རྟོག་པའི་བརྡ་སྐད།

སྣང་བའི་འཇའ་ལ་འོད་ཀྱི་དྲ་མིག་བདོག།
ཁ་དོག་མུན་པས་ཟོས་ཏེ་ཚར་སྒང་དེར།།
གཡུང་དྲུང་ལྷ་ཡི་བྱུར་རུ་དམར་ཆུང་འདི།།
སྙིང་གི་བུ་མོའི་རྒྱན་དུ་བཏགས་པ་ན།།
འཁོར་འདས་ཆོས་ཀྱི་ལག་པ་འདི་ཡིས་ནི།།
དབྱངས་ཀྱི་འོ་མ་མགྲིན་པའི་སྦུབ་ཏུ་བླུགས།།
ལྷ་དམག་བྱེ་བ་དུང་ཕྱུར་བཞུད་ཤུལ་ན།།
ཀ་དག་རིག་པའི་རྐང་ལམ་ཕྲ་མོ་ཞིག།
མུ་མེད་སྟོང་བའི་མཁའ་མཐའ་དེ་རུ་ཡོད།།
ཆུ་བོས་འདབ་མ་འབྲི་བཞིན་མགོ་བོ་བཀྱགས།།
འཇག་མས་རྒྱང་གླུ་འགུག་བཞིན་ཕྱོགས་སུ་བལྟས།།
རྨི་ལམ་གཏོང་སའི་སྒྱུ་མའི་ཕོ་བྲང་དེར།།
སེམས་ཀྱི་བུ་ཆུང་འདི་ཉིད་ལྟ་མོར་ཆས།།
ལྟ་མོ་འདི་ལ་ཕ་མཐའ་ཡོད་རབས་མེད།།

སྤྲིན་པ་རླུང་གིས་བསེད་པའི་ནུབ་ཕྱོགས་ན།།
འོད་ཀྱི་ཆོས་གོས་མནབས་པའི་ཐུབ་པ་ཞིག།
མུན་པའི་ཡོལ་བ་ཕྱེས་ཏེ་ང་ཚོར་གཟིགས།།
ཕྱག་གིས་བྱིལ་བྱིལ་བྱེད་བཞིན་ང་ཚོར་དགོངས།།
ཐ་གུ་དཀར་ནག་བརྒྱུས་པའི་སྣེ་མོ་རུ།།
ཚོར་བའི་གཤོག་པ་བཏེགས་ཏེ་ངུད་མོ་བྱས།།
ལས་ཀྱི་རྒྱ་མཚོ་འཕྱུར་བའི་རྦབ་རླབས་ཀྱིས།།
དགའ་སྡུག་རྐྱ་འཐབ་བྱེད་པའི་གསེར་ཉ་བདས།།
ཉི་ཟླ་ཕྲག་པར་ཁུར་བའི་ཚངས་བས་ཀྱང་།།
དབྱངས་ཀྱི་ལྷ་མོའི་རྒྱུད་སྐུད་རེ་རེ་ལས།།
འཁོར་བའི་མཛེས་པ་མངོན་པའི་ཟོལ་ལ་བལྟས།།
འཁོར་བའི་དཀྱིལ་འཁོར་འབྲི་བར་སྟ་གོན་བྱས།།
དེ་ཚེ་དབྱངས་ཀྱི་གསོལ་ཇ་གྲོགས་སུ་སྦྲན།།
དེ་ཚེ་ལུས་ཀྱི་རྩ་ལམ་སྦྲིད་པར་བྱས།།

འཕྲིན་ཕྲན་སྦྲེལ་གནས། 18190226073

སྙན་ངག་ནི་ལྷ་ཞིག་ཡིན་པའི་དབང་དུ་བྱས་ན་དེ་ཡི་དགོངས་དོན་ཟབ་མོ་རྟོགས་མཁན་ནི་གང་ཟག་སྣོད་ལྡན་ཉུང་ཙམ་ལས་མེད། སྙན་ངག་ནི་བཟི་ཁ་བཙན་པའི་ཆང་ཞིག་ཡིན་པའི་དབང་དུ་བྱས་ན། དེ་ཡི་རོ་མྱོང་ཤེས་མཁན་ཡང་ཅུང་ཙམ་ལས་མེད། རྒྱུ་མཚན་ནི་འཆར་ཡན་ལྡན་པའི་སྙན་ངག་ཡིན་པས་སོ།།

གཏེེར་སྣང་བྱེད་ཀྱིས།