གླེང་གཞི།

དུས་རབས་བཅུ་གསུམ་ནས་དུས་རབས་ཉི་ཤུ་པའི་མཇུག་བར་དུ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་སྐོར་ལ་རྟོག་བཟོ་རང་བཞིན་གྱི་ལྟ་ཚུལ་ཞིག་བྱུང་སྟེ། བོད་དང་བོད་མི་ལས་འཕྲོས་ཏེ་དངོས་ཡོད་ལས་བརྒལ་བའི་རྟོག་སྒྲུང་དང་། གློག་བརྙན་སོགས་སྣ་ཚོགས་ཤིག་ཐོན་ཡོད། འདི་དག་ལ་ཤུགས་རྐྱེན་སྟེར་མཁན་ནི་བོད་ལ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་མཁན་དང་། ལྗོངས་རྒྱུ་བ། མྱུལ་ཞིབ་པ་སོགས་ཀྱིས་བྲིས་པའི་ཡུལ་སྐོར་ཟིན་བྲིས་ཀྱི་དེབ་དེ་དག་ཡིན་པ་བསྙོན་དུ་མེད།

མར་ཁོ པོ་ལོ(Marco Polo 1254 – 1324)ནི་བོད་ཀྱི་ཡུལ་ལུང་ཞིག་ཏུ་འབྱོར་བའི་ནུབ་ཕྱོགས་པ་སྔ་ཤོས་ཀྱི་གྲས་ཡིན་ལ། བོད་ཅེས་པའི་མིང་འདི་ནུབ་ཕྱོགས་ཀྱི་དེབ་ཐེར་དུ་ཐོག་མར་འགོད་མཁན་གྱི་གྲས་ཡིན། ལྷག་པར་དུ་མར་ཁོ པོ་ལོའི་སྐད་གྲགས་ཅན་གྱི «ངོ་མཚར་དེབ་ཐེར»དུ་བོད་ཀྱི་སྐོར་ལ་གནས་ཚུལ་སྐོར་ཞིག་བྲིས་ཡོད་པ་དེས་ནུབ་ཕྱོགས་པ་དག་ལ་འཕྲུལ་སྣང་སློང་བའི་འགོ་བརྩམས་ཡོད། དེས་ན་རྩོམ་ཡིག་འདིའི་ནང་དུ་མར་ཁོ པོ་ལོའི་ལོ་རྒྱུས་མདོར་བསྡུས་ཤིག་གླེང་སྟེ། «ངོ་མཚར་དེབ་ཐེར»ངོ་སྤྲོད་བྱེད་རྒྱུ་ཡིན་ལ། དེ་ནས«ངོ་མཚར་དེབ་ཐེར»དུ་བོད་ཀྱི་སྐོར་ཞིག་འཁོད་ཡོད་པ་དེ་དག་བོད་ཡིག་ཏུ་ཆ་ཚང་བསྒྱུར་ཏེ་མཐར་དེབ་ཐེར་དེ་ལས་འཕྲོས་པའི་གནས་ཚུལ་འགའ་ཞིག་གླེང་རྒྱུ་ཡིན།

གཅིག རྣམ་ཐར་ཐུང་ངུ་།

ལོ་རྒྱུས་ཡོངས་གྲགས་ལྟར་ན། མར་ཁོ པོ་ལོ་ནི་སྤྱི་ལོ་༡༢༥༤ལོའི་ཟླ་༩པའི་ཚེས་༢༥ཉིན་དེང་སང་ཨི་ཊ་ལིའི་བྱང་ཤར་དུ་ཁེལ་བའི་གྲོང་ཁྱེར་བི་ནིའུ་ཟིར(Venise)སྐྱེས། ཁོང་གི་ཕ་ཉི་ཁོ་ལོ པོ་ལོ (Niccolo Polo) ནི་ལག་ཤེས་པ་དང་ཚོང་པ་ཞིག་ཡིན་ཞིང་།  ཁོང་སྐུ་དྲག་གི་རྒྱུད་དུ་སྐྱེས་པའི་བུད་མེད་ཅིག་དང་མཉམ་དུ་གཉེན་སྒྲིག་བྱས། དེ་ནས་ཟླ་གསུམ་ལས་མ་འགོར་བར། ཉི་ཁོ་ལོ པོ་ལོ་དང་ཁོང་གི་སྤུན་མ་ཊེའོ པོ་ལོ (Matteo Polo) གཉིས་ཨེ་ཤེ་ཡར་ཚོང་ལས་ཀྱི་ཆེད་དུ་འགྲུལ་བཞུད་དུ་སྐྱོད་འགོ་ཚུགས། སྐབས་དེར་ཁོང་གི་བུ་ཨ་མའི་མངལ་དུ་ཡོད། འོན་ཀྱང་། མར་ཁོ པོ་ལོ་འཇིག་རྟེན་དུ་སླེབས་དུས། ད་དུང་ཁོང་གི་ཕ་ཉི་ཁོ་ལོ པོ་ལོ་རང་ཡུལ་དུ་ལོག་མེད་སྟབས། མར་ཁོ པོ་ལོ་ནི་ཨ་མ་དང་སྤོ་བོ་གཉིས་ཀྱི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་།

ཉི་ཁོ་ལོ པོ་ལོ་དང་ཁོང་གི་སྤུན་གཉིས་ཀྱིས་དཀའ་བ་སྤྱད་དེ་ཏུར་ཀི་རྒྱལ་ཁབ་དང་། གྷུ་རི་སི། མཚོ་ནག་པོ(la mer Noire )སོགས་བརྒྱུད་དེ་ཇིང་གུར་རྒྱལ་པོའི་བུ་རབས་ཚ་རྒྱུད་ཀྱིས་བདག་གིར་བཞེས་པའི་ཆེན་པོ་ཧོར(Pays de la Horde d’or)གྱི་ཡུལ་ལ་འབྱོར། སྤྱི་ལོ་༡༢༦༦ལོར་ཇིང་གུར་རྒྱལ་པོའི་ཚ་བོ་ཀུབ་ལའི་ཁན (1215-1294)ལ་མཇལ། དུས་སྐབས་དེ་ནི་ཀུབ་ལིའི་ཁན་གྱིས་ས་སྐྱའི་བླ་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ(1235-1280)ནང་པའི་ཆོས་ཀྱི་དབུ་ཁྲིད་དང་། ཧོར་གོང་མའི་དབུ་བླར་མ་བཀུར་བའི་ལོ་ལྔའི་སྔོན་དང་། རྒྱལ་ས་ཧྲང་ཏུའུ་ནས་ཏཱ་ཏུའུ་ཞེས་པ་པེ་ཅིན་དུ་མ་སྤོས་པའི་ལོ་གཉིས་ཀྱི་སྔོན། ཡོན་རྒྱལ་རབས་བཙུགས་ནས་ལོ་ལྔ་འགོར་བའི་རྗེས་ཡིན། པོ་ལོ་སྤུན་གཉིས་ཀྱིས་ཡོན་རྒྱལ་ཁབ་ཀྱི་གོང་མ་ཀུབ་ལིའི་ཁན་ལ་མཇལ་རྗེས། གོང་མས་ཁོང་གཉིས་ཡོན་གོང་མ་དང་ཡེ་ཤུའི་བླ་ཆེན (Pape)གཉིས་བར་གྱི་ཕོ་ཉར་བརྐོས་ཏེ། ཡེ་ཤུའི་བླ་ཆེན་ལ་ཕྱག་ཡིག་ཅིག་སྩལ་ཏེ་རང་ཡུལ་དུ་ལོག་དགོས་པའི་བཀའ་ཕབ། དེ་བས། པོ་ལོ་སྤུན་གཉིས་ཀྱིས་ཡོན་གོང་མའི་ཕྱག་ཡིག་བསྣམས་ནས་རང་ཡུལ་དུ་ལོག་དགོས་བྱུང་འདུག ཕྱག་ཡིག་ནང་དུ་ཡེ་ཤུའི་བླ་ཆེན་གྱིས་རོམ་ནས་མཁས་པ་བརྒྱ་ཡོན་རྒྱལ་ཁབ་ཏུ་བཏང་ནས་ཤེས་ལྡན་མི་སྣ་དག་ལ་ཡེ་ཤུའི་ཆོས་ལུགས་དང་། ལ་ཏིན་ཡི་གེ། གཞན་ཡང་ནུབ་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་བསླབ་དགོས་ཚུལ་སོགས་འཁོད་ཡོད་པར་བཤད།

པོ་ལོ་སྤུན་གཉིས་ལོ་བཅུ་བཞི་འགོར་ནས་རང་ཡུལ་དུ་ལོག་སྐབས། ཉི་ཁོ་ལོ པོ་ལོས་གཅེས་པའི་བཟའ་ཟླ་ཚེ་ལས་འདས་ཤིང་། རང་ཉིད་ལ་མར་ཁོ པོ་ལོ་འབོད་པའི་ལོ་ན་བཅུ་བཞིར་སོན་པའི་བུ་ཞིག་ཡོད་པ་ཤེས། དེར་མ་ཟད། ཡེ་ཤུའི་བླ་ཆེན་པོབ ཁུ་ལེ་མང་བཞི་པའང(Pope Clément IV ?-1268)སྐུ་གཤེགས་ཟིན་པའི་གནས་ཚུལ་རྟོགས། དེ་བས་ཀུབ་ལིའི་ཁན་གྱི་ཕྱག་ཡིག་ཡེ་ཤུའི་བླ་ཆེན་གྱི་ཕྱག་ཏུ་རེ་ཞིག་ཕུལ་མ་ཐུབ། འོན་ཀྱང་། ཡེ་ཤུའི་བླ་ཆེན་ཞིག་སྐུ་གཤེགས་རྗེས་བླ་ཆེན་གསར་པ་བསྐོ་བཞག་བྱེད་པའི་ལམ་སྲོལ་ཡོད་པ་ལྟར། ལོ་གཉིས་ཀྱི་རྗེས་སུ་ཡེ་ཤུའི་བླ་མ་རྣམས་ཀྱིས་འོས་ཤོག་འཕངས་ཏེ་བླ་ཆེན་པོབ གྷུ་རེ་གྷོ་རུ་བཅུ་པ(Pope Gregory X 1210-1276)འོས་འདེམས་བྱུང་། བླ་ཆེན་འདིས་པོ་ལོ་གཉིས་བརྒྱུད་དེ་ཡོན་རྒྱལ་རབས་ཀྱི་གནས་ཚུལ་གསན་རྗེས། སོག་པོ་དག་ཡེ་ཤུའི་ཆོས་ལ་ཞུགས་སུ་འཇུག་དགོས་པ་དང་། ཁོ་ཚོ་ཁ་ཆེའི་ཆོས་ལུགས་ལ་ངོ་རྒོལ་བྱེད་པའི་མནའ་གྲོགས་སུ་འགྱུར་ན་སྙམ་པའི་ཐུགས་དགོངས་འཁྲུངས། དེར་བརྟེན་ཁོང་གིས་པོ་ལོ་སྤུན་གཉིས་དང་མཉམ་དུ་ཆོས་བཤད་བྱེད་པོ་གཉིས་བཏང་། སྐབས་དེར་ཉི་ཁོ་ལོ པོ་ལོས་རང་གི་བུ་མར་ཁོ་ པོ་ལོ་རང་ཡུལ་དུ་བསྐྱུར་འདོད་མ་བྱུང་བས་ཁོང་ཚོ་དང་མཉམ་དུ་ཁྲིད།

མར་ཁོ་ པོ་ལོའི་འགྲུལ་བཞུད་ཀྱི་ལམ་ཐིག

སྤྱི་ལོ་༡༢༧༢ལོར་ཁོང་ཚོ་བི་ནིའུ་ཟི་ནས་རྡོག་ཐོན་གྱིས་ཏུར་ཀི་རྒྱལ་ཁབ་ཀྱི་མཚོ་ངོགས་འགྲུམ་འགྲུལ་ས་ཚིགས་ཨ་ཡ་སི(Ayas)ལ་སླེབས་སྐབས། ཤར་ཕྱོགས་སུ་དམག་འཁྲུག་གི་མེ་ལྕེ་འཕྱུར་བཞིན་ཡོད་པའི་བཤད་ཡམས་ཤིག་ལ་རྐྱེན་བྱས་ཏེ། ཆོས་བཤད་བྱེད་པོ་གཉིས་ཀྱིས་ཆོས་ཀྱི་འགྲུལ་བཞུད་དེ་མི་འདོད་བཞིན་དུ་དོར་དགོས་བྱུང་། དེ་ལྟར་ནའང་། པོ་ལོ་ཕ་བུ་ཚོས་བླ་ཆེན་པོབ གྷུ་རེ་གྷོ་རུ་བཅུ་པའི་བཀའ་དགོངས་དང་དུ་བླངས་ཏེ་ཏུར་ཀི་རྒྱལ་ཁབ་ནས་དེང་སང་གི་རྒྱལ་ཁབ་ཀྱི་དབང་དུ་བྱས་ན་ཨི་ཛི་རལ་དང་། ཨི་རག ཨབ་རྒན། སྤ་མིར། ལི་ཡུལ་སོགས་བརྒྱུད་དེ་སྤྱི་ལོ་༡༢༧༥ལོར་རྒྱལ་ས་ཏཱ་ཏུའུར་འབྱོར་བར། ཀུབ་ལིའི་ཁན་གྱིས་སྣེ་ལེན་བཟང་པོ་གནང་། དེ་ནས་ལོ་ཉི་ཤུ་ཙམ་གྱི་རིང་ལ་ཁོང་ཚོ་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་བསྡད་ཅིང་། མར་ཁོ པོ་ལོ་ནི་ཀུབ་ལིའི་ཁན་གྱི་ཕོ་ཉར་གྱུར། དེར་བརྟེན་ཁོང་པར་ཟིག་དང་། ཨུ་རུ་སི། ཁོ་རེ་ཡ། འབར་མ། ཨིན་ཌོ་ནེ་ཤི་ཡ། ཁམ་པོ་ཊི། བེ་ཋི་ནམ། ཉི་ཧོང་། རྒྱ་གར། བོད་སོགས་སུ་འགྲུལ་བཞུད་དུ་ཞུགས་ཏེ་ཕྱག་ལས་གནང་།

ཀུབ་ལིའི་ཁན་གྱི་དབང་བསྒྱུར་མཇུག་སྒྲིལ་ལ་ཉེ་སྐབས། པོ་ལོ་གསུམ་ཕྱིར་ཕ་ཡུལ་དུ་ལོག་ཆོག་པའི་གོང་མའི་ཆོག་མཆན་ཐོབ། དེ་བས། སྤྱི་ལོ་༡༢༩༡ལོར་ཁོང་ཚོས་ཀུབ་ལིའི་ཁན་གྱི་ཚ་བོ་དང་སྐབས་དེར་པར་ཟིག་གི་རྒྱལ་པོ་ཡིན་པའི་ཨར་གྷན(Argoun 1258-1291)ལ་མོ་ལོ་བཅུ་བདུན་ལ་སོན་པའི་བཙུན་མོ་ཁེས་ཁ་ཆིན(Ku kachin 1274-1296)བག་མར་བརྫངས། ཁོང་ཚོ་ལྷོ་རྒྱ་ནག་རྒྱ་མཚོ་ནས་གྲུ་ལ་བསྡད་དེ་བེ་ཋི་ནམ་དང་། ཨིན་ཌོ་ནེ་ཤི་ཡ། རྒྱ་གར་རྒྱ་མཚོ་སོགས་བསྐོར་ནས་འབྱོར་སྐབས་རྒྱལ་པོ་ཨར་གྷན་གཤེགས་ཟིན་ནའང་། བཙུན་མོ་ཁེས་ཁ་ཆིན་རྒྱལ་པོའི་སྲས་ཆེ་བ་དང་མཉམ་དུ་གཉེན་སྒྲིག་བྱས། དེ་ནས་མར་ཁོ པོ་ལོ་ཕ་བུ་ཚོ་པར་ཟིག་ནས་ཟླ་ཤས་བསྡད་རྗེས། ཨི་རན་དང་། རྒུ་རིག་སོགས་བརྒྱུད་དེ་སྤྱི་ལོ་༡༢༩༥ལོར་རང་ཡུལ་དུ་འབྱོར་འདུག་མོད། ཁོང་ཚོ་ཕ་ཡུལ་དང་ཁ་བྲལ་ནས་ཁྱོན་བསྡོམས་དུས་རབས་གཅིག་གི་བཞི་ཆ་གཅིག་འགོར་ཡོད་པས། བི་ནིའུ་ཟིའི་གཞོན་སྐྱེས་ཚོར་མཚོན་ན་ཁོང་ཚོ་ནི་ངག་རྒྱུན་ཁྲོད་ཀྱི་མི་སྣར་གྱུར་ཡོད།

སྤྱི་ལོ་༡༢༩༦ལོར་བི་ནིའུ་ཟི་དང་རྗི་ནུ་སི(Gênes)གཉིས་ཀྱི་བར་ལ་དམག་འཁྲུག་ལངས་པས། མར་ཁོ པོ་ལོ་སྒྱོགས་རྡོ་འཕེན་མཁན་གྱི་དམག་མི་ཞིག་ཏུ་གྱུར་ཅིང་། སྟབས་མ་ལེགས་པར་ཁོང་ལོ་གསུམ་ལ་བཙོན་དུ་ཚུད། བཙོན་ཁང་དུ་སྔར་གྱི་འགྲུལ་བཞུད་རིང་མོ་དག་ལ་བསམ་གཞིགས་དང་། ཕྱིར་དྲན། སྨོན་པ་སོགས་བྱས་མཐར། ཆེན་པོ་ཧོར་གྱི་རྒྱལ་ཁམས་འགྲིམས་སྐབས་ཀྱི་བྱུང་བ་དག་ཡིག་ཐོག་ཏུ་ཡོད་ན་ཅི་མ་རུང་སྙམ་སྟེ། སྤྱི་ལོ་༡༢༩༨ལོར་བཙོན་གྲོགས་རྩོམ་པ་པོ་རོལ་སི་ཊིས་ཆིས་ལོ དྷུ པེ་སུ་ལ( Rustichello de Pise ?- 1324)གསུངས་ཏེ་ཁོང་གིས་ཡིག་ཐོག་ཏུ་ཕབ།

སྤྱི་ལོ་༡༢༩༩ལོར་བི་ནིའུ་ཟི་དང་རྗི་ནུ་སི་གཉིས་ཀྱིས་ཞི་འགྲིག་ཆིངས་ཡིག་བཞག་པས། བཙོན་པ་རྣམས་གློད་གྲོལ་བཏང་། མར་ཁོ པོ་ལོ་རང་ཡུལ་དུ་ལོག་སྟེ་སྒྲ་ནཱ་ཌ བྷ་ཊོར(Donato Badoer)དང་གཉེན་སྒྲིག་བྱས་ཏེ་བུ་མོ་གསུམ་སྐྱེས། བི་ནིའུ་ཟི་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཁོངས་མི་ཞིག་ཏུ་གྱུར་ཅིང་། མུ་མཐུད་དུ་ཚོང་ལས་གཉེར། ཁོང་ནི་འབྱོར་ཕྱུག་ལྡན་ལ་སྤྱང་གྲུང་ལྡན་པའི་ཚོང་པ་ཞིག་ཏུ་ངོས་འཛིན་བྱེད། སྤྱི་ལོ་༡༣༢༢ལོར་ཁོང་གི་སྐུ་བསྙུངས་པར་བརྟེན་ནས་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་དེའི་ནང་དུ་ཊུ་ཁ་ཞེས་པའི་གསེར་ཊཾ(Ducats)ཁྲི་གཅིག་ཡོད་ཚུལ་འཁོད་ཡོད་པས། གསེར་སྒོར་གྱི་གྲངས་ཀར་བལྟས་ན་ཁོང་ནི་བི་ནིའུ་ཟིའི་ཚོང་པ་ཕྱུག་ཤོས་ཀྱི་གྲས་སུ་ཚུད་མེད་པ་རེད།

མར་ཁོ པོ་ལོའི་གཤེགས་ལོའི་ཐད་ལ་བཞེད་པ་མི་མཐུན་པ་ཡོད། འོན་ཀྱང་། ཡོངས་གྲགས་སུ་སྤྱི་ལོ་༡༣༢༣ ལོའི་ཟླ་༡པའི་ཚེས་༩ཉིན་སྐུ་གཤེགས་པར་བཤད། ཁོང་གི་སྐུ་ཕུང་སྔར་ཕ་རྒན་དུར་འཇུག་བྱ་ཡུལ་གྱི་ཡེ་ཤུའི་ལྷ་ཁང་ཟང ལོ་རན་རྫོ(L’église San Lorenzo)རུ་གདན་འདྲེན་ཞུས་ཡོད། ཕྱིས་སུ་ལྷ་ཁང་དེ་ཞིག་གསོ་སྣ་ཚོགས་བྱས་པའི་དབང་གིས་མར་ཁོ པོ་ལོའི་དུར་སྒམ་གར་སོང་ཆ་མེད་དུ་གྱུར་ཅིང་། དུས་རབས་བཅུ་དྲུག་པའི་ནང་ཁོང་གི་ཚེ་མཇུག་གི་འཚོ་བ་སྐྱེལ་སའི་ས་ཁུལ་ལའང་མེ་སྐྱོན་ཤོར་བས། དེང་སང་མར་ཁོ པོ་ལོ་བཞུགས་ཡུལ་གྱི་རྗེས་ཤུལ་ཙམ་ཡང་སྟོན་རྒྱུ་མེད། འོན་ཀྱང་། ཁོང་གི་འཛད་དུ་མེད་པའི་ཤུལ་བཞག་རིག་གནས་ནི«ངོ་མཚར་དེབ་ཐེར»ཡིན་ལ། ཁོང་བྱོན་ནས་ལོ་བདུན་བརྒྱའི་རྗེས་སུའང་། ཁ་སྟབས་སྐྱོ་བའི་ཕྲན་ལྟ་བུས་ཀྱང་དོ་སྣང་བྱེད་བཞིན་པ་ལགས་སོ། །

གཉིས། «ངོ་མཚར་དེབ་ཐེར»བཤད་པ།

ཕྲན་ལ་ཐོབ་པའི«ངོ་མཚར་དེབ་ཐེར»གྱི་པར་གཞི།

སྤྱི་ལོ་༡༢༩༨ལོར་ཨི་ཊ་ལིའི་རྩོམ་པ་པོ་རོལ་སི་ཊིས་ཆིས་ལོ དྷུ པེ་སུས་མར་ཁོ པོ་ལོས་ཁོང་དང་ཁོང་གི་ཕ་རྒན་སོགས་ཤར་ཕྱོགས་ཨེ་ཤེ་ཡར་ཇི་ལྟར་འགྲུལ་བཞུད་བགྱིས་པའི་གནས་ཚུལ་ཞུས་པ་ཁག་ཡིག་ཐོག་ཏུ་ཕབ་ཅིང་། ཐོག་མར་དེབ་མིང་ལ«འཛམ་གླིང་གི་ཟིན་བྲིས»ཅེས་བཏགས་མོད། རིམ་བཞིན་རྩོམ་སྒྲིག་པ་རྣམས་ཀྱིས་ཀློག་པ་པོ་རྣམས་ལ་དམིགས་ནས«ངོ་མཚར་དེབ་ཐེར»རམ་ཡང་ན«མར་ཁོ པོ་ལོའི་འགྲུལ་བཞུད»ཅེས་བཏགས་ཡོད། དེབ་ཐེར་འདིའི་མ་ཡིག་ནི་དུས་རབས་བཅུ་གསུམ་པའི་ནང་ཨི་ཊ་ལའི་བྱང་ཕྱོགས་སུ་གཉུག་མར་སྡོད་པའི་སྐྱེ་བོ་དག་གིས་སྤྱོད་པའི་ཧྥ་རན་སི་དང་བི་ནིའུ་ཌན་གཉིས་ཀྱིས་གྲུབ་པའི་ཡི་གེ་དེ་ཡིན་མོད། ཡི་གེ་དེ་ནི་ཡིག་ཐོག་ནས་སྤྱོད་པ་ལས་ངག་ཐོག་ནས་སྤྱོད་པ་ཞིག་མིན་པར་བཤད།

དེང་སང«ངོ་མཚར་དེབ་ཐེར»གྱི་མ་ཡིག་མཇལ་རྒྱུ་མེད་ནའང་། དེབ་ཐེར་འདི་དཔར་སྐྲུན་བྱས་ནས་ལོ་གསུམ་གྱི་རྗེས་ཏེ་༡༣༠༢ནས་༡༣༡༣ལོར་ལ་ཏིན་གྱི་སྐད་དུ་བསྒྱུར་ཡོད་པ་དང་། སྤྱི་ལོ་༡༣༠༧ལོར་དེབ་ཐེར་འདིའི་ལེའུ་གཅིག་ཧྥ་རན་སིའི་སྐད་དུ་བསྒྱུར་ཏེ་མཐར་སྤྱི་ལོ་༡༣༥༠ལོར་ལེའུ་ཆ་ཚང་བ་ཞིག་བསྒྱུར་འདུག སྤྱི་ལོ་༡༥༥༩ལོར་ཨི་ཊ་ལིའི་སྐད་དུའང་བསྒྱུར་ཡོད་པ་རེད། དེ་ནས་རིམ་གྱིས་དེབ་ཐེར་འདི་ལ་བར་འཇུག་རི་མོ་ཡོད་པའི་འགྱུར་སྣ་ཚོགས་ཤིག་བྱུང་འདུག ཕྲན་གྱི་ལག་ཏུ་ཡོད་པའི«ངོ་མཚར་དེབ་ཐེར»ནི་སྤྱི་ལོ་༡༨༨༨ལོར་ཧྥ་རན་སིའི་གནའ་རྗས་རྟོག་ཞིབ་རིག་པ་བ་དང་ལོ་རྒྱུས་སྨྲ་བ་ཨུ་གཞེན མུ་ལེས(Eugène Muller 1834-1918) རྩོམ་སྒྲིག་གནང་བའི་འགྱུར་དེ་ཡིན། འགྱུར་འདི་ནི་སྔར་གྱི་ཧྥ་རན་སིའི་སྐད་ཡིག་རྙིང་པ་ནས་གསར་པར་བཅོས་པ་ཞིག་རེད།

«ངོ་མཚར་དེབ་ཐེར»ལ་དེབ་ཐེར་དང་པོ་དང་། གཉིས་པ། གསུམ་པ་ཞེས་བགོས་ཏེ་ལེའུ་༡༩༢ཀྱིས་གྲུབ་པ་དང་།  དེབ་ཐེར་འདི་ལ་ཚན་དང་པོ་དང་། གཉིས་པ། གསུམ་པ་ཞེས་བགོས་ཏེ་ལེའུ་༢༠༠བདག་ཉིད་ཅན་ཡང་མཇལ་རྒྱུ་འདུག གཞན་ཡང་། དེབ་འདི་ཚན་པ་བཞི་རུ་བགོས་ཏེ་དོན་ཚན་༢༣༥ ཅན་གྱི་འགྱུར་ཡང་མཇལ་བྱུང་། ཕྲན་གྱིས་ཧྥ་རན་སིའི་འགྱུར་རྙིང་པ་དང་གསར་པའི་ལེའུ་རེ་ཟུང་གི་ཁ་བྱང་ལ་གཤིབ་བསྡུར་བྱས་མོད། འོན་ཀྱང་འགྱུར་དེ་གཉིས་ཀྱང་ཆུ་ལ་ཆུ་བཞག་ཅིག་མ་རེད། དེས་ན་སྐད་རིགས་གཞན་དུ་བསྒྱུར་པའི་འགྱུར་ཡོངས་ལ་གཤིབ་བསྡུར་བྱེད་མཁན་ཞིག་བྱུང་ཚེ། དགོད་བྲོ་བའི་གནས་ཚུལ་ལ་འཕྲད་ངེས་པ་ནི་དོགས་པ་རྩ་བྲལ་རེད།

གསུམ། «ངོ་མཚར་དེབ་ཐེར»དུ་འཁོད་པའི་བོད་ཀྱི་གནས་ཚུལ།

ལོ་ཤས་ཀྱི་སྔོན་ལ་ཕྲན་གྱིས་དྲྭ་རྒྱ་ཞིག་ཏུ«ངོ་མཚར་དེབ་ཐེར»དུ་བོད་ཀྱི་ཡུལ་ལུང་ག་གེ་མོ་ཞིག་གི་གཞོན་སྐྱེས་བུད་མེད་རྣམས་ཀྱི་སྐོར་ཞིག་གསལ་བ་མཐོང་འཕྲལ་དེའི་ནང་དོན་ཁག་མདོར་བསྡུས་ཏེ་བོད་ཡིག་ཏུ་བསྒྱུར་མོད། གནས་ཚུལ་འདི་ཨུ་གཞེན མུ་ལེས་རྩོམ་སྒྲིག་གནང་བའི་ཧྥ་འགྱུར་དེའི་ལེའུ་གང་དུ་ཡོད་མེད་བརྩད་ཞིབ་བྱེད་སྐབས་མ་རྙེད་པར་གྱུར། དེ་བས་སྤྱི་ལོ་༡༩༢༠ལོར་ཧྥ་རན་སིའི་ཤར་ཕྱོགས་རིག་པ་བ་ཨང་ཝས ཀོག་དྷེས(Henri Cordier1849-1925)རྩོམ་སྒྲིག་གནང་ཞིང་། སི་ཀོཊ་པའི་ཤར་ཕྱོགས་རིག་པ་བ་ཨང་ཝས གཡུས་ལིས་(Henry Yule1820-1889 )བསྒྱུར་པའི་ཨིན་འགྱུར་ལ་བལྟ་སྐབས་རྙེད་བྱུང་། འོན་ཀྱང་སྔར་ཕྲན་གྱིས་རྙེད་པའི་འགྱུར་དང་ཆ་མི་མཚུངས་པ་ཞིག་རེད། དེས་ན«ངོ་མཚར་དེབ་ཐེར»དུ་གསལ་བའི་བོད་ཀྱི་གནས་ཚུལ་དེ་དག་གོང་དུ་གླེང་བའི་ཧྥ་འགྱུར་དང་ཨིན་འགྱུར་ལ་གཤིབ་བསྡུར་གྱིས་བོད་ཡིག་ཏུ་བསྒྱུར་རྒྱུ་ཡིན། མ་འོངས་པ་ན་འདབ་གཤོག་གཉིས་ལྡན་ནམ་གསུམ་ལྡན་དག་གིས་འགྱུར་མི་འདྲ་བ་ཁག་ལ་གཟིགས་ནས་དག་བཅོས་གནང་བའི་རེ་བ་ཡོད།

«ངོ་མཚར་དེབ་ཐེར »དུ་བོད་ཀྱི་སྐོར་ནི་དེབ་ཐེར་གཉིས་པའི་ཚན་པ་༤༤མཇུག་ཏུ་ཐིག་ཕྲེང་གཉིས་དང་། དེ་ནས་ཚན་པ་༤༥དང་༤༦གཉིས་ཀྱི་ནང་དུ་འཁོད་འདུག ཚན་པ་༤༤ནི་འདི་ལྟར།

༤༤ སན་དྷ་ཧྥུའུ་ཡི་སྐོར།

ཟླ་གསུམ་པར་ཡུལ་སྐོར་ཉིན་ལྔ་བྱས་རྗེས། ཁྱོད་ཐུ་བྷོད(Tebet)ཅེས་པའི་མངའ་རིས་ཤིག་ཏུ་སླེབས་པ་དང་། མངའ་རིས་དེ་ནི་ཡིད་སྐྱོ་བ་ཞིག་ལ་གཏོར་བརླག་ཐེབས་འདུག ད་ནི་ང་ཚོས་མངའ་རིས་འདི་གླེང་བར་བྱའོ། །

ཚན་པ་༤༥ནི་འདི་འདྲ་ཞིག་རེད།

༤༥ ཐུ་བྷོད་མངའ་རིས་ཀྱི་སྐོར།

ངས་བཤད་པ་ལྟར་ཉིན་ལམ་ལྔ་གོམ་བགྲོད་བྱས་རྗེས། ཁྱོད་གཏོར་བཤིག་ཚབས་ཆེན་ཐེབས་པའི་མངའ་རིས་ཤིག་ཏུ་སླེབས་པ་དང་། དེ་ནི་མོང་ཀོ་ཧན་གྱི་དམག་འཐབ་ཁྲོད་བྱུང་བ་རེད། ཡུལ་དེ་ན་གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་གསེབ་བཅས་ཡོད་མོད། འོན་ཀྱང་ཚང་མར་བཤིག་རལ་དང་གཏོར་བརླག་ཐེབས་ཡོད།

མངའ་རིས་དེ་ནས་ཁྱོད་ཀྱིས་སྦ་སྨྱུག་མང་པོ་མཐོང་ཐུབ། དེར་སྦོམ་ཚད་ལ་ཐལ་ལྕག་གསུམ་དང་། མཐོ་ཚད་ལ་གོམ་པ་བཅོ་ལྔ། ཚིགས་རྐང་རེ་རེའི་བར་ཐག་ལ་ཧ་ལམ་ཐལ་ལྕག་གསུམ་ཅན་ཡང་ཡོད། ངས་ཁྱོད་ལ་བཤད། ས་སྲོད་ཀྱི་དུས་སུ་ཚོང་བ་དང་རྒྱལ་ཁབ་གཞན་པའི་ལྗོངས་རྒྱུ་བ་རྣམས་ཀྱིས་སྦ་སྨྱུག་བཏུས་ནས་མེ་ཁ་གསོ་བའི་གོམས་སྲོལ་ཞིག་ཡོད། དེའི་རྒྱུ་མཚན་ནི་ཁོ་ཚོས་སྦ་སྨྱུག་མེ་ལ་སྒྲོན་སྐབས་འབར་སྒྲ་ཧ་ཅང་ཆེ་རུ་གྱུར་ནས་སེང་གེ་དང་། དོམ་དང་། རི་དྭགས་གཞན་དག་ཚང་མར་འཇིགས་སྣང་ཆེན་པོ་བྱུང་སྟེ་མེ་ཡི་ཉེ་སར་བཅར་མི་ཐུབ་པར་མགྱོགས་པོར་བྲོས་འགྲོ་བས་རེད། དེར་བརྟེན། ལྗོངས་རྒྱུ་བ་རྣམས་ཀྱིས་མེ་གཏོང་བ་ནི་རང་ཉིད་ཀྱི་སྲོག་ལ་རི་དྭགས་ཀྱི་གནོད་འཚེ་མི་ཐེབས་པའི་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་ཁྱོད་ཀྱིས་མཐོང་ཐུབ། དོན་དམ་པར་གཅན་གཟན་གྱི་སྐྱེ་འཕེལ་འབོར་ཆེན་གྱི་དབང་གིས་མངའ་རིས་འདི་ཡང་བསྐྱར་བཙན་བཟུང་བྱེད་པར་བཀག་འགོག་བྱས་པ་རེད། དོན་དངོས་སུ་སྦ་སྨྱུག་འདི་དག་གི་རོགས་སྐྱོར་མེད་ཚེ། ཐ་ན་ས་ཆ་དེའི་ཐོག་སྐྱོད་མཁན་ཡང་མེད། སྦ་སྨྱུག་མེ་ལ་སྒྲོན་པའི་འབར་སྒྲས་གཅན་གཟན་དག་འདྲོགས་ཏེ་ཐག་རིང་དུ་གཡོལ་བར་བྱེད།

ངས་ཁྱོད་ལ་སྦ་སྨྱུག་ལ་དེ་འདྲའི་འགད་སྒྲ་ཆེན་པོ་ཡོད་པའི་རྒྱུ་མཚན་བཤད། མི་རྣམས་ཀྱིས་ཚང་ཚིང་འཁྲིགས་པའི་སྦ་སྨྱུག་ཁྲོད་ནས་སྔོ་ལྗང་ཅན་གྱི་སྦ་སྨྱུག་བཅད་དེ་དེ་དག་མཉམ་དུ་སྤུངས་ནས་མེ་ལ་སྒྲོན་ནས་ཅུང་ཙམ་འགོར་ཚེ། སྦ་སྨྱུག་གི་གཞུང་རྟ་སིལ་བུར་གས་པའི་སྒྲ་འབྱུང་ཞིང་། ཁྱོད་ཀྱིས་སྒྲ་ཆེན་པོ་དེ་རྒྱང་གྲགས་སྟོང་གི་མཚམས་སུའང་ཐོས་ཐུབ། དྲང་མོར་བཤད་ན། སྒྲ་ཆེན་པོ་འདི་ལ་གོམས་ལོབས་སུ་སོང་མེད་པའི་མི་སུ་འདྲ་ཞིག་གིས་གློ་བུར་ཐོལ་རྒྱག་ཏུ་ཐོས་ཚེ། དངངས་ནས་འཆི་བར་འགྱུར་སྲིད། འོན་ཀྱང་། གོམས་ལོབས་སུ་སོང་བའི་མི་རྣམས་ཀྱིས་དེར་དོ་སྣང་རྩ་བ་ནས་མི་བྱེད། དེར་བརྟེན་གོམས་ལོབས་སུ་སོང་མེད་པའི་མི་རྣམས་ཀྱིས་རྣ་ཅོག་ནང་ལ་སྲིང་བལ་རྫོངས་བ་དང་། རང་གི་ལྭ་བས་མགོ་དང་གདོང་བཀབ་ནས་སྒྲ་དེ་གོམས་རག་བར་དུ་ལྷན་གཅིག་ཏུ་འདུས་ཏེ་སྡོད།  རྟ་ཡང་དེ་བཞིན་ཡིན་ཏེ། སྒྲ་དེ་སྔར་ཐོས་མྱོང་མེད་པ་ཞིག་གིས་གསར་དུ་ཐོས་ཚེ། རྟ་ཡིས་མཐུར་མདའ་དང་གློ་ཐག་གཅོད་པར་བྱེད་ཅིང་། མི་མང་པོ་ཞིག་གིས་འདི་འདྲ་བྱས་ཏེ་རང་གི་ཕྱུགས་ཟོག་མེད་པར་གྱུར། དེར་བརྟེན་རྟ་པ་དོགས་ཟོན་ཅན་རྣམས་ཀྱིས་འདང་བརྩེ་དང་བཅས་བཞོན་རྟ་བོར་མི་འགྲོ་ཆེད་རྟ་ཡི་རྐང་ལག་དམ་པོར་བསྡམས་ཤིང་། དེ་ནས་མགོ་དང་མིག་དང་རྣ་བའང་གཅུད་པར་བྱེད། དེ་ལྟར་བྱས་ན་ཁོང་ཚོས་ཕྱུགས་ཟོག་རྣམས་སྐྱོབ་ཐུབ། འོན་ཀྱང་། རྟ་ཡིས་ཀྱང་སྒྲ་དེ་ཐེངས་འགའ་ཐོས་རྗེས་འདྲོགས་མི་ལངས། ངས་ཁྱོད་ལ་དྲང་མོར་བཤད། ཁྱོད་ཀྱིས་སྒྲ་དེ་ཐེངས་དང་པོར་ཐོས་ཚེ། འདི་ལས་སྐྱི་གཡའ་བ་མེད། གང་ལྟར་ཡང་། སེང་གེ་དང་། དོམ་དང་། གཅན་གཟན་གཞན་དག་གིས་སྐབས་འགར་གནོད་འཚེ་གཏོང་། དེ་ནི་ཁོ་ཚོ་གཅན་གཟན་རྒྱུ་བའི་ཡུལ་ལུང་དུ་མི་གྲངས་ཧ་ཅང་མང་པོ་ཡོད་པའི་རྐྱེན་གྱིས་རེད།

ཁྱོད་ཀྱིས་རྟར་ཞོན་ནས་ཉིན་ལམ་ཉི་ཤུར་དེངས་ཀྱང་མི་འཚོ་སྡོད་བྱེད་སའི་གནས་མི་རྙེད། དེ་བས་ལྗོངས་རྒྱུ་བ་རྣམས་ཀྱིས་ངེས་པར་དུ་རང་གི་ལམ་རྒྱགས་མི་འཁྱེར་ཐབས་མེད་ཡིན། དེར་མ་ཟད་ལམ་བར་དུ་གཅན་གཟན་གྱི་ཚོགས་དང་གཅན་གཟན་གྱི་འཇིགས་པར་མི་ཐུག་ཀ་མེད་ཡིན། དེ་རྗེས་ཁྱོད་གྲོང་རྡལ་དང་གྲོང་གསེབ་མང་པོ་ཡོད་པའི་མངའ་རིས་ཤིག་ཏུ་སླེབས། ཡུལ་ལུང་འདི་དག་གི་མི་རྣམས་ལ་གཉེན་སྒྲིག་གི་ཐད་ནས་ཡ་མཚན་ཅན་གྱི་གོམས་སྲོལ་ཞིག་ཡོད། ངས་ཁྱོད་ལ་ད་ལྟ་ནས་བཤད།

མངའ་རིས་འདིའི་སྐྱེས་པ་རྣམས་ཀྱིས་སྐྱེས་པ་དང་འདོད་པ་སྤྱད་མྱོང་མེད་པའི་ན་ཆུང་བུ་མོ་ཞིག་ཆུང་མར་གཏན་ནས་མི་ལེན། རྒྱུ་མཚན་ནི་ཁོང་ཚོས་བཤད་རྒྱུར། སྐྱེས་པ་ཞིག་དང་འགྲོགས་མྱོང་མེད་པའི་ན་ཆུང་བུ་མོ་དག་ལ་རིན་ཐང་ཅི་ཡང་མེད་པས་རེད། ཁོང་ཚོའི་གོམས་སྲོལ་ནི་འདི་ལྟ་སྟེ། ལྗོངས་རྒྱུ་བ་རྣམས་ཡུལ་ཕྱོགས་འདི་བརྒྱུད་དེ་འགྲོ་བའི་ཚེ། གྲོང་ཚོའི་ནང་གི་རྒན་མོ་རྣམས་ཀྱིས་གྲ་སྒྲིག་བྱས་ཏེ་གཉེན་བསྒྲིགས་མྱོང་མེད་པའི་བུ་མོའམ་ཡང་ན་ཁོ་མོ་ཚོའི་གཉེན་ཚན་འགྲོ་བའི་ན་ཆུང་བུ་མོ་དག་འཁྲིད་དེ་ལྗོངས་རྒྱུ་བ་རྣམས་ཀྱི་སར་འགྲོ་ཞིང་། ཁོང་ཚོར་ན་ཆུང་མ་དག་གདམ་གསེས་བྱེད་དུ་འཇུག་ལ། ལྗོངས་རྒྱུ་བ་རྣམས་ཀྱིས་ཀྱང་ན་ཆུང་མ་རེ་བདམས་ནས་འདོད་པ་སྤྱོད། དེ་རྗེས་ན་ཆུང་བུ་མོ་ཚོ་ཕྱིར་ཁོ་མོ་ཚོར་ཁྲིད་ཡོང་མཁན་གྱི་རྒན་མོ་དེའི་གམ་དུ་ཡོང་ངེས། རྒྱུ་མཚན་ནི་ན་ཆུང་མ་དག་ངོ་མི་ཤེས་པའི་ཕྱི་མི་དང་འགྲོགས་ནས་ཁོ་ཚོའི་ཁྱིམ་དང་འབྲལ་མི་ཆོག འདི་ལྟར་ལྗོངས་རྒྱུ་བྱེད་མཁན་ཞིག་གྲོང་ཚོ་ཞིག་གམ་ཡང་ན་ཁང་ཁྱིམ་ཞིག་ཏུ་སླེབས་ཚེ། ཕལ་ཆེར་བུ་མོ་ཉི་ཤུ་སུམ་ཅུ་ཙམ་ལྗོངས་རྒྱུ་བ་རྣམས་ལ་མཁོ་འདོན་བྱེད་རྒྱུ་ཡོད། གལ་ཏེ་ལྗོངས་རྒྱུ་བ་རྣམས་གྲོང་ཁྱིམ་ཞིག་ཏུ་ཞག་སྡོད་བྱས་ཚེ་ན་ཆུང་མ་རྣམས་ཀྱིས་ཁོ་ཚོའི་ཕྱོགས་ནས་བརྩེ་བ་འཚོལ་ངེས།

ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ལྗོངས་རྒྱུ་བ་རྣམས་ཀྱིས་ཁོ་དང་མཉམ་དུ་ཡོད་པའི་ན་ཆུང་བུ་མོར་མཛུབ་དཀྲིས་ཤིག་གམ་ཡང་ན་གཞན་པའི་རྩེད་ཆས་ཀྱི་དྲན་རྟེན་ཞིག་སྟེར་དགོས། དོན་དངོས་སུ་ན་ཆུང་མས་གཉེན་སྒྲིག་སྐབས་རང་གི་མཛའ་གྲོགས་ཀྱི་དྲན་རྟེན་ངོམ་གྱི་ཡོད། དོན་དངོས་སུ་དེ་ནི་རང་གི་ཆེད་དུ་ཡིན་པའི་རྒྱུ་མཚན་གྱིས་ཁོ་ཚོས་གོམས་སྲོལ་དེར་བརྩི་སྲུང་བྱེད། རྒྱུ་མཚན་ནི་ངས་བཤད་པ་ལྟར་ན་ཆུང་བུ་མོ་ཚོས་དྲན་རྟེན་ཉི་ཤུ་ལྷག་ཙམ་ལག་སོན་འབྱུང་བ་བྱ་དགོས་ཤིང་། དེ་ནས་གཞི་ནས་གཉེན་སྒྲིག་བྱེད་ཐུབ། དྲན་རྟེན་ཆེས་མང་བ་རྣམས་ནི་སྔར་སྐྱེས་པ་མང་པོ་དགའ་མྱོང་བ་དང་གཉེན་སྒྲིག་གི་དུས་སུ་སྐྱེས་པ་མང་པོས་ཆེས་བརྩི་བཀུར་དང་འགྲོགས་འདོད་བྱེད་ས་ཡིན། རྒྱུ་མཚན་ནི་ཁོང་ཚོས་ན་ཆུང་མ་འདི་རིགས་ལ་ཆེས་ཡིད་དབང་འཕྲོག་པའི་འགུགས་ཤུགས་ཡོད་ཟེར། འོན་ཀྱང་གཉེན་སྒྲིག་བྱས་རྗེས་སྐྱེས་པ་ཚོས་རང་གི་ཆུང་མ་བརྩི་མཐོང་ཆེན་པོ་བྱས་ཏེ་མི་གཞན་གྱིས་ཆུང་མར་ལས་འབྲེལ་བྱས་ཚེ་ཧ་ཅང་ངོ་ཚ་ཆེན་པོ་ཞིག་ཏུ་བརྩི། ཁྱོད་ཚོས་ཐོས་པ་ལྟར་བཟའ་ཟླ་གཉིས་ཀྱིས་གཉེན་སྒྲིག་མ་བྱས་གོང་གང་འདོད་དུ་ལུས་འབྲེལ་བྱེད་ཆོག་མོད། འོན་ཀྱང་གཉེན་སྒྲིག་བྱས་རྗེས་བློ་སེམས་རྩེ་གཅིག་བྱེད་དགོས་པས། གང་འདོད་ཀྱིས་བྱ་བ་སྒྲུབ་མི་ཆོག

ད་ནི་ངས་ཁྱོད་ལ་གཉེན་སྒྲིག་གི་གོམས་སྲོལ་འདི་གཏམ་རྒྱུད་སྙན་མོ་ཞིག་དང་འདྲ་བར་བཤད་ཟིན་པ་རེད་ལ། ནུབ་ཕྱོགས་ཀྱི་ན་གཞོན་རྣམས་ལ་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཅིག་བསྟན་ཡོད།

མི་དམངས་ནི་འདྲ་སྐུར་ཕྱག་མཆོད་བྱེད་མཁན་དང་གདུག་རྩུབ་ཆེ་བའི་མི་རིགས་ཤིག་ཡིན་ཅིང་། འཕྲོག་བཅོམ་དང་སྡུག་བསྔལ་གཏོང་བའི་ནག་ཉེས་ཀྱི་ཆ་ནས་བཤད་ན་ཁོང་ཚོ་ནི་དོན་དངོས་སུ་འཇིག་རྟེན་སྟེང་གི་ཇག་པ་ཆེ་ཤོས་དེ་རེད་སྙམ། ཁོང་ཚོས་ཕྱུགས་ཟོག་དང་ཞིང་ཁའི་ཐོན་ཁུངས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།

ངས་ད་དུང་ཁྱེད་ལ་བཤད་དགོས་པ་ཞིག་ལ། མངའ་རིས་འདིར་གླ་རྩི་ཡོད་པའི་རི་དྭགས་མང་པོ་ཡོད། རི་དྭགས་དེའི་མིང་ལ་རྒྱ་སྐད(Langue tartare )དུ་གྷོས་དྷུ་རེས(Gudderi)ཞེས་འབོད། མི་ངན་དེ་དག་ལ་ཆེ་ཞིང་བརྗིད་པའི་ཁྱི་མང་པོ་ཡོད་ཅིང་། དེ་དག་ནི་གླ་རྩི་ཡོད་པའི་རི་དྭགས་དག་འཛིན་པའི་ཕྱོགས་ལ་ཕན་ཐོགས་ཆེ། དེ་བས་ཁོང་ཚོར་དྲི་ཞིམ་ལྡན་པའི་གླ་རྩི་མང་པོ་ཐོབ། ཁོང་ཚོར་ཆེན་པོ་ཁན་གྱི་ཤོག་སྒོར་མེད་མོད། འོན་ཀྱང་དངུལ་ལོའི་དོད་དུ་ཚྭ་སྤྱོད་པར་བྱེད། ཁོང་ཚོས་ལྭ་བ་ཐེབས་ཆག་གྱོན།  གང་ཡིན་ཞེ་ན། ཁོ་ཚོའི་གྱོན་གོས་ནི་གཅན་གཟན་གྱི་པགས་པ་དང་། རྩྭ་རས་དང་བག་རས་ཀྱིས་བཟོས་པའི་རྐྱེན་གྱིས་རེད། ཁོང་ཚོར་རང་ལ་སྐད་ཡིག་ཡོད་པས་ཁོང་ཚོར་ཐུ་བྷོད་ཅེས་འབོད། ཐུ་བྷོད་ནི་ཞིང་ཆེན་ཆེན་པོ་ཞིག་ཏུ་གྱུར་འདུག ངས་ཁྱོད་ཚོར་མངའ་རིས་འདིའི་གནས་ཚུལ་མདོར་བསྡུས་ཤིག་བཤད་ཟིན་ཏོ། །

«ངོ་མཚར་དེབ་ཐེར»གྱི་པར་གཞི་རྙིང་པ་ཞིག་གི་ཤོག་ངོས་གཅིག

ཚན་པ་༤༦ ནི་འདི་ལྟ་སྟེ།

༤༦ ཐུ་བྷོད་ཀྱི་གནད་དོན་སྐོར་གླེང་བ།

མངའ་རིས་འདིའི་མིང་ལ་ཐུ་བྷོད་ཟེར། རྒྱ་ཁྱོན་ཧ་ཅང་ཆེ། ངས་ཁྱོད་ཚོར་བཤད་ཟིན་པ་ལྟར།  མངའ་རིས་འདིའི་མི་ལ་ཡི་གེ་ཡོད་པ་དང་། ཁོང་ཚོ་ནི་འདྲ་སྐུར་ཕྱག་མཆོད་བྱེད་མཁན་ཡིན། ཁོང་ཚོ་མན་ཛི( Manzi)དང་དེ་མིན་གྱི་མངའ་ཁུལ་གཞན་དག་གི་ས་མཚམས་སུ་ཡོད་ཅིང་། རྐུ་འཕྲོག་ལ་ཧ་ཅང་མཁས།

དོན་དངོས་སུ་རྒྱལ་ཁབ་འདི་ཤིན་ཏུ་ཆེ་ཞིང་། དེའི་ནང་དུ་རྒྱལ་ཕྲན་བརྒྱད་དང་། གྲོང་ཁྱེར་དང་གྲོང་རྡལ་ཡང་མང་པོ་ཞིག་འདུས། དེའི་ས་ཁུལ་ཁ་ཤས་སུ་མཚོ་དང་མཚེའུ་ཡོད་ཅིང་། དེ་དག་གི་ནང་ནས་གསེར་བྱེ་མང་པོ་རྙེད་ཐུབ། སྐྱེས་སྟོབས་མགྱོགས་པའི་ཤིང་ཚ་ཡང་མང་པོ་སྐྱེ། བྱུ་རུ་ནི་ཡུལ་འདིར་བྲིན་རྒྱུག་ཆེ་ཞིང་རིན་གོང་མཐོ་བོ་བྱས་ཏེ་བཙོང་། གང་ཡིན་ཞེ་ན། ཡུལ་འདིའི་མི་རྣམས་ཀྱིས་བྱུ་རུ་ནི་བུད་མེད་དང་འབག་སྐུ་སོགས་ཀྱི་སྐེ་རྒྱན་དུ་བྱེད་པར་དགའ་མོས་ཡོད་པས་རེད། དེར་མ་ཟད་བལ་དང་དེ་མིན་གྱི་རྒྱུ་ཆ་དང་། བྲོ་རྗས་མང་པོ་ཐོན་ཞིང་། འདི་དག་ང་ཚོའི་རྒྱལ་ཁབ་ཏུ་རྩ་བ་ནས་མཐོང་དུ་མེད།

མི་འདི་དག་གི་ཁྲོད་ནས་ཁྱོད་ཀྱིས་ཀྱང་འཛམ་གླིང་གི་བཞི་ཆ་གཅིག་ཙམ་ཟིན་པའི་ལྷ་བ་མོ་བ་དང་སྐར་རྩིས་པ་རྙེད་ཐུབ། ཁོ་ཚོས་གདོན་འདྲེ་ལྟ་བུའི་སྒྱུ་རྩལ་ལ་བརྟེན་ནས་ངོ་མཚར་ཆེ་བའི་རྫུ་འཕྲུལ་སྟོན། མི་རྣམས་ཀྱིས་མཐུ་རྩལ་དེ་མཐོང་བའམ་ཐོས་རྗེས་ཧང་སངས་པར་བྱེད། དེ་བས་ངས་དེབ་འདིའི་ནང་དུ་ཚིག་གཅིག་ཀྱང་གླེང་བར་མི་བྱའོ། ། གལ་ཏེ་མི་རྣམས་ཀྱིས་སྐད་ཆ་འདི་དག་ཐོས་ན། ཁོང་ཚོར་ཡ་མཚན་སྐྱེ་སྲིད་མོད། འོན་ཀྱང་དགོས་མཁོ་ཡོད་པ་ཞིག་མིན།

ཐུ་བྷོད་ཀྱི་མི་དག་ནི་ལྭ་བ་ཐེབས་ཆག་ཡོད། ཁོང་ཚོར་བོང་བུ་ལྟར་ཆེ་བའི་ཁྱི་དང་། ཁོང་ཚོ་རི་དྭགས་འཛིན་པར་ཤིན་ཏུ་མཁས། [ལྷག་པར་དུ་བྷ་ཡ་མི་ནེ(Beyamini)ཞེས་པའི་འབྲོང་དང་། ཤེད་ཤུགས་ལྡན་ཞིང་གཏུམ་དྲག་ཅན་གྱི་སྲོག་ཆགས་སོགས་འཛིན་པར]  དེ་བཞིན་དུ་ཁྱིའི་རིགས་ཀྱང་མང་དུ་ཡོད་ལ། འཕུར་རྩལ་མྱུར་ཞིང་ལྡེམ་མྱུར་ཆེ་བའི་བྱ་རྒོད་ཀྱང་རྒྱལ་ཁབ་འདིའི་བྲག་གི་ཁོང་གསེང་དུ་ཡོད།

ངས་ཁྱོད་ཚོར་ཐུ་བྷོད་ཀྱི་སྐོར་ནས་སྐད་ཆ་ཡོད་ཚད་མདོར་བསྡུས་ནས་བཤད་ཟིན། ང་ཚོས་བརྗོད་གཞི་འདི་བསྐྱུར་ཏེ་མིང་ལ་ཁན་ཏུའུ(Caindu)འབོད་པའི་མངའ་རིས་གཞན་ཞིག་གླེང་བར་བྱ། སྐབས་འདིར་ཁྱོད་ཀྱིས་ཐུ་བྷོད་དང་འབྲེལ་ཡོད་ཀྱི་ས་ཆ་རྣམས་ཆེན་པོ་ཁན(Grand Kaan)གྱི་མངའ་ཁོངས་སུ་ཡོད་པ་ཤེས་དགོས་པ་ཡིན། དེ་བཞིན་དུ་དེབ་འདིར་གླེང་བའི་རྒྱལ་ཁབ་གཞན་དག་དང་། མངའ་རིས་དང་ཡུལ་ལུང་ཚང་མ་ཆེན་པོ་ཁན་གྱི་མངའ་ཁོངས་སུ་ཡོད་པ་དང་། ཐ་ན་ངས་དེབ་འདིའི་སྟོད་དུ་བཤད་པའི་རྒྱལ་ཁབ་དང་། མངའ་རིས་ཡུལ་ལུང་ཚང་མ་དབང་བསྒྱུར་བྱས་ཡོད།  གནམ་གྱི་བུ་ཨ་གྷོང་( Argon)གི་སྲས་ཀྱང་ཆེན་པོ་ཁན་གྱི་མངའ་ཞབས་སུ་ཡོད། ( ? ? ?)

དེར་བརྟེན། ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། མངའ་རིས་འདི་ནས་མདུན་དུ་བསྐྱོད་ཚེ། དེབ་འདིའི་ནང་བཤད་པའི་མངའ་རིས་ཚང་མས་ཆེན་པོ་ཁན་གྱི་བཀའ་བརྩི་དགོས། དོན་དག་འདི་དམིགས་བསལ་གྱིས་གླེང་མེད་ནའང་། ཁྱོད་ཀྱིས་ངེས་པར་དུ་དོན་དངོས་སུ་དེ་འདྲ་ཡིན་པ་ཤེས་དགོས།

ད་ནི་གནས་ཚུལ་འདི་མཇུག་རྫོགས་པར་བྱས་ཏེ། ངས་ཁྱོད་ཚོར་ཀང་ཏུའུ(Caind)ཞེས་པའི་མངའ་རིས་ཤིག་གླེང་འདོད་དོ། །

བཞི། མར་ཁོ པོ་ལོའི་དེབ་ཐེར་དུ་འཁོད་པའི་བོད་ཀྱི་ན་ཆུང་མ།

གཤམ་གྱི་འགྱུར་འདི་ནི་ཕྲན་གྱིས་༢༠༡༥ལོར་དྲྭ་རྒྱ་འདི་ནས ( https://www.french.hku.hk/marco-polo ) མཐོང་སྟེ་འཕྲལ་དུ་བོད་ཡིག་ཏུ་དོན་བསྒྱུར་བགྱིས་ཏེ་དྲྭ་ཐོག་ཏུ་སྤེལ་ཡོད། ཧྥ་རན་སིའི་དྲྭ་རྒྱ་འདིའི་སྟེང་ན་གནས་ཚུལ་འདི་མར་ཁོ པོ་ལོའི«ངོ་མཚར་དེབ་ཐེར»ལས་དྲངས་ཚུལ་ཞིག་བཤད་ཡོད་པ་ལས་འགྱུར་འདི་ངོ་སྤྲོད་བྱས་མི་འདུག ད་ཐེངས་དཔྱད་གཞིའི་ཚུལ་དུ་རྩོམ་ཡིག་འདིའི་ནང་དུ་བཅུག་ཡོད།

བོད་མི་ཚོར་གོམས་གཤིས་ཤིག་ཡོད་པ་ནི། ལུང་པ་འདིའི་ཤ་དར་ཁྲག་དར་གྱི་གཞོན་ནུ་ཚོ་ཆགས་སྲེད་སྤྱད་མ་མྱོང་བའི་ན་ཆུང་བུ་མོ་ཚོ་དང་མཉམ་དུ་འགྲོགས་སྲོལ་མེད་ཅིང་།  ནམ་ཡང་གཞོན་ནུ་ཞིག་གི་མཉམ་དུ་ཉལ་མྱོང་མེད་པའི་ན་ཆུང་མ་རྣམས་གང་གི་གྲལ་དུའང་མི་བརྩི། ཁོ་ཚོས་བཤད་ན། ན་ཆུང་མ་དེ་དག་ལ་ལྷ་ཡིས་མགོན་སྐྱོབ་གནང་གི་མེད་སྟབས། གཞོན་ནུ་ཚོས་ན་ཆུང་མ་དེ་དག་ལ་གཡོལ་བའམ་ཡང་ན་འཛེམ་དོགས་བྱེད་ཀྱི་ཡོད། འོན་ཀྱང་། གཞོན་ནུ་ཚོས་ཆོས་སྐྱོང་སྲུང་མས་གྲོགས་དན་བྱེད་མཁན་གྱི་ན་ཆུང་མ་དག་ལ་བརྩེ་བ་སྤྲོད་པ་དང་དགའ་བོ་བྱེད་པ་རེད། དེ་ལྟ་ནའང་། ཁོ་ཚོར་གཉེན་སྒྲིག་བྱེད་སྟངས་ཤིག་ཡོད། དེ་ནི་རྒྱལ་ཁབ་གཞན་ནས་འོངས་པའི་ཕྱི་མི་འགྲུལ་པ་དག་ཡུལ་ཕྱོགས་འདི་བརྒྱུད་དེ་འགྲོ་བའི་ཚེ། འགྲུལ་པ་རྣམས་གྲོང་ཚོའམ་ཡང་ན་སྡེ་བའི་ཕྱི་རོལ་ཏུ་གུར་ཕུབ་ནས་སྡོད་དགོས་ཏེ། རྒྱུ་མཚན་ནི་གྲོང་པ་རྣམས་ཀྱིས་སྣེ་ལེན་མི་བྱེད་ཅིང་། ཁོ་ཚོས་སྣེ་ལེན་ལ་དགའ་བོ་མི་བྱེད། ཡིན་ནའང་། གྲོང་ཚོའི་ནང་གི་བུད་མེད་རྒན་པ་གཙོས་པའི་མོ་ཧྲེང་རྣམས་ཀྱིས་གཉེན་སྒྲིག་བྱེད་རན་པའི་རང་གི་བུ་མོ་ན་ཆུང་ཚོ་གྲོང་ཚོའི་ཕྱི་རོལ་ཏུ་འཁྲིད་ཡོང་ཞིང་། སྐབས་རེར་ན་ཆུང་མ་ཉི་ཤུ་དང་། མཚམས་རེར་ན་ཆུང་མ་བཞི་བཅུ་ལྷག་ཡོད་པའི་དུས་ཀྱང་ཡོད། ཅི་སྟེ་ན་ཆུང་བུ་མོ་ཚོ་ཁྲིད་ཡོང་མཁན་རྣམས་ཀྱིས་ཕྱི་མི་འགྲུལ་པ་ཚོར་རང་ཉིད་ཀྱི་བུ་མོ་གདམ་གསེས་བྱེད་པར་ཞུ་བ་བྱེད་ཅིང་། འགྲུལ་པ་ཚོས་ཀྱང་གང་འདོད་ལྟར་ན་ཆུང་མ་རེ་གདམ་གསེས་བྱེད་པ་རེད། དེ་བས་ན་ཆུང་མ་དེ་དག་དགའ་ཞིང་སྤྲོ་བ་འཕེལ་བ་དང་། གཞན་པ་དག་སེམས་སྡུག་ངང་རང་ཁྱིམ་དུ་ལོག འོན་ཀྱང་། འགྲུལ་པ་དག་གིས་ན་ཆུང་བུ་མོ་དེ་དག་རང་གི་རྒྱལ་ཁབ་བམ་ཡང་ན་ལུང་པ་གཞན་དུ་ཁྲིད་མི་ཆོག་པ་རེད།

ཕྱི་ནས་འོང་བའི་འགྲུལ་པ་ཚོས་ན་ཆུང་མ་ཚོའི་འདོད་པ་བསྐངས་རྗེས་ལམ་དུ་ཆས་སྐབས། ཁོ་ཚོས་ན་ཆུང་མ་ཚོར་མཛུབ་དཀྲིས་དང་། རྣ་ལུང་སོགས་སྤྲོད་དགོས་པའི་ལུགས་སྲོལ་ཡོད། དེ་ནས་ན་ཆུང་མ་ཚོས་འགྲུལ་པ་རྣམས་ཀྱིས་སྤྲད་པའི་རྒྱན་ཆ་སོགས་བཏགས་ནས་རང་ཁྱིམ་དུ་ལོག་སྟེ་གཉེན་སྒྲིག་བྱེད་པ་རེད། སུ་ལ་རྒྱན་ཆ་མང་ན་དེ་ལ་བརྩི་མཐོང་བྱེད་པར་མ་ཟད། རྒྱན་ཆ་མང་པའི་ན་ཆུང་མ་དེས་ཀྱང་གྲོང་པའི་གཞོན་ནུ་ཚོར་རང་ལ་རྒྱན་ཆ་དང་དགའ་རོགས་ཡོད་པའི་རྣམ་འགྱུར་རྩལ་དུ་སྟོན་པ་དང་། ཁོ་ཚོའི་ཕ་མ་དག་གི་སེམས་དགའ་ཞིང་། གྲོང་པའི་གཞོན་ནུ་ཚོས་ཀྱང་ན་ཆུང་མ་དེ་དག་དང་མཉམ་དུ་གཉེན་སྒྲིག་བྱེད་པར་འབད་བརྩོན་བསྟེན་ལ། ན་ཆུང་མ་དེ་དག་ལ་ལྷ་ཡིས་མགོན་སྐྱབས་གནང་གི་ཡོད་པའི་ཡིད་ཆེས་ཀྱང་བྱེད་པ་རེད། མདོར་ན་ན་ཆུང་མ་དེ་དག་གིས་རང་སོ་སོའི་ཁྱོ་གར་རང་ཉིད་ཆགས་སྲེད་སྤྱད་མ་མྱོང་བའི་བུ་མོ་ཞིག་མིན་ཚུལ་སྟོན་ནའང་། རྒྱན་ཆ་མང་པོ་མ་རག་པའི་ན་ཆུང་མ་རྣམས་ལ་མཐོང་ཆུང་དང་འཛེམས་དོགས་བྱེད་དོ། ། གང་ལྟར་ན་ཆུང་མ་དེ་དག་གཉེན་སྒྲིག་བྱེད་སྐབས། ཁོ་ཚོས་ཕྱི་མི་ཚོས་སྤྲད་པའི་རྒྱན་ཆ་སོགས་འདོགས་པ་དང་། སུ་ཞིག་ཕྱི་མི་ཞིག་དང་འགྲོགས་པར་རྐྱེན་བྱས་ཏེ་སྦྲུམ་མར་གྱུར་ཡོད་པའི་དབང་དུ་བཏང་ནའང་། ཕྲུ་གུ་དེའི་ཕ་ནི་འགྲུལ་པ་ཆེ་གེ་མོ་དེ་མིན་པར་རང་ཉིད་ཀྱི་ཁྱོ་ག་ཡིན་ལ། ཕྲུ་གུ་དེར་ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་ཀྱང་དབང་བ་རེད། འོན་ཀྱང་། ཁོ་ཚོ་གཉེན་སྒྲིག་བྱས་ཚར་རྗེས། ཁྱིམ་ཚང་གི་བདག་མོར་གྱུར་པའི་བོད་ཀྱི་ན་ཆུང་མ་དེ་དག་ལ་སུ་ཞིག་གིས་ཀྱང་རེག་མི་ཆོག་པ་རེད།

ལྔ། མར་ཁོ པོ་ལོའི་འགྲུལ་བཞུད་དང་འབྲེལ་བའི་དོགས་སློང་།

མར་ཁོ པོ་ལོས «ངོ་མཚར་དེབ་ཐེར»དུ་གསུངས་པའི་བོད་ཡུལ་ནི་ད་ལྟའི་དུས་སུ་རྒྱ་ནག་ཤར་ཕྱོགས་ཀྱི་སི་ཁྲོན(Szechwan)དང་ཡུན་ནན(Yunnan)ཞིང་ཆེན་གཉིས་ཀྱི་ནང་ཡིན། ལར་ནས་ཁན་ཏུའུ(Caindu)ནི་དར་རྩེ་མདོ་རེད་ཅེས་སྨྲ།  གང་ལྟར། དུས་རབས་བཅུ་གསུམ་པའི་ནང་དུ་ཡུལ་ལུང་དེ་དག་ཆེན་པོ་ཧོར་གྱི་མངའ་འོག་ཏུ་ཡོད། མར་ཁོ་པོ་ལོ་བོད་དུ་འགྲུལ་བཞུད་དུ་ཞུགས་སྐབས་ནི་ཧོར་གོང་མ་་མོང་ཀོ་ཧན(1209-1259)སྐུ་གཤེགས་ནས་ལོ་ཉི་ཤུ་ལྷག་གི་རྗེས་དང་། ཁོང་གི་ནུ་བོ་ཀུབ་ལིའི་ཁན་གྱིས་ཧོར་གོང་མའི་རྒྱལ་ཚབ་བཞེས་ནས་ལོ་བཅོ་ལྔ་ལྷག་རྗེས་ཙམ་རེད་སྙམ།

འོན་ཀྱང་།  ཉེ་ཆར་མར་ཁོ པོ་ལོའི་དེབ་ཐེར་དུ་འབྱུང་བའི་གནས་ཚུལ་གྱི་སྐོར་ལ་དོགས་པ་བྱེད་མཁན་མང་པོ་བྱུང་ཡོད། ཨིན་ཇི་རྒྱལ་ཁབ་ཏུ་བཞུགས་པའི་རྒྱ་ནག་ལོ་རྒྱུས་དང་མར་ཁོ པོ་ལོ་སོགས་ཀྱི་སྐོར་ལ་ཞིབ་འཇུག་གནང་མཁན་ཧྥ་རན་སིས་སི བོ་ཊིས(Frances Wood)མར་ཁོ པོ་ལོའི་དེབ་ཐེར་ལ་ཞིབ་འཇུག་བགྱིས་ཏེ«མར་ཁོ པོ་ལོ་རྒྱ་ནག་ཏུ་བསྐྱོད་མྱོང་ངམ»ཞེས་པའི་དེབ་བརྩམས་ཤིང་། དེའི་ནང་དུ་དོན་དངོས་སུ་མར་ཁོ པོ་ལོ་པར་ཟིག་ཏུ་བསྐྱོད་ཡོད་པ་ལས་རྒྱ་ནག་ཏུ་ཕྱིན་མྱོང་མེད། ཁོང་གིས་པར་ཟིག་ཏུ་འབྱོར་བའི་ལྗོངས་རྒྱུ་བ་རྣམས་ཀྱིས་བརྗོད་པ་ལྟར་རྒྱ་ནག་གི་གནས་ཚུལ་མང་པོ་ཞིག་ཞིབ་འབྲི་བྱས་ཡོད་པར་བརྗོད་ཡོད།

ལྟ་ཚུལ་འདི་ལ་རྒྱབ་སྐྱོར་བྱེད་མཁན་དང་མེད་མཁན་གྱི་ཞིབ་འཇུག་པ་མང་པོ་བྱུང་མོད། མར་ཁོ པོ་ལོ་ཤར་ཕྱོགས་ཨེ་ཤེ་ཡར་ཕྱིན་མེད་པའི་སྒྲུབ་བྱེད་ནི་དཔེར་ན། རྒྱ་ནག་དང་སོག་པོའི་ལོ་རྒྱུས་སུ་མར་ཁོ པོ་ལོའི་སྐོར་འཁོད་མེད་པ་དང་། ཁོང་གིས་བཤད་པའི་རྒྱ་ནག་གི་ས་མིང་དང་ཡུལ་མིང་མང་པོ་ཞིག་པར་ཟིག་གི་སྐད་ཀྱི་སྒྲ་གདངས་ལྟར་བྲིས་པ་ལས་རྒྱ་ནག་གི་སྐད་གདངས་ལྟར་བྲིས་མེད་ཚུལ་བཤད་ཅིང་། རྒྱ་ནག་གི་ཡུལ་ལུང་སྐོར་ཞིག་ཕན་ཚུན་འཁྲུགས་ཡོད་སྐོར་དང་། ཡུལ་ལུང་སྐོར་ཞིག་གི་གནས་ཚུལ་དངོས་ཡོད་མིན་པར་གཏམ་རྒྱུད་ཀྱི་རྣམ་པའི་ལམ་ནས་བརྗོད་ཡོད་པར་བཤད་འདུག གཞན་ཡང་ཀུབ་ལིའི་ཁན་གྱིས་སོག་སྐད་དང་རྒྱ་སྐད་མི་ཤེས་པའི་ཕྱི་གླིང་བ་ཞིག་ཁོང་གི་ཕོ་ཉར་བརྐོ་མི་སྲིད་པ་དང་།  གལ་སྲིད་བརྐོས་ཡོད་ནའང་ཁོང་གིས་འབར་མ་དང་ ཁམ་པོ་ཊི། བེ་ཋི་ནམ། ཉི་ཧོང་། རྒྱ་གར་སོགས་ཀྱི་གནས་ཚུལ་མི་གླེང་བའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་དོགས་པ་བྱེད་མཁན་ཡོད། མདོར་བསྡུས་ན། གལ་ཏེ་མར་ཁོ པོ་ལོ་རྒྱ་ནག་ཏུ་ཕེབས་ཡོད་ཚེ། རྒྱ་ནག་གི་ཇ་དང་། ལྕགས་རི་རིང་པོ། རྒྱ་མོ་རྐང་ཏོ་སོགས་ཀྱི་སྐོར་ངེས་པར་དུ་བརྗོད་དགོས་མོད། དེ་དག་གླེང་མེད་པ་སོགས་ལ་བརྟགས་ན། མར་ཁོ པོ་ལོས་ཤར་ཕྱོགས་ཨེ་ཤེ་ཡའི་གནས་ཚུལ་མང་པོ་ཞིག་དར་གོས་ཚོང་ལམ་སྟེང་གི་ལྗོངས་རྒྱུ་བ་སྐོར་ཞིག་གི་ངག་ནས་ཐོས་ཏེ་ཕྱིས་སུ་གཞན་ལ་བཤད་དེ་དེབ་ཐེར་དུ་བཀོད་པའི་འདོད་ཚུལ་འཛིན་མཁན་ཡོད།

འོན་ཀྱང་། དོན་དངོས་སུ་མར་ཁོ པོ་ལོ་ཤར་ཕྱོགས་ཨེ་ཤེ་ཡར་ཕྱིན་ཡོད་མེད་ལ་མ་ལྟོས་པར། ཁོང་དང་ཁོང་གི་དེབ་ཐེར་གྱིས་ནུབ་ཕྱོགས་པ་རྣམས་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་དེ། ལྷོ་ཨ་མི་རི་ཀའི་གླིང་ཆེན་གསར་རྙེད་བྱུང་མཁན་ཁེག་སི་ཊོ་ཧྷུབ འཁོ་ལོམ་འབོག(Christophe Colomb 1451-1506)འགྲུལ་བཞུད་ལ་ཞུགས་འདོད་པའི་་འགོག་མེད་ཀྱི་ཚོར་བ་དེ«ངོ་མཚར་དེབ་ཐེར»བཀླགས་ནས་བྱུང་བ་ཡིན་ལ། གཞན་ཡང་ཁོང་དང་ཁོང་གི«ངོ་མཚར་དེབ་ཐེར»ལས་འཕྲོས་ཏེ་གློག་བརྙན་དང་། རྟོག་སྒྲུང་། རྩོམ་ཡིག་སོགས་སྣ་ཚོགས་ཤིག་བྱུང་ཡོད་པས། ནུབ་ཕྱོགས་སུ་མར་ཁོ པོ་ལོ་གོ་ཐོས་བྱུང་མེད་མཁན་དཀོན་པོ་ཡིན་ལ། ཁོང་གི་་སྙན་གྲགས་མུ་མཐུད་དུ་འཕེལ་བཞིན་ཡོད།