ཁོ་བོ་འགྲོ་སའི་ལ་མོ་ཧ་ཅང་གཟར་མོ་རེད།།
མི་ལོ་ཉི་ཤུའི་ཞེ་འདང་འདི་འདྲ་ཟབ་མོ་རེད།།
རི་ཚོགས་མང་བའི་ཕར་ནས་ཧ་ཅང་ཨེ་དཀའ་ཐལ།།
ཕྱིར་ལ་འབྱོར་བའི་ད་ཚོད་ཇི་འདྲའི་ལྷིང་འཇགས་ཤིག།

ས་སྲོད་འདི་ཡི་མི་དག་དེ་ཙམ་རྗེས་མེད་རེད།།
གནམ་གྲུའི་འབབ་ཐང་འདི་ན་རླུང་བུ་རྒྱུ་ཚོད་རེད།།
ང་ལ་ཅུང་སྒུག་བྱེད་དམ་ཟུག་མིག་རྣོན་པོ་ཅན།།
ཡང་ན་ཐད་ཀར་བགྲོད་དམ་ངག་གི་གླིང་བུ་མ།།

ཁོ་བོ་ལ་ལུང་བརྒལ་ནས་རྒྱང་རིང་འགྲིམ་མ་མྱོང་།།
དགའ་རོགས་མང་བོ་བཙལ་ནས་བྱི་བོ་བྱེད་མ་མྱོང་།།
སྙིང་གི་སྐད་ཆ་བཤད་དམ་ཁ་འབྲས་ཡིད་འོང་མ།།
ཡང་ན་སྣང་མེད་རྒྱུ་འམ་སྒེག་པའི་ཟོལ་ལྡན་མ།།

སྐེ་དཀྲིས་དམར་བོ་དེ་ཡིས་ཙག་གི་ཕྱེད་ཙམ་འགོག།
ཁ་ཐུམ་དཀར་བོ་དེས་ཀྱང་ཡང་མོ་རླུང་ལ་སྡང་།།
མཆུ་སྒྲོས་དལ་གྱིས་འཛུམ་པས་སྙིང་གིས་སྟིག་སྒྲ་བྱེད།།
འཚར་ལོངས་བྱུང་སའི་ཡུལ་སྡེ་ད་རུང་མ་བརྗེད་དམ།།

ང་དང་གྲུ་ཐུག་བརྒྱབ་པ་དོག་པོ་གཞིས་ཁང་ཡིན།།
དགོད་རྒྱུ་དབང་མེད་ཡོང་ན་ཞལ་ངོ་ཅུང་ཟད་དམུལ།།
དོ་ཞག་ཡུལ་འདིར་བཞུགས་སམ་བདག་གི་ལུས་ཕྲ་མ།།
ཡང་ན་རང་ཡུལ་བཞུད་དམ་བརྩེ་བའི་འཛུམ་ཁ་མ།།

ཁོ་བོས་ཧ་ཅང་དཀའ་ཚོད་ད་རུང་མི་བཤད་དོ།།
དྲན་པའི་ཞེ་ཁ་སྐྱོ་ཚུལ་ངག་གིས་མི་འཁྲོལ་ལོ།།
ཚོར་བས་ང་སར་གཞིགས་སམ་སྐྱེ་ལུས་སྐེ་མེད་མ།།
྄ཡང་ན་ཚོར་མེད་བྱེད་དམ་མཛེས་པའི་ཞལ་དཀར་མ།།