་དུ་ཁྱབ། ད་དུང་ཁྱི་བསྡུ་བའི་རྒྱུ་མཚན་ཡང་ཚང་མས་དུས་ཡུན་རིང་པོ་མ་འགོར་བར་ཤེས། དེ་ནི་གྲོང་ཚོ་འདི་གཉིས་ཀྱི་ཁྱི་མ་བསྡུས་གོང་དུ་རྫོང་སྲིད་གཞུང་ལ་སྙན་ཞུ་ཅིག་བྲིས་པ་དང་། སྙན་ཞུའི་ནང་དོན་ནི་འདི་ལོ་གྲོང་ཚོ་གཉིས་ཀྱི་རི་སྟེང་དུ་ཁྱི་ཡན་ལུག་གསོད་མཁན་ཁ་ཤས་ཡོད་པས། གྲོང་ཚོ་གཉིས་ཀྱི་ཕྱུགས་ཟོགས་ལ་གནོད་འཚེ་ཚབས་ཆེན་བཟོ། རེ་བར་གོང་ངོས་ནས་མེ་མདའ་འཕེན་དབང་ཅན་གྱིས་འདིར་ཐག་གཅོད་དང་མེད་པ་བཟོ་རོགས་ཅེས་རེ་བ་ཡིག་ཐོག་ནས་ཕུལ། ཏག་ཏག་ཉིན་ཤས་རྗེས་སུ་རྫོང་ངོས་ནས་ཐག་གཅོད་བྱས། གནས་ཚུལ་འདི་ཁོང་ཚོས་སྡེ་དཔོན་དེར་ཟེར་རྒྱུ་མ་བྱུང་བ་དང་ཁོ་རླུངས་ལངས་ནས་ཁྱིམ་ཚང་བཞི་རེ་ནས་ཁྱི་བསྡུ་བ་དང་དེ་མིན་ན་ཉེས་ཆད་བཏང་བ་རེད་ཅེས་ཟེར། དེ་ནས་ཤང་གི་སྒོ་འཛིན་སྐད་གྲགས་ཇེ་ཆེ་རུ་ཕྱིན་ལ་བརྒྱ་གྲགས་སྟོང་གྲགས་ཏུ་གླེང་། ཚང་མས་བཞད་བགད་ཀྱི་ཚུལ་དུའང་གླེང་།