རྗེས་དྲན།

___ཚ་སྒང་གྲོགས་གླིང་ཚོམས་ཀྱི་དྲ་གྲོགས་སྐོར་གཅིག་གི་རིན་པོ་ཆེར་རྗེས་དྲན་ཞུ་བའི་མུ་འབྲེལ་རྩོམ་ཐུང་།

རྗེས་དྲན་ཁྲག་གི་མིག་ཆུ།།

___རླབས་ཕྲན།

ཀ་ཁའི་ཚེ་སྲོག་རླུང་ནང་མར་མེར་རླུང་འགོག་ཤེལ་སྒྲོམ་ཁྱེད་ཀྱིས་བསྒྲིགས།།
ཁ་བའི་བདེ་སྡུག་སྡེ་འདབ་ཁྱི་ལ་ཁྱི་ཁྲུད་དུས་གསུམ་ཁྱེད་ཀྱིས་སྟེར།།
ག་ཆད་ངུ་མཁན་དྭ་ཕྲུག་ས་ཡར་ཕ་ཚབ་མ་ཚབ་ཁྱེད་ཀྱིས་བྱེད།།
ང་ཚོའི་ཕ་ཁྱེད་ང་ཚོའི་མ་ཁྱེད་ཟླ་ཞག་འགྲོ་བཞིན་ཇེ་དྲན་རེད།།
ཅ་དག་དགོས་དང་གཅེས་སྤྲས་གྱིས་ཞེས་བཀའ་སློབ་གསེར་ནག་གཙོ་མ་དང་།།
ཆ་ལུགས་མ་བོར་སྐད་ཡིག་སྲུངས་ཞེས་གདམ་ངག་རླངས་པ་འཐུལ་ལེ་བ།།
ཇ་འཐུངས་རྩམ་བཟས་བོད་ལ་བྱས་པས་ཇ་རིན་རྩམ་རིན་འཕྲོད་དགོས་ཞེས།།
ཉ་གང་རྒྱས་འདྲའི་ཞལ་གྱི་དཀྱིལ་ནས་མི་སྐད་གསོན་པོ་ལྷང་ལྷང་གྲགས།།
ཏ་ལེར་གསལ་བའི་སྤྱན་མིག་ཟུང་དེ་བོད་པ་ཚང་ལ་བགྲད་བཞིན་གཤེགས།།
ཐ་ཚིག་མ་འགྱུར་ཡོད་ཚད་ཅི་ཡོད་བོད་པ་ཚང་ལ་ཕུལ་ནས་གཤེགས།།
ད་ནི་དྲན་བྱུང་ད་ནི་སྡུག་བྱུང་ད་ནི་ཁྲག་གི་མིག་ཆུ་ཡིན།།
ན་རྒས་འཆི་བ་ཆོས་ཉིད་རེད་དེ་ཁྱེད་ཀྱི་གཤེགས་སྟངས་ཅི་ཡིས་ནོངས།།
པ་སངས་སྐར་ཆེན་ནུབ་རིའི་ཕག་ལ་གློ་བུར་ལྷུང་བའི་ཐན་ལྟས་དེས།།
ཕ་མེད་མ་མེད་མགོན་མེད་སྐྱབས་མེད་ཐང་སྟོང་བོར་བའི་ན་ཟུག་ནི།།
བ་མོ་བེ་འུ་སྟོར་བའི་ཟླ་མིན་དཔེ་ཟླ་སྲིད་འདིར་རྙེད་པ་མིན།།
མ་ལུས་འགྲོ་མགོན་དྲན་པའི་སྡུག་ཡུས་བགྲང་ཡུལ་མ་རྙེད་ལྷག་ཏུ་སྐྱོ།།
ཙ་ར་མ་ནུས་རྩད་བཅོད་མ་ཤེས་དོགས་ཐོག་དོགས་བརྩེགས་སྒུར་ནས་ཡོད།།
ཚ་གྲང་གོ་ནོར་དགྲ་གྲོགས་ངོ་ནོར་ཁ་སྟབས་བསམ་བཞིན་གྱར་ནས་ཡོད།།
ཛ་ཡའི་བསྟན་དོན་གདོང་དམར་སྲིད་དོན་ཁྲག་གི་བྲིས་པའི་ལོ་རྒྱུས་དེ།།
ཝ་ལེར་དྲན་པའི་གདུང་འབོད་འདི་ནི་དམྱལ་ཁམས་ཆེན་མོའི་འཁུན་སྒྲ་ཡིན།།
ཞྭ་ཏོག་བཀོག་ནས་མི་དབང་བཀྲོངས་ནས་ལོ་ཡི་འཁོར་མོ་དེ་རིང་ལ།།
ཟ་འདྲེ་དགའ་ནས་ཤེ་འདྲེ་མགུ་ནས་ལོ་ཡི་འཁོར་མོ་དེ་རིང་ལ།།
འ་ཅག་སྡུག་ནས་འ་ཅག་བརྒྱལ་ནས་ལོ་ཡི་འཁོར་མོ་དེ་རིང་ལ།།
ཡ་ཆུང་སེམས་པ་ན་བུན་འཁྲིགས་ཡོད་བརྗོད་ལས་འདས་པའི་ན་བུན་ཡིན།།
ར་མ་ལུག་སྐད་མ་ཤོར་ཞེས་པའི་བཀའ་སློབ་དྲོན་མོ་སྙིང་ལ་ཡོད།།
ལ་རྒྱ་ལས་ཆོས་ཚུགས་ཀ་བཟུང་ཞེས་ཨ་གསུང་ཡང་གསུང་རུམ་ནས་ཡོད།
ཤ་ངོ་རུས་ངོ་མ་ནོར་དགོས་ཞེས་མི་ཆོས་གདམས་པ་སྒོམ་བཞིན་ཡོད།།
ས་སྟེང་མི་དབང་ནུབ་པའི་ལོ་རྒྱུས་ནམ་ཡང་མེད་དོ་ཡིད་ཆེས་ཡོད།།
ཧ་ཅང་ཕངས་ཤིང་རབ་ཏུ་དྲན་ནས་ཤིན་ཏུ་གདུང་བའི་མིག་ཆུ་འདི།།
ཧ་ཅང་སྙན་པའི་ཚིག་དང་བརྗིད་པའི་དོན་གྱིས་ཤིན་ཏུ་སྟོང་ན་འང་།།
ཨ་དཀོན་ནོར་བུ་ཐང་ལ་བརྡབས་ནས་མི་ལོ་གཅིག་གི་རྗེས་དྲན་ལ།།
ཨ་མའི་བུ་ངས་སེམས་ནས་རྡོལ་ཞིང་མིག་ནས་ལྷུང་བའི་ཁྲག་ཆུ་ཡིན།།

མི་སྐད་ཐུང་ཐུང་ཞིག

___རྨ་ཁ།

གསེར་ཁྲི་དངུལ་ཁྲིར་འགྱིང་བའི་བླ་ཆེན་འགས། །
དམངས་རྒྱུ་དམར་པོས་རང་ལུས་བཏུམས་པའི་ཚེ། །
ལ་དང་ལུང་པ་བརྒྱབས་ནས་ལག་གཉིས་ཀྱིས། །
དབུལ་སྐྱོར་འཁོར་ལོ་བསྐོར་བའི་ཨ་དཀོན་དྲན། །
རྟགས་དང་ཆོ་ལོས་ཕྱུག་པའི་སྤྲུལ་ཆེན་འགས། །
རང་དགོན་རི་བོའི་རྒྱབ་ཏུ་བོར་བའི་ཚེ། །
ཕྱི་ཞིག་ནང་སྟོང་གྱུར་པའི་དགོན་ཆུང་ཡན། །
ཆོས་ཀྱི་རྒྱལ་མཚན་འཛུགས་པའི་ཨ་དཀོན་དྲན། །
ས་ཕྱེད་གནམ་ཕྱེད་དབང་བའི་དཔོན་ཆེན་འགས། །
ཉིན་མཚན་རྒྱས་སྤྲོས་ལས་ལ་གཡེང་བའི་ཚེ། །
ཕ་ས་ལག་མཐིལ་ཙམ་ཡང་མི་དབང་རུང་། །
ཕ་ཡུལ་སྲུང་སྐྱོབ་བྱེད་པའི་ཨ་དཀོན་དྲན། །
རོང་འབྲོག་བསྐྱོད་ནས་ཡིག་རྨོངས་སྣ་ཚོགས་སེལ། །
སྡེ་དགོན་ཕེབས་ནས་མཐུན་འབྲེལ་ཞལ་སློབ་གནང་། །
རྒྱ་བོད་བསྐོར་ནས་ནང་ཆོས་དར་སྤེལ་བཏང་། །
བོད་མི་རྒན་པོ་ཨ་དཀོན་དེ་རིང་དྲན། །
གངས་རིའི་ཁྲོད་ན་ཀརྨ་བཤད་སྒྲུབ་སྟེ། །
འཕགས་པའི་ཡུལ་ན་ཨ་དཀོན་སྤྲུལ་སྐུ་ཉིད། །
འཛམ་གླིང་ཁྱོན་ན་རོགས་སྐྱོར་ཚོགས་གཙོ་མཆོག །
ལྷ་ཕྲུག་མི་ཡི་ནོར་བུ་དེ་རིང་དྲན། །
དམར་སེར་ན་བཟའི་ཁྲོད་ཀྱི་ཨ་ལག་ལས། །
རས་གོས་སྐྱ་བོའི་འོག་གི་ཨ་དཀོན་དགའ། །
དགེ་སློང་རྣམ་དག་སྙེམས་པའི་བླ་ཆེན་ལས། །
སྐྱ་བོའི་ལམ་ལ་ཞུགས་པའི་ཨ་དཀོན་དད། །
ཕ་མེད་མ་མེད་ལས་ངན་དྭ་ཕྲུག་ལ། །
ཕ་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཡི། །
ཕ་གཅིག་བླ་མ་དྲིན་ཅན་ཨ་དཀོན་མཆོག །
ཕ་ཡི་བུ་ངས་སེམས་ཀྱི་ཁོང་ནས་དྲན། །
དྭ་ཕྲུག་ཁྱོད་ཚོས་ཨ་དཀོན་རྗེས་དྲན་བྱོས། །
རྒན་རྒོན་ཁྱོད་ཚོས་ཨ་དཀོན་རྗེས་དྲན་བྱོས། །
སྐྱ་སེར་ཀུན་གྱིས་ཨ་དཀོན་རྗེས་དྲན་ཞུས། །
མདོར་ན་ཚང་མས་ཨ་དཀོན་རྗེས་དྲན་ཞུས། །
མི་རིགས་ཤིག་གི་ཚེ་སྲོག་མྱུར་སྐྱོབས་མཁན། །
མི་བུ་ཞིག་ལ་ཕོ་རུས་སྒལ་ཚིག་ཅན། །
མི་དབང་ཁྱེད་འདྲ་མི་ཡུལ་མ་བཞུགས་པར། །
མི་ཆུང་ང་ཡིས་མི་སྐད་འདི་ལྟར་ཤོར། །
ཉིད་ཀྱི་དཀའ་སྡུག་ཉི་ཟེར་རྡུལ་བཞིན་མོད། །
ཉིད་ཀྱི་མཛད་རྗེས་འཛམ་གླིང་ཁྱོན་ཀུན་ལྡིར། །
ཉིད་ལ་རྗེས་དྲན་ཞུ་བའི་ཚིག་ཚོགས་ནི། །
ཉུང་ཉུང་ཞིག་ལས་མ་ཐོན་བཟོད་གསོལ་ཞུ། །

རྗེས་དྲན།

___ཨ་གསོན།

ཐུགས་བསྐྱེད་སྒྲོན་མེ་འཇིག་རྟེན་ཡོངས་ལ་ཁྱབ།།
ཀུན་ཁྱབ་བརྩེ་བའི་སྙིང་རྗེ་དང་དུ་བླངས།།
མཚུངས་མེད་བཀའ་དྲིན་ཅན་གྱི་དེད་དཔོན་མཆོག།།
བཟོད་མེད་གདུང་བའི་ངང་ནས་རྗེས་དྲན་ཞུ།།
 

ཁེར་རྐྱང་གི་གདུངས་ཡུས།

___གོས་དཀར་ཅན།

བྱམས་བརྩེ་འབུམ་གྱིས་ཕྱུག་པའི་མཆོག་སྤྲུལ་ཁྱེད།
ངས་རྟག་ཏུ་དྲན་ནས།
བཟློག་མེད་ཁེར་རྐྱང་གི་སྐྱོ་ངག་དབྱངས་སུ་ཐལ།
སྐྱོ་བའི་མིག་ཟུང་ལས་གདུང་བའི་མཆི་མ་ཤོར།
མཚན་མོ་འདིའི་ནམ་མཁའ་དྭངས་ཤིང་གཙང་།
རྒྱུ་སྐར་ལམ་ལམ་ཁྲོད་ན་ཟླ་བ་ཁེར་འགྲོས་ཤིག
དགྲ་ཆེན་གཟའ་ཡིས་ཟིན་ཏེ་གླིང་བཞི་མུན་པས་ཁེབས།
གྲངས་མེད་སྐར་ཚོགས་རྣམས་མགོན་མེད་དྭ་ཕྲུག་རུ་གྱུར་ཏེ།
བཟོད་མེད་གདུང་བའི་སྨྲེ་སྔགས་ལ་ལུང་གང་སར་ཁྱབ།
སྐབས་འདིར་ངས་ཁྱེད་རང་ཁོ་ན་དྲན།
དྲན་པའི་གདུང་ཡུས་ཀྱིས་སེམས་སུ་ན་བུན་འཐིབ།
ལུས་ཀྱི་སྟོད་སྨད་ན་ཚོར་བའི་ཟུངས་ཁྲག་རྒྱུ།
མཚན་མོ་འདིའི་སྐྱོ་གདུང་ཡོད་ཚད་སུ་ཡིས་རྟོག
མཚན་མོ་འདིའི་ལྷིང་འཇགས་ཡོད་ཚད་སུ་ཡིས་དཀྲོག
བྱམས་བརྩེ་འབུམ་གྱིས་ཕྱུག་པའི་མཆོག་སྤྲུལ་ཁྱེད།
ངས་རྟག་ཏུ་དྲན།
ངས་རྟག་ཏུ་གུས།

༢༠༡༤-༡༠-༧ཉིན།

 

རྗེས་དྲན།

___བཀྲིས་བགྲོ་གླེང་།

ཀྱེ་མ། ན་ནིང་བོད་མི་རིགས་ཀྱི་བསྟན་པའི་སྲོག་ཤིང་དང་བོད་མི་ཡི་དྭ་ཕྲུག་གི་སེམས་ནང་འོད་སྟོང་འཕྲོས་པའི་དུང་གི་ཟླ་བ་ཞིག་གངས་རིའི་རྒྱབ་ཏུ་ནུབ་སོང་། བོད་མི་དྭ་ཕྲུག་གི་ཡིད་ཀྱི་སྒྲོན་མེ་སེར་པོ་ཞིག་གངས་ཀྱི་ཀློང་ནས་གཟིམས་སོང་། དེ་ནི་ཐུགས་ཀློང་ཀུན་ཁྱབ་ལ་འདྲེས་པའི་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ། དེ་ནི་བྱང་སེམས་འཛིན་མའི་ཁྱོན་ལ་ལྡིར་བའི་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ། ཁྱེད་ཉིད་ཕེབས་པའི་ཤུལ་དུ་གངས་རིའི་ཀློང་ན། གངས་ཕྲུག་རྣམས་སྐྱོ་གདུང་མནར་བཞིན་ཁྱེད་ཉིད་ཀྱི་མཛད་རྗེས་རྣམས་སེམས་གཏིང་ནས་དྲན་དུས་ཆོལ་གསུམ་བོད་པའི་མིག་ཟུང་མཆི་མས་གང་དེ་ཁྱེད་ལ་སྒུག་ཡོད། ལག་ཟུང་ཐལ་མོ་སྦྱར་ཏེ་རེ་བའི་མིག་ཟུང་ཁྱེད་ལ་བལྟས་ཡོད། ཆོལ་གསུམ་གྱི་སློབ་ཕྲུག་མགོན་མེད་རྣམས་ཁྱེད་ལ་སྒུག་ཡོད། ལས་དབང་བཙན་པོས་དབར་ན་ཁྱེད་ལ་སྒུག་ཡོད། སྒུག་པའི་ལོ་ཟླའི་ཁྲོད་ནས་དྲན་གདུང་གིས་སྐྱོ་དབྱངས་ངག་ལ་གྱེར་ཏེ་གོ་ལའི་ཁྱོན་ལ་སྒྲོག་སོང་། ཁྱེད་གང་དུ་བཞུགས་ས་དེ་རུ་བདེ་སྐྱིད་ཀྱི་གཟི་འོད་འབར་ངེས་ཡིན། ཁྱེད་གང་དུ་མེད་ན། དེ་རུ་མྱ་ངན་གྱིས་སྐྱོ་གདུང་འཁོར། ཀྱེ། ཀརྨ་བཤད་སྒྲུབས་ཆོས་ཀྱི་ཉི་མ་ཁྱེད་ཉིད་མྱུར་དུ་གངས་རིའི་ལྗོངས་སུ་ཡང་སྤྲུལ་ཕེབས་ཤོག

སླར་སྨྲས་པ།

རང་རིགས་ཡུལ་ལ་བསམ་པ་དཀར་པོའི་མདངས།།
རང་ལུགས་སྲོལ་བཟང་བསྟན་པའི་སྒྲོན་མེ་མཆོག།
རང་སེམས་སྙིང་གི་དབུས་ནས་དྲན་པ་འདི།།
རང་ཡུལ་བསིལ་ལྗོངས་རྐང་གཉིས་བརྗེད་མི་སྲིད།།
༼ཨ་༽མ་ལས་ཀྱང་ལྷག་བསམ་དཀར་བའི་མཆོག།
༼དཀོན་༽མཆོག་རྩ་གསུམ་བདེན་པའི་བྱིན་རླབས་ཀྱིས།།
༼སྤྲུལ་༽པའི་མི་ཡི་གར་དུ་ཚུལ་རོལ་ནས།།
༼སྐུ་༽ཡང་མྱུར་དུ་བལྟམས་པའི་སྨོན་ལམ་འདེབས།།
མཐའ་མེད་ཤེས་བྱའི་གཙུག་ལག་རིག་པའི་གནས།།
ཐོགས་མེད་མཁྱེན་དཔྱོད་ལྡན་པའི་བློ་གྲོས་རྒྱས།།
ཡང་དག་སློབ་སྟོན་གནང་བའི་བཤེས་གཉེན་མཆོག།
སྒོ་གསུམ་དད་པས་ཕྱག་འཚལ་སྤྱི་བོའི་རྒྱན།།

གུས་བཀྲིས་བགྲོ་གླེང་གིས་བཀའ་དྲིན་ཅན་གྱི་བཤེས་གཉེན་དམ་པ་ཨ་དཀོན་སྤྲུལ་སྐུ་སྐུ་གཤེགས་པའི་ལོ་གཅིག་འཁོར་བའི་རྗེས་དྲན་གྱི་ཚུལ་དུ་དྭངས་བ་ཆེན་པོས་སྦྱར་བའོ།། །།

 

སྙིང་ནས་སྙིང་ནོར་དྲན་གདུང་།

___སྤུ་གྲི།

ཨ་མ་སྟོང་ལས་ལྷག་པའི་བྱང་སེམས་ཅན།།
ཨ་ཕྲུག་ཁྲི་མ་འབུམ་གྱི་ཕ་རྒན་ཏེ།།
ཨ་ཡིག་མཚན་ཅན་བོད་པའི་སྲོག་རྩ་ནི།།
ཨ་དཀོན་བསྟན་པའི་ཉི་མ་ཁོ་ནར་ངེས།།
ཧ་ཅང་རིགས་ལ་ཞེན་པའི་ལྷག་བསམ་གྱིས།།
ས་གཞི་ཡོངས་ལ་བོད་ཀྱི་སློབ་གྲྭ་འཛུགས།།
ཤ་ཚུགས་ཀུན་ལ་མི་ཡི་རིན་ཐང་སྟེར།།
ལ་རྒྱ་སྙིང་ལ་འཆང་མཁན་རིན་པོ་ཆེ།།
རྭ་བ་གངས་བསྐོར་ལྗོངས་ཀྱི་ནོར་བུ་ཡིན།།
ཡ་རབས་དྲང་བདེན་རིགས་ཀྱི་དཔའ་བོ་ནི།།
འ་ཅག་ཉམ་ཆུང་མགོན་སྐྱབས་ཨ་དཀོན་མཆོག།
ཟ་གོས་དགོས་འདོད་ཀུན་སྟེར་ཡིད་བཞིན་ནོར།།
ཞྭ་ལྟར་གཙུག་གི་རྒྱན་མཆོག་ཁོང་ཉིད་དྲན།།
ཝ་རིགས་སྙིང་གི་ཚེར་མ་གངས་རིའི་སེང་།།
ཛ་ཛོའི་བྱ་སྤྱོད་བྲལ་བ་དགེ་བའི་བཤེས།།
ཚ་སྒང་མི་ཡི་དྭངས་རྩེ་རིགས་ཀྱི་བུ།།
ཙིཏྟ་བོད་ལ་གཏད་མཁན་སྤྲུལ་པའི་སྐུ།།
མ་མེས་ཐུགས་འདུན་ཡོངས་རྫོགས་ཕྲག་ན་ཁུར།།
ཕ་རོལ་དགྲ་ལ་རྒོལ་བའི་སྙིང་སྟོབས་ལྡན།།
བ་དན་མཁའ་ལ་བསྒྲེངས་བའི་ཐབས་མཆོག་ཏུ།།
པ་ཏྲ་རིས་བཞིན་ཕྱི་རྒྱལ་གྲོགས་སུ་བཀུག།
ན་ནད་གསོ་ཆེད་སྨན་གྱི་སློབ་གྲྭ་འཛུགས།།
ད་འདས་མི་རིགས་བདེ་སྡུག་སྙིང་ལ་འཛིན།།
ཐ་ཤལ་རིགས་ལ་རྒོལ་བའི་དཔའ་སྟོབས་ཅན།།
ཏ་ཐཱ་ག་ཏའི་ཐུགས་འདུན་ཉིད་ཀྱིས་སྒྲུབ།།
ཉ་ཉོག་ཡོངས་ལ་མ་བཞིན་ལྷག་བསམ་ཅན།།
ཇོ་ཇོའི་ཐུགས་འདུན་ཡོངས་རྫོགས་ཕྲག་ན་བརྗིད།།
ཆ་ལུགས་རང་རེའི་སྲོལ་བཟང་སྲོག་བཞིན་འཛིན།།
ཅི་དྲགས་གང་དྲགས་རང་སྡེའི་རིགས་ལ་དུང་།།
ང་ཡི་སྙིང་གི་བླ་མ་དེ་རིང་དྲན།།
ག་ལེ་བསམ་བློ་གཏོང་དུས་ལྷག་ཏུ་དྲན།།
ཁ་བ་ཅན་གྱི་མགོན་ཆེན་ཡང་ཡང་དྲན།།
ཀ་ཡེ་རིགས་མཐུན་གྲོགས་ཀྱིས་མ་བརྗེད་ཆོངས།།
ཨིཎྡྲ་ནི་ལའི་ནོར་བུའི་རིན་ཐང་ལྟར།།
ཨུ་ཚུགས་འབད་བརྩོན་ཆེན་པོས་སྐད་ཡིག་སྐྱོབ།།
ཨེ་མ་ངོ་མཚར་གཏམ་རྒྱུད་ས་གསུམ་བཞག།
ཨོ་ལོའི་སྙིང་གི་ནོར་བུ་ཨ་དཀོན་དྲན།།
དྲན་དྲན་སྙིང་ནས་དྲན་པའི་འོ་དོད་འདི།།
དྲན་དྲན་བཀའ་དྲིན་ཅན་གྱི་མཛད་རྗེས་དྲན།།
དྲན་དྲན་བོད་པ་ཚང་གི་ལས་དབང་དྲན།།
དྲན་དྲན་ནམ་ཡང་བརྗེད་མེད་སྙིང་ནས་དྲན།།
 

རྗེས་དྲན།

___བྷོ་ཊར་རེ་སྨོན།

སྙིང་རྗེ་ཆེ་ཤིང་འགྲོ་བ་ཀུན་ལ་བརྩེ།།

ལྷག་ཏུ་དྭ་ཕྲུག་ཀུན་ལ་བུ་བཞིན་གཅེས།།

ཁྲི་མ་འབུམ་གྱི་དཀའ་ངལ་ཁྱེད་ཀྱིས་བསལ།།

ཨ་དཀོན་བླ་མར་སྙིང་ནས་གུས་ཕྱག་འཚལ།།

ཀརྨའི༵་འོད་སྣང་ཕྱོགས་བཅུར་ཁྱབ་པ་དང་།།

བཤད༵་སྒྲུབ༵་བསྟན་པ་གང་སར་སྤེལ་མཛད་ཅིང་།།

ཉི༵་མ༵་བཞིན་དུ་འགྲོ་བའི་སྒྲོན་མེ་མཆོག།

ཨ་དཀོན་བླ་མའི་དགེ་ལས་དུས་ཆེན་བསུ།།

བཀའ་རྒྱུད་བསྟན་པ་འཛིན་པའི་སྐྱེས་བུ་མཆོག།

དྭ་ཕྲུག་ཁྲི་མ་འབུམ་གྱི་ཡབ་ཆེན་དང་།།

མི་རིགས་རིག་གཞུང་གོང་འཕེལ་གཏོང་བ་པོ།།

ཨ་དཀོན་བླ་མའི་དགེ་ལས་དུས་དྲན་བསུ།།

ཨ་དཀོན་བླ་མའི་དགེ་ལས་དུས་དྲན་དུ༼བྷོ་ཊར་རེ་སྨོན༽ནས་ལྷག་བསམ་བཟང་པོས་བྲིས་པའོ།། །།

 

རྗེས་དྲན་དྭ་ཕྲུག་ཆིག་ལབ། །

___དམངས་ཕྲུག

སྒང་དྲུག་ལྟེ་བ་ལྷོ་སྡེ་ཚ་བ་སྒང། །

སྒང་པ་བོད་ཀྱི་བཙན་པོའི་རིགས་རྒྱུད་དེ། །

སྒང་མཐོ་ཡུལ་དུ་སྐུ་སྐྱེ་གྲངས་མང་ཡང་། །

སྒང་གི་ཆར་གཏོགས་ཨ་དཀོན་སྤྲུལ་སྐུ་ཞེས། །

ཐུན་མིན་གསང་གསུམ་ཡོན་ཏན་ལྐོག་གྱུར་ཀྱང་། །

ཐུན་མོང་སྣང་ངོར་གདུལ་བྱ་འདུལ་བའི་སྒོ། །

ཁ་བའི་ཅན་དུ་རྟེན་འབྲེལ་ལེགས་འགྲིགས་ནས། །

གོ་ལའི་ལྗོངས་སུ་ཆོས་ཀྱིས་ལམ་སྲོལ་ཕྱེས། །

ཤར་ནུབ་གླིང་ཕྲན་འགྲོ་བ་ཞིང་ས་ལ། །

ཟབ་ཆོས་བདུད་རྩིའི་ཆར་གྱིས་རབ་བརླན་ཏེ། །

མོས་ཁམས་ཇི་བཞིན་ཞི་བདེ་ས་བོན་བཏབས། །

སྣ་ཚོགས་འགྲོ་བློར་འཚམས་པའི་ལྗང་བུ་སྨིན། །

ཁྱེད་ཀྱི་མུན་སེལ་ཡར་ཚེས་ཟླ་ཞལ་དེ། །

སྔ་ལོ་བཅུ་དང་བརྒྱད་ཀྱི་དུས་ཚེས་ཉིན། །

ཤར་ཕྱོགས་མཚོན་ཆའི་རྔམས་ནག་མཐུག་པོས་བསྒྲིབས། །

གླིང་ལྔའི་འགྲོ་རྣམས་སྡུག་གི་མུན་པར་ཚུད། །

ཁ་བའི་ལྗོངས་སུ་ཁྲག་གི་མིག་ཆུ་འཐོར། །

ཚ་བ་སྒང་གི་མར་མེ་རྐང་གཅིག་གཟིམས། །

གཞི་བྱིས་བོད་མིའི་རེ་བའི་ཐག་སྣེ་ཤོར། །

བོད་ཀྱི་སོན་རྩ་དྭ་ཕྲུག་ཁྱུ་གཅིག་བཟོས། །

དེ་རིང་ང་ཚོའི་དྲན་པའི་རྡོ་རིང་བསླངས། །

མི་རིང་སྤྲུལ་པའི་ཁྱེའུ་གཞོན་ནུས་ཞིག །

མྱུར་དུ་འབྱོན་པའི་སྨོན་ཚིག་མེ་ཏོག་འདི། །

སྒང་པ་བོད་དང་འབྲེལ་བའི་ལས་སྐལ་ཡིན། །

༢༠༠༤/༡༠/༨ ཨ་དཀོན་དགེ་ལས་དུས་དྲན་ཉིན་དམངས་ཕྲུག་པས་བྲིས། །

 

རྗེས་དྲན།

___ཁ་བའི་དོན་གྲུབ།

ཐུགས་བསྐྱེད་མཛད་རྣམ་གོ་ལ་ཡོངས་ལ་ཁྱབ། །

མགོན་མེད་ཀུན་ལ་བརྩེ་བས་མ་བཞིན་བསྐྱངས། །

འགྲན་གྱི་ཟླ་མེད་ཨ་ཡིག་མཚན་ཅན་ཉིད། །

ཡང་སྐུ་ཉི་མ་མྱུར་དུ་འཆར་བ་སྨོན། །

 

རླབས་ཆེན་གྱི་ཨ་དཀོན་ལགས་དྲན་ཞིང་དྲན།

___ཞོགས་མིག

སྡོམ་པ་མཚན་ཉིད་ལྡན་མིན་དེ་རིང་ང་ཡིས་གླེང་བྱ་མིན། །

ལྷ་སྲུང་གང་ཞིག་དད་མིན་དེ་རིང་ཁུ་བོས་བཤད་བྱ་མིན། །

ཐབས་དང་བཀོད་པ་གཉིས་འཛོམས་ཚ་སྒང་ཨ་དཀོན་བླ་མ་སྟེ། །

སྙིང་གི་ལྟེ་བ་མཐིལ་ནས་དྲན་ཞིང་དྲན་པ་ཚིག་གསུམ་ཞུ། །

རིགས་ཀྱི་ཞེན་པ་དཀར་པོ་ཡ་ཁོག་སྙིང་ནས་དྲག་ཏུ་མཆེད། །

ལྷད་མེད་བསམ་དཀར་ཆུ་ཤེལ་ཤར་དང་ནུབ་ནས་ཕྱོཊ་མེད་འཕྲོ། །

མི་འཇིགས་སྟག་གི་སྙིང་སྟོབས་ཞུམ་པ་མེད་པར་རབ་ཏུ་བགོས། །

མཛད་འཕྲིན་མཁའ་དང་མཉམ་པའི་ཨ་དཀོན་བླ་མ་དྲན་ཞིང་དྲན། །

ཕྱོགས་དང་ཕྱོགས་སུ་ཕེབས་ནས་སློབ་གྲྭ་རིག་པའི་དགའ་ཚལ་འཛུགས། །

རབ་རྨོངས་ཤེས་ཡོན་དབུལ་བའི་གཅེས་ཕྲུག་ཚོ་ལ་འོད་སྣང་སྟེར། །

ངལ་ཞིང་ཁུར་གྱིས་ནོན་པའི་གཅེས་མོ་ཚོ་ལ་མིག་ཟུང་རྐྱོང་། །

ཞིབ་ཏུ་བསམ་ཞིང་བསམ་ན་སྐུ་དྲིན་ཆེ་བའི་ཨ་དཀོན་དྲན། །

ཆོས་ཀྱི་འཁོར་ལོ་སྐོར་བ་དཀར་ནག་སེར་གསུམ་རིས་སུ་མེད། །

གྲུབ་མཐའ་གང་ལ་དད་མིན་སྔ་ཕྱིའི་གྲུབ་མཐའ་མཚམ་སུ་མེད། །

གུ་དོགས་རིས་ཆད་བློ་ཡིས་ཁྲག་དགུ་དཀྲུག་པའི་ནག་ཉེས་མེད། །

རིས་མེད་རྒྱུན་ཤེས་ཟབ་མོ་སྐྱེས་ནས་འཛིན་པའི་ཨ་དཀོན་དྲན། །

རང་བདེར་གཞན་གྱི་བདེ་བ་དཔེ་རུ་བླངས་ཏེ་སྙིང་རྗེ་ཡིས། །

རྐང་བཞི་དུད་འགྲོ་ཡན་ཆད་ཕ་དང་བུ་ཡི་འདུ་ཤེས་འཛིན། །

ཤ་ཁྲག་ཕུང་པོ་མ་གསོལ་ནད་མེད་དཀར་ཟས་ལོངས་སུ་སྤྱད། །

ཚེ་སྲོག་འདྲ་མཉམ་དགའ་མ་སྤྱི་བོས་བཀུར་བའི་ཨ་དཀོན་དྲན། །

ཤེས་རབ་མེ་ཕུང་དམར་པོས་ཁེངས་དྲེག་ཅན་ཀུན་ཞི་བར་བྱས།།

མ་བཅོས་སྙིང་རྗེ་ཡུ་བས་གཏུམ་དྲག་ཚོགས་ཀུན་སེམས་རྩ་བརླན།།

ལྷག་བསམ་བཞིན་གྱི་མཛེས་པས་མི་བུ་གདོང་དྲུག་སེམས་རྩ་དམར། །

འོད་ཀྱི་གཤོག་པ་ཡ་གཅིག་ཚ་སྒང་ཨ་དཀོན་དྲན་ཞིང་དྲན། །

 

རྗེས་དྲན།

___སྒང་ཁྱུང་ཕྲུག

ཐུགས་རྗེ་ཀུན་ལ་སྙོམས་མཛད་ཨ་དཀོན་ལགས།།

འགྲོ་རྣམ་བུ་བཞིན་སྐྱོང་མཛད་ཨ་དཀོན་ལགས།།

མགོན་མེད་དྭ་ཕྲུག་ཕ་མ་ཨ་དཀོན་ལགས།།

ན་ཟུག་ལྷག་མེད་འཇོམས་མཛད་ཨ་དཀོན་ལགས།།

རྟག་ཏུ་ཁྱེད་ཉིད་དྲན་ནོ་ཨ་དཀོན་ལགས།།

ཡང་སྐུ་མྱུར་དུ་འཆར་མཛོད་ཨ་དཀོན་ལགས།།

 

བླ་མ་ལགས།

___ཤར་གྱི་ཐིག་ལེ།

བཀའ་དྲིན་མཚུངས་པ་མེད་པའི་དཀྱུས་མི་ཁྲི་ཕྲག་ལས་ལྷག་པའི་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་། ཁྱེད་ནི་ལྷ་ལམ་གྱི་དབྱིངས་ནས་རྒྱུ་སྐར་རྒྱལ་པོ་བཞིན། འགྲོ་བའི་མུན་པ་ཡོངས་སུ་འཇོམས་པའི་དུས་དེར།

ངམ་ནག་དང་འབྲེལ་བའི་ཆུ་འཛིན་ནག་པོ་དེས། ཁྲི་གདུགས་ཀྱི་ཉི་མའི་དྲོད་ཁོལ་ཐམས་ཅད་བཅོམ་སྟེ། གླིང་འདིར་སྨག་རུམ་ནས་སྨག་རུམ་གྱི་ཡུག་གཅིག་ཏུ་གཡོགས་སོང་། ངས་སྙིང་གི་དྲན་དབང་ཁྱེད་གང་དུ་གཤེགས་སམ། དྭངས་གཙང་གི་ཆུ་བོ་ལྷབས་ལྷབ་ཏུ་བབས་ནས། ངེད་ཉ་ཆུང་ཚོ་འཚོ་བ་དཔྱིད་དཔལ་ལ་རོལ་སྐབས། ང་ཚོ་གདུལ་བྱ་རྣམས་བསོད་ནམས་ཀྱིས་སྟོངས་པའི། ཆུ་བོ་ཡོངས་སུ་ཐག་ནས། ངེད་ཉ་ཆུང་ཚོ་འཚོ་བའི་རྟེན་གཞི་དེ་སྐམ་སོང་། བླ་མ་ལགས། ཁྱེད་གང་དུ་བཞུགས་ཡོད། ངེད་འཚོ་བ་ཡི་རྟེན་གཞི། ངེད་དྭ་ཕྲུག་གི་སྐྱབས་མགོན། ངེད་རེ་བཅོལ་དེ་བྱེད་ས། ཁྱེད་མ་གཏོགས་གླིང་བཞི་གང་དུ་ཡང་མེད། ཁྱེད་ནི་ང་ཚོའི་ཡོད་ཚད་ནས་ཡོད་ཚད་དེ་ཡིན། ཁྱེད་ནི་དུས་ནམ་ཡང་འཚོ་དགོས། བླ་མ་ལགས། ཁྱེད་ནི་འཛམ་གླིང་འདི་ནས་ཁ་བྲལ་བ་ནས་བཟུང་སྟེ། ངེད་ཅག་སེམས་ནང་དུ་སྡུག་གི་ཁེངས་སོང་ལ་ ངེད་ཅག་གི་སེམས་ལ་སོས་མེད་ཀྱི་རྨ་ཁ་ཡང་དེ་ཡིན་ནོ་ བླ་མ་ལགས། ཁྱེད་ཀྱིས་ང་ཚོ་མགོན་མེད་ཀྱི་དྭ་ཕྲུག་འདི་དག་གི་ངོ་གདོང་ནས་བཞུར་བའི་ཆད་མེད་ཀྱི་འབབ་ཆུ་འདི་ལ་ཕྱིར་གཟིགས་ཐེངས་ཅིག་གནང་རོགས། བླ་མ་ལགས། ཁྱེད་སྐུ་གསེར་མདོག་རྒྱས་བྱེད་དེ་ དུས་ནམ་ཡང་ཡིབས་མི་ཉན་པར་ རྟག་པར་འགྲོ་བའི་མུན་པ་འཇོམ་ནས་འཆར་དགོས། བླ་མ་ལགས། ཁྱེད་ནི་དུས་ཅི་ལྟར་སོང་ཡང་ཁྱེད་ནི་ཇེ་དྲན་རེད། ཁྱེད་ཀྱི་བྱམས་བརྩེ་ནི་ལྷ་ལམ་ལྟར་རྒྱ་ཆེ་ཞིང་། འབྱུང་གནས་བཞིན་འོད་ཀྱི་བཀང་སྟེ། ངེད་མགོན་མེད་ཀྱི་ཉམས་ཆུང་གི་ཁྱུ་འདི་ཡི་ལས་དབང་ལ་ད་དུང་ཐུགས་བསམ་རེ་བཞེས་ནས་མྱུར་དུ་འཇིག་རྟེན་འདིར་ཕེབས་པར་འཚལ། ཁྱེད་ནི་དུས་ནམ་ཡང་ང་ཚོས་སེམས་པ་དམར་པོ་དེ་ཡིན། ཁྱེད་ནི་གདུལ་བྱ་རྣམས་ཀྱི་དོན་དུ་མི་འགྱངས་བར་ཕེབས་ལ་ཉེ་སོང་། བླ་མ་ལགས། ཁྱེད་ནི་ང་ཚོས་མ་འོངས་པའི་མདུན་ལམ་དང་རེ་བ་ཡོད་ཚད་ནས་ཡོད་ཚད་དེ་བཅོལ་ས་ཡིན་ བླ་མ་ལགས། ཁྱེད་ནི་བརྗེད་མི་སྲིད།། །།

གཟིགས་མཁན་གྲོགས་པོ་ཡོངས་ལ་ཆེད་དུ་ཞུ་རྒྱུ།  འུ་ཅག་ཚང་མ་རྩོམ་འབྲིའི་ཐོག་ལ་ལས་དང་པོར་སོང་གཤིས་ཚིག་དོན་གང་ཆར་ནོར་འཁྲུལ་ཡོད་ངེས་པས་ཀུན་གྱིས་དགོངས་ཡངས་དང་བཀའ་སློབ་གནང་བར་མཁྱེན་མཁྱེན། ཞེས་གཙོ་སྒྲུབ་པས།། །།