གནམ་ངོ་ལོག་ཐལ།

ང་རང་དོ་ནུབ་འདི་ནས་དེ་རུ་ཐོན་ཐབས་མི་འདུག།
སྒུག་བཟོད་མེད་པའི་ནམ་ཟླ་ཆུ་ལ་ལ་མོར་བསྐུར་རོགས།།
བརྩེ་བ་མི་འགྱུར་རྡོ་ཡིན་རྡོ་ཡིས་སྐད་ཆ་མི་སྨྲ།།
ཆ་མེད་གནམ་ངོ་འདི་ཡིས་ང་རང་རྒས་སུ་བཅུགས་སོང་།།

འཕྲིན་ཡིག་གསེར་བྱ་ཨེ་རེད་བལྟས་ན་མིག་ལ་མཛེས་པ།།
ནང་དོན་དུག་ཆུ་ཨེ་རེད་བྱང་ཁོག་སྟེང་འོག་དཀྲུགས་པ།།
ལས་སྐལ་ཟེར་བའི་ཁྲིམས་ཡིག་ཨ་ཀྱོག་པ་ཀྱོག་སྒང་ལ།།
ཆུ་དང་འོ་མ་ཡིན་ཡང་འདྲིས་ཐབས་ལར་ནས་མི་འདུག།

དོ་ནུབ་ཆར་པའི་འབབ་ཚད་ནམ་རྒྱུན་ལས་ཀྱང་མྱུར་བ།།
འབྲུག་སྐད་ཐོབ་ཀྱག་གོ་ཀྱག་སྙིང་ཁམས་ཡོམ་ཡོམ་འདར་བ།།
གློག་དམར་ཟི་ར་འཚུབ་སེ་སུ་ཡིས་ཁོང་འཁྲོ་བསྟན་པ།།
སྡོད་གནས་ཤག་ཆུང་འདི་ཡང་དུར་ཐང་གང་ཞིག་ཡིན་འདྲ།།

ཆུ་བོ་དལ་མོའི་འགྲོས་ལ་གསང་བའི་གླུ་སྐད་བསྡེབས་པ།།
ང་ཡི་འཇིག་རྟེན་སྨུག་པོ་ཁྱེད་ལ་བཞེངས་བ་ཡིན་ནོ།།
དྲན་པའི་ཚེས་རུ་ཟུར་གསུམ་ཁ་མཐའ་སུ་ཡིས་བཟོས་པ།།
དྲི་བ་གཏན་ནས་མ་གནང་ང་རང་ལྐུགས་པ་ཆགས་ངེས།།

བདག་གི་གནམ་ས་དམར་པོ་དམར་པོ་མེ་རུ་འབར་སོང་།།
ལས་དབང་ཁྲམ་པ་ལག་རིང་ལག་རིང་བདག་ལ་བསྲིངས་སོ།།
ཁྲག་གི་མཆི་མའི་རྒྱུན་དུ་རྒྱུན་དུ་ཆད་པའི་ལན་ཆགས།།
ཇི་ལྟར་བསབ་པའི་ལམ་བུ་ལམ་བུ་དེ་ལས་གོལ་སོང་།།

འགྱུར་བ།

ད་ལོ་དབྱར་ཀ་སྤྲིན་དང་སྨུག་པས་ཟོས།།
ཐད་དེར་ང་རང་གཅིག་པུ་ལྷགས་པ་ན།།
གཞན་གྱིས་བྲེ་མོ་ཇི་ཙམ་བཟླས་པ་ཚོར།།
ན་ནིང་ལོ་ཡི་དབྱར་དུས་ཐུང་སྣང་ཤར།།

འཇིག་རྟེན་ཟེར་བའི་མིང་གི་ཁུད་ཅིག་ཏུ།།
རྣམ་རྟོག་ཆར་དུ་བརྫུས་ཏེ་ཆད་མེད་འབབ།།
དེ་ལྟར་ན་ཡང་བདག་གི་སྒེའུ་ཁུང་འཁྲིས།།
ཐན་པ་ཁོ་ནས་སུ་ལ་གདུང་བ་སྟེར།།

ལང་ཚོའི་འགྲོས་ལས་དགུན་གཞུང་ག་ཚོད་བརྒལ།།
རྫི་མའི་རྩེ་རུ་ཁ་རླངས་ཟིལ་བ་ཆགས།།
གཉིད་པར་འོས་པའི་ཙག་རླུང་དེ་དག་གིས།།
སེམས་པའི་ཡུལ་ལྗོངས་ལན་གྲངས་དུ་མ་སད།།

འདི་ཙམ་ཞིག་ནས་ཕྱིར་ནུད་མ་ནུས་པས།།
མདུན་གྱི་ལམ་ལ་བཏབ་པའི་ཚེར་མ་དག།
ལྭ་བ་བརྟོལ་ནས་ཤ་ལ་ཟུག་པའི་ཚེ།།
ཨ་ཚ་ཞེས་བྱ་སུ་ལ་བསྔོ་བར་རིགས།།

ལུས་རྟེན་འདི་ཅི་གཞིས་ཀ་ཆུང་ངུ་སྟེ།།
དག་ཞིང་རེ་རེ་འཕྲི་སྣོན་སེམས་ཀྱིས་བྱེད།།
འོད་ཀྱི་སྤྲོ་བསྡུ་ཇི་སྙེད་བྱས་པ་དག།
དུས་ཀྱིས་རྙིང་པའི་མེ་ཏོག་ཟད་པོ་ཞིག།།

2014. 9. 23.

མཚན་མོ་རེ་རེ།

དཀར་ཆ་ཅུང་ཟད་གདོང་གི་མཐའ་རུ་འཁོར།།
མུན་པས་དེ་ཡི་ཕྱི་ནས་ར་བ་བསྐོར།།
ཏིང་འཛིན་གློ་རྡེག་དཀྲོག་པའི་དྲིལ་བརྡ་ཡིས།།
ཆུང་འདྲིས་བྱམས་པའི་ཞེ་འདང་སེམས་སུ་བསྣོན།།

སྲིན་འབུ་སྐད་ཅོར་གསེང་ལ་ལྷིང་འཇགས་འཁྲི།།
སྒེའུ་ཁུང་ཕྱི་ཡི་འཇིག་རྟེན་ཅུང་ཟད་ཡོམ།།
ཁྲི་འུ་སྒང་ནས་གཉིད་ཀྱི་བླ་བོར་བའི།།
ནུབ་མོ་འདི་ཚོའི་ཕྱི་ནང་སྟོང་ཉིད་ཡིན།།

སྨུག་པ་སྨུག་པ་ཟེར་ནས་སྐད་ཅིག་ཤོར།།
ཆར་ཆར་པ་ཟེར་ནས་སྡུག་ཅིག་བཏོན།།
ཚེ་འདི་ཆར་དང་སྨུག་པས་ཚོས་པ་ཡི།།
ག་འུ་གཡུ་ཕྲ་ཅན་གྱི་འདོགས་ཐག་ཉིད།།

རྫི་མ་ཟུམ་ཟུམ་ལྐོག་ནས་འཇབ་བུར་བལྟས།།
མགོ་བོ་སྒུར་ནས་གསང་གཏམ་ཤུབ་ཤུབ་སྨྲས།།
མི་ཚོགས་འུར་གྱིས་ཞོགས་པའི་གྲོང་འདབས་ན།།
ཨར་སྐྱོ་སྨྲེང་བ་ཅན་ཚོས་སུ་ལ་སྒུག།

མེ་ཏོག་ཕྲེང་བའི་དབུ་རྒྱན་འཐོར་བ་ལས།།
ཟླ་བའི་གདོང་གི་ཕྱེད་འཛུམ་ཐང་ལ་ལྷུང་།།
དེ་མུར་བྲང་ལ་འདོག་པའི་བྱུ་རུ་ཆ།།
གཡོ་བ་དང་བཅས་མཚན་མོའི་ལྷུམས་སུ་ཞུགས།།

2014. 9. 4.

ད་ལྟ་ཉི་མ་ཕྱི་དྲོ་རེད།

གྲིབ་ནག་རྩེག་མར་ཁེན་པའི་རི་བོའི་འགྱིང་།།
མཚམས་སྤྲིན་ཐོད་དུ་དཀྲིས་པའི་ཉི་མ་ནུབ།།
སྲིད་པའི་འདྲ་པར་ཆུ་ཁར་གཡེང་བའི་ཤུལ།།
ང་རང་ཡང་ནི་ཅི་ཞིག་ཁེར་ལབ་རྒྱག།

བྱི་འུ་གྲེ་བ་ཅུང་ཟད་འགག་པ་རེ།།
དགོང་མོ་རེ་རེའི་སྒོ་གླེགས་རྡུང་མཁན་ཏེ།།
སེམས་པ་བྱེ་མའི་ཐང་དུ་ཟིང་བའི་ཚུལ།།
ཅལ་ཅལ་ངག་གི་ཀློང་ནས་སུ་ལ་བསྐྱོར།།

བུ་མེད་རྐེད་པ་ཕྲ་ཞིང་རྐུབ་ཟླུམ་པའི།།
གར་མཁན་མ་ཞིག་བློས་སློང་ཡང་ཡང་བྱས།།
ཆགས་པ་ཤིན་ཏུ་འབར་བའི་སྐབས་ཤིག་ཏུ།།
ང་རང་ཡི་དྭགས་ཡིན་པའི་ཉམས་སྣང་ཐོབ།།

བྱ་བྱིའུ་ཚང་ལ་ལོག་པའི་དགོང་མོ་དེར།།
གཞིས་ཀྱི་ཁང་ཤོད་དག་ལ་གྲིབ་ནག་བབས།།
རྟ་རྒན་རེ་གཉིས་རྦུ་ཤར་རྡུང་བའི་སྒྲ།།
འདི་ནས་མི་མཐོང་གྱེས་གདུང་ཁོ་ནས་མནར།།

གདུང་བ་གདུང་བ་ཁྱོད་ལ་ནམ་མཁའ་མེད།།
ཁྱོད་ཀྱི་ས་གཞི་ཡང་ནི་སྐམ་ཞིང་རིད།།
འདི་ནས་གཅིག་པུར་རྒྱུ་བའི་འགྲུལ་བ་ཞིག།
རྨི་ལམ་རྨིས་དབང་ཙམ་ལ་སྤྲོ་བ་བརྟས།།

2014. 9. 13.

དེ་ཙམ་ཞིག་ལ།

དུས་ཚོད་དེ་ཙམ་ཞིག་ལ་ཧད་དེ་ལུས།།
ཇི་ཙམ་བལྟས་ཀྱང་ལུས་སེམས་སྦྲིད་པར་མཐོང་།།
རྒྱང་གི་ཉི་མ་འགྲམ་གྱི་མུན་ནག་སྟེ།།
སེམས་ཀྱི་སྐར་ཁུང་དུ་དུང་མུན་པས་གཡོར།།

ང་ནི་འདི་ལྟར་འཆི་མ་གསོན་གྱི་ངང་།།
བརྩེ་བའི་མཇུག་མ་དྲུད་པའི་རྗེས་ཤུལ་དུ།།
ས་དང་བྱེ་མ་རྡོ་དང་གྲམ་པ་སོགས།།
ཐུག་ཚད་རིག་ཚད་དག་ལ་ཐོད་པ་གཏུགས།།

སྨྱོན་པ་ཟེར་བ་མིང་དེ་བདག་ལ་མཛའ།།
སྤྱང་གྲུང་ཟེར་བའི་ཚབ་ཏུ་གླེན་པར་མགུ།།
འཇིག་རྟེན་ཞེན་པ་ལོག་པའི་གནས་ཡུལ་དེར།།
གཅིག་པུར་བསྡད་ཀྱང་ཆོག་པའི་དུས་ཤིག་བྱུང་།།

ཁྱེད་ཉིད་ལུས་ཀྱི་གྲིབ་ནག་བསིལ་བ་ཡིན།།
ངོ་གདོང་ཚུར་ལ་ཕྱོགས་པ་བྱིན་རླབས་ཡིན།།
རྐང་པའི་ཤ་རྗེན་ཙམ་ལ་རེག་པ་ཡི།།
བཀའ་ཁྲོལ་ཞུ་བར་མ་ཕོད་མགོ་བོ་དུད།།

དྲན་གདུང་ཡར་ཡར་འཕྱོ་བའི་དུས་ཚོད་ལ།།
བརྡ་དང་ཐ་སྙད་ཤིན་ཏུ་རྩིང་པོ་འགས།།
ང་རང་མར་མར་གནོན་ཞིང་ལྐུགས་པ་བཟོས།།
ལས་དབང་ཟེར་བའི་དྲིལ་ཆུང་སིལ་སིལ་དཀྲོལ།།

གཉིད་ལམ་ནང་ནས་ལག་འཇུ་ཕུལ་བ་དང་།།
སད་པའི་ཚེ་ན་སེམས་ཀྱི་སྔངས་སྐྲག་སོགས།།
མི་ཡུལ་འདི་ནས་ཁྱེད་ཀྱིས་སྤྲད་པ་ཡི།།
གདམ་ཀ་མེད་པའི་ལམ་ཁ་ཇི་ཙམ་བསྟན།།

ཆུ་མོ་སྐྱོགས་ཀྱིས་སྙོག་པའི་ལས་དབང་ལ།།
ཆུ་ལེན་ཨ་ཅེས་ཐུགས་ཁྲལ་ཚད་མེད་གནང་།།
གནམ་གཤིས་བསིལ་བའི་དབྱར་དུས་དེ་ཤེད་དུ།།
ང་རང་ཤིང་ལོ་སྲིབ་ཀྱི་འབུ་ཞིག་ཡིན།།

དབྱར་ཀ་ཇི་ཙམ་བསླེབས་ཀྱང་མི་གྲོལ་བའི།།
མེ་ཏོག་འདི་ནི་ཇི་ལྟར་ཟུམ་པའི་ཚུལ།།
ཁྱོད་ལ་འཁོར་བས་བསླབས་པའི་གདམ་པ་སྟེ།།
གུས་པས་སེམས་ནས་བརྩེ་འོ་སྐྱོ་གདུང་ལགས།།

2014. 9. 18.

ང་ཡི་ཐར་ལམ།

མུན་ནག་འདོམ་ལ་འཇལ་བའི་ཕར་ཕྱོགས་སུ།།
གཞེས་ནིང་བརྩིས་པའི་ལོ་རྙིང་དུ་མ་སྒྲིག།
ཕྱི་ནང་མར་པོར་གཡམ་ཐག་འཐེན་པ་ཡིས།།
ང་ནི་རྒས་ཤིང་དྲན་འཛིན་རབ་རིབ་གྱུར།།

ཚེ་ལོ་བསྟར་ཕྲེང་སྒྲིག་པའི་གསེར་ཟམ་ཁར།།
མི་ཞིག་ཤི་བ་མི་ཞིག་འགྱེལ་བ་དང་།།
མི་ཞིག་བསེར་བ་མི་ཞིག་དགོད་པ་སོགས།།
བརྗོད་ལ་དུབ་པའི་དགའ་སྐྱོ་ཡུན་གྱིས་མཐུད།།

ང་རང་དགའ་སའི་མཚེར་ཤུལ་ཐབ་ཀ་ཅན།།
སྔོན་ཚེ་ནོར་ལུག་འབའ་སྒྲའི་ཁྲོད་དུ་གཟིམས།།
དེང་ནི་ཅི་ཞིག་ཆད་པས་གནོངས་པ་ལྟར།།
ཁ་ཏྭའི་ཨག་སྐད་རེ་གཉིས་རླུང་གིས་འཐུ།།

སྙིང་ལ་འཐམ་བཞིན་བཤོལ་བའི་སུ་དག་ནི།།
མཚོན་ཆ་མེད་པར་སྲོག་གི་གཤེད་དུ་ལྡང་།།
འདུ་འཛོམས་ཆར་པའི་གསེང་གི་བྱིའུ་བཞིན།།
སྒྲོ་གཤོག་རྡེབ་རྡེབ་བར་ནས་གནམ་ངོ་འགྱུར།།

མི་ཡི་ཁ་རླངས་ངོས་སུ་འཚུབ་པ་ཡི།།
མཚོན་མདོག་མེད་པའི་ནད་འབུ་ཕྲ་རགས་རྣམས།།
མིད་པས་གློད་པའི་དེ་མ་ཉིད་དུ་ཡང་།།
གང་དུ་དགྲ་གྲོགས་བགོད་པའི་ལས་ལ་བྲེལ།།

དབྱར་དགུན་སྟོན་དཔྱིད་རེས་མོས་རྗེ་བ་ཡི།།
འཁོར་བའི་ཁ་དོག་འགྲེལ་དུ་བཏུབ་མ་ཡིན།།
བྱེ་མའི་འཆང་བུ་རླུང་ཁར་འགྲེམ་པའི་དུས།།
ཁྱོད་ལ་ཆོས་ཉིད་ཅིག་གི་ཟབ་སྦྱོང་ཐོབ།།

བརྡ་ལོག་རེ་རེ་གནམ་གྱི་མཐའ་ལ་བརྐྱངས།།
དེ་ལ་ཉི་མས་བཟོས་པའི་རྣ་རྒྱན་བཏགས།།
སྐར་མ་རེ་འགའ་གསལ་ལ་མི་གསལ་ངང་།།
དེ་ལ་གསེར་སྐྱེམས་བཏེགས་པའི་གྲོགས་སུ་འདུས།།

སྲིད་པ་ཧྲིལ་བོ་སེམས་ལ་བབ་པ་ཡི།།
ལོ་དེར་རྨི་ལམ་ལས་ཀྱང་ཁ་བ་འབབ།།
ང་རང་རྒས་པར་དོགས་པའི་སེམས་ཁྲལ་གྱིས།།
ལྷ་ཚེ་རིང་པོར་བསྙེན་ནས་བསྟི་སྟང་ཞུས།།

སྣང་བ་ཅམ་གྱིས་གང་ལ་བཞག་པ་འདྲ།།
དྲན་པ་རྡོག་སེ་སུ་ལ་སྟེར་བ་འདྲ།།
ཐ་སྙད་སྣུམ་པོའི་ཀློང་ནས་ཚོས་པ་ཡི།།
རྒས་པོ་མེ་ལྕེབས་ང་རང་ཤི་སྟངས་ཡིན།།

དུས་ཆད་འདི་ནི་ཐོད་པའི་ཁ་ཡིག་སྟེ།།
རི་ཆུ་ནགས་ཀླུང་ཇི་ཙམ་དཀྲུག་ན་ཡང་།།
རྩོལ་བའི་ངོས་ཀྱི་འགུལ་སྐྱོད་ཨེན་ཙམ་ལས།།
འདི་ཡི་ཕན་ན་ང་ཡི་ཐར་ལམ་མེད།།

2014. 9. 2.

ཆུ་ཚོད་རྙིང་པ།

མོས་གུས་ཀྱི་རླུང་ལ་བཅིབས་པའི་ཁོ་རང་རྒས་སོང་།།
འཁོར་བ་ལ་ཞེ་འཁོན་མ་གནང་ལན་ཆགས་མི་འདུག།
འདོད་ཡོན་ཀྱི་ཕོར་ཞག་ལྡག་པའི་ཁྱི་རྒན་ང་ཚོ།།
བདག་པོ་ལ་ངུ་ཟུག་བྱེད་དོན་སུ་ལ་བསྙད་དགོས།།

སྤང་ཐང་དུ་རྡོག་པ་སྤོས་ཤིང་སེམས་པ་ཞོགས་པའི།།
བསིལ་རླུང་ལ་ཁམས་བསང་བྱེད་པའི་ཕྱེ་ལེབ་ཚོ་གཅིག།
འབྲོག་ཡུལ་གྱི་མཛེས་པས་བཟི་བའི་དྲི་ཙམ་ཨེ་བྲོ།།
ཞེན་ཆགས་ཀྱི་མེ་ཏོག་ནག་པོ་ཞལ་ཁ་གྲོལ་ཡོད།།

གློ་བུར་དུ་སྤྲིན་པ་གློ་སྐྱ་བྱང་དུ་འཚོགས་སོང་།།
རི་རྩེ་ལ་རི་རྩེ་སྣོན་འདྲའི་ཡོལ་བ་བརྒྱབ་སོང་།།
ཆུ་མོ་ཞིག་ཤང་ཤང་འབབ་པའི་ལུང་ཟུར་དེ་ན།།
རྨི་ལམ་གྱི་དོར་མ་ཐེད་པའི་ཟོག་རྫི་འགྲེང་ཡོད།།

ཕོ་རོག་གིས་གཤོག་འགྱུར་བརྒྱབ་པ་འཛུམ་དཀར་ཡིན་ན།།
ཁ་ཏྭ་ཡིས་ཨག་སྐད་འཐེན་པ་བརྩེ་གླུ་ཡིན་དགོས།།
གཤོག་ནག་གི་སྐྱེ་བ་བླང་བའི་བྱ་ཞིག་ཡིན་ཕྱིན།།
འཇིག་རྟེན་འདི་དཀར་པོ་ཡིན་པའི་དཔང་རྟགས་མི་རྙེད།།

སྐར་མ་ལ་འཁྲེང་སེམས་ཤར་བའི་མཚན་ལྗོངས་དུ་མ།།
མི་ཚོགས་ཀྱིས་སྐྱོ་བ་འཁྱེར་ནས་གང་དུ་བཞུད་འགྲོ།།
ཡུལ་གྱར་བའི་སྨག་རུམ་ལྟ་བུ་ཡིག་འབྲུ་རྡོག་རེ།།
ཁྱེད་ཅག་གི་སྔོན་རྒྱབ་དག་ན་བསྟར་དུ་སྒྲིག་ཡོད།

2014. 9. 16

དུས་དེ་ཤེད་ཅིག་ཏུ།

དེང་འདིར་ཆར་པ་བྲིན་པའི་དབྱར་མཇུག་སྟེ།།
ཁ་དབུགས་བསིལ་ལ་ལྷོད་པའི་སྐྱིད་ཅིག་བྱུང་།།
རི་བོའི་འཕྲེད་དུ་ཉལ་བའི་སྨུག་པ་དང་།།
ནམ་མཁའི་མཐོངས་སུ་རྩེན་པའི་སྤྲིན་དག་དཀར།།

གཡུ་ཡི་མེ་ལོང་དཔེ་ཟླར་གྱུར་པ་ཡི།།
གནམ་ངོ་འདི་ཡིས་ཡིད་ལ་ཕྱིར་དྲན་བསྣོན།།
བར་སྐབས་འདི་ནས་གཞན་ཡུལ་ལུས་པ་ཡི།།
སེམས་ཀྱི་སྐྱོ་སྣང་ཆེས་ཆེར་འཕེལ་བར་གྱུར།།

ནམ་མཁའ་འདི་ལྟར་དྭངས་བའི་ངོས་ཤིག་ཏུ།།
ཕུ་ནུ་ལྷན་འཛོམས་དུས་ཀྱི་དགོད་སྒྲ་དང་།།
ལོ་ཆུང་རྨི་ལམ་ནང་གི་དཔྱིད་དཔལ་སོགས།།
གཅིག་འཕྲོར་གཅིག་མཐུད་བར་མཚམས་མེད་པར་ལུད།།

ཞོ་གསར་ལྟ་བུ་སྤྲིན་ཕུང་རེ་རེ་ཡང་།།
ཐང་ལ་ལྷུང་ཨང་སྙམ་པའི་ཚུགས་ཀ་ཡིས།།
བྱིས་དུས་ཁངས་ལ་རེག་པའི་བྱ་ལག་སོགས།།
ཡིད་ཀྱི་ཁྱོན་དུ་ལྷོག་ལྷོག་ཁོལ་བར་གྱུར།།

ལུས་སེམས་མི་ཚུགས་མགྲོན་གྱི་ཁ་ངོ་ལྟར།།
རྨི་ལམ་ཚུན་ཆད་གཞིས་ལ་འཁོར་བ་ཡི།།
ཡུལ་གྱར་འཚོ་བའི་ཀློང་གི་མི་རྐྱང་ཞིག།
འཕྲེང་སེམས་རླུང་ལ་བརྒྱུས་པའི་ངལ་བ་བསྟེན།།

གསར་པ་གསར་པ་ཞིག་བྲིས་ན།

ཞེ་ལ་སྨེ་བ་སྐྱེས་པའི་མི་ཞིག་ཐོན།།
མགྲིན་པར་གླིང་བུ་ཐོགས་པའི་བྱ་ཞིག་འཕུར།།
དེ་མུར་ཕྱི་ཡི་སྣང་བ་སྒོམ་ལ་ཞུགས།།
ང་ཡི་གྲེ་བ་འཛེར་དོན་འདི་ན་ཡོད།།

ལྷ་ཁང་ཞིག་ཏུ་རོལ་ཆ་སིལ་སིལ་དཀྲོལ།།
མི་ཚོགས་ཧོབ་ཏུ་ལང་བའི་རྡུལ་འཚུབ་དྭངས།།
ལྷ་རྣམས་ཕྱག་མཚན་བསྣམས་ནས་གཉིད་པའི་ཚུལ།།
དུས་མཚམས་ཤིག་ཏུ་སུ་ཡིས་སེམས་ལ་འཐིམ།།

ཁ་རླངས་ཆུ་ཁུར་ཅན་ཞིག་རྩིབ་ནས་འོང་།།
དེ་ནི་བལྟས་ཚོད་དུ་བ་ལྟ་བུར་ཡོད།།
འཁྲིས་སུ་མི་རྒན་ཞིག་གི་གློ་ལུ་ཡང་།།
དུས་སྐབས་དེ་ཡི་སྐད་ཆ་ཚོན་པོ་ཡིན།།

མར་མེ་གང་ཞིག་ལྷོད་ཀྱིས་གཟིམ་པའི་ཚུལ།།
སྤྲིན་པ་ཚོམ་རེ་གང་ལ་ཞོགས་པའི་ཤུལ།།
ཁྱེད་ཀྱི་རྨི་ལམ་ངོ་སྤྲོད་བྱེད་ཚུལ་ཏེ།།
འཚོ་བ་ཉག་མ་རེ་ནས་བཏུས་ལུགས་ཡིན།།

ང་ནི་གནམ་ངོ་རུབ་པའི་མལ་ས་རུ།།
ལྷོད་ཀྱིས་གབ་པའི་འདྲེ་ཤིག་དམར་པོ་ཡིན།།
སེན་ཐོག་རེ་གཉིས་ཤིག་གིས་མ་ཐུལ་བའི།།
སུ་ཡི་སྒབ་མཐའ་དེ་ན་འབྱར་བརྩིས་ཡོད།།

2014. 9. 20