གནའ་གནའ་ཞིག་ལ། ས་ཆ་ཞིག་ཡོད་ནི་རེད། མིང་ལ་བོད་དང་tibetདང་吐蕃སོགས་ཟེར་ནི་རེད། དེ་ནི་མི་དང་སྒོ་ཕྱུགས་དང་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་མང་བོས་གང་ནས་ཤིན་ཏུ་ཉམས་དགའ་བར་གནས་ཡོད་པ་རེད། དེ་ལྟར་མི་ལོ་མང་བོ་མང་བོ་ཞིག་བརྒྱུད་མཐར། དེ་རུ་འཚོ་བའི་མི་རྣམས་ཀྱི་བསམ་པར་འགྱུར་ལྡོག་རབས་དང་རིམ་པ་བྱུང་ཞིང་། ཐ་ན་རང་གི་སྒོ་ཁྱི་འདང་ཆེན་གཅིག་པུའང་ས་ཐག་རིང་གི་མི་ཆ་མེད་ཇག་པ་དང་ཁྲེལ་མེད་དང་ཧམ་པའི་ལས་ལ་དགའ་མཁན་དག་ལ་སྒོར་རྡོག་འགའི་ཆེད་དུ་བཙོང་ཕོད་པའི་མི་ཡང་བྱུང་བ་རེད།དེ་དུས་མིང་ལ་ཁ་ཅིག་གིས་སྟག་ཁྱིར་འབོད་ཅིང་། ལ་ལས་གཟིག་ཁྱིར་འབོད་པ། ཡ་ལ་ལས་དོམ་ཁྱིར་འབོད་པའི་ཁྱི་རྒྱ་རྒྱ་མིག་བཞི་ཞིག་ཀྱང་དེའི་ལས་དབང་ལས་འདའ་མ་ཐུབ་པར། ཆ་མེད་རྒྱུས་མེད་ཀྱི་མི་ལ་འགྲོགས་ནས་ཆ་མེད་རྒྱུས་མེད་ཀྱི་ཡུལ་ལ་འགྲོ་དགོས་བྱུང་བ་རེད།ཁོའི་མིག་ལམ་ནས་རང་གི་བདག་པོ་དང་གྲོགས་པོ། ལོབས་པའི་ལས་དང་འདྲིས་པའི་གནས་དག་རེ་རེ་བཞིན་རབ་རིབ་ནས་མི་སྣང་བར་གྱུར་ཅིང་། མིག་ཆུའི་ཕྲེང་བ་ནི་ལུ་གུ་རྒྱུད་དུ་བབས་ནའང་། ཚུལ་དེ་མཐོང་མཁན་ཞིག་གཏན་ནས་མ་བྱུང་། ཁོས་རང་གི་མིག་ཆུའི་ཐིགས་པ་གཅིག་གནས་དེར་བཞག་ནས། གནས་དེའི་སྐྱེ་འགྲོ་དག་གི་ཟུངས་ཁྲག་ཏུ་སྦྱིན་ན་སྙམ་ཡང་དེའི་ནུས་པ་བྲལ་ཞིང་། ཁོས་རྔམ་ཟིལ་ཆེ་བའི་འབ་སྐད་འགའ་བསྒྲགས་ནས་གནས་དེའི་སྣོད་བཅུད་ཀུན་ལ་མཐའ་མཇུག་གི་བདེ་མོ་འཇོག་བསམ་ནའང་དེའི་རང་དབང་ཡོངས་སུ་དབེན། དེ་ལྟར་ཁོ་རང་ཉིན་མཚན་དུ་མར་སྲ་མོའི་ལྕགས་ལ་ཉལ་ཞིང་། གྲང་མོའི་ཆུ་ལ་རོལ་ནས་ཐག་རིང་ཐག་རིང་ཞིག་ཏུ་སོང་མཐར། སྔར་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་གནས་ཤིག་ཏུ་སླེབས་ཤིང་། དེ་རུ་གནམ་ལ་ཟུག་པའི་ཁང་བརྩེགས་དང་འདྲ་མིན་གྱི་མོ་ཊ། གོ་མ་མྱོང་བའི་སྐད་སྒྲ་འབའ་ཞིག་ལས། ཐ་ན་རང་ཉིད་དང་འདྲིས་ལོབས་སུ་གྱུར་བའི་ནམ་མཁའ་སྔོན་པོ་དེ་ཡང་མཐོང་བའི་བསྐལ་བ་མ་བྱུང་། དེ་ལྟ་བུའི་གནས་སུ་ཁོའི་མིག་ལམ་དུ་གྲོག་མ་འདྲ་བའམ་བྱི་བ་འདྲ་བ། ཡང་ན་སྲེ་མོང་ལྟ་བུའི་ཁྱི་རིགས་སྣ་ཚོགས་ཤིག་སྣང་ཞིང་། དེ་དག་གིས་ནི་བསྲུང་བྱའི་སྒོ་ཕྱུགས་དང་རྒྱུ་ནོར་མི་སྲུང་ལ། འགོག་བྱའི་རྐུན་མ་དང་ཇག་པ་མི་འགོག་པར་ཉིན་མཚན་ཁོར་མོ་ཡུག་ཏུ་ཁྱིམ་མི་དག་དང་མཉམ་དུ་སྐྱིད་ཉལ་རྒྱག་ཅིང་། བདག་པོའི་ངོ་སྲུང་ཙམ་དུ་ཁ་གཉེར་སྣ་གཉེར་དང་སྤྲེལ་ལད་འབའ་ཞིག་གཉེར་གྱིན་འདུག་པས། ཁོ་རང་གི་ཡི་ག་གཏིང་ནས་ལོག ཞེ་མེར་བའི་སྤྱོད་པ་དེ་དག་ལ་ཡིད་རབ་ཏུ་སུན་པས། ཁོས་རང་དབང་མེད་པར་རང་ཡུལ་དྲན་ཞིང་། རང་གི་གྲོགས་པོ་སྟག་འདྲ་གཟིག་འདྲ་དག་དང་མཉམ་དུ་ཇག་ཚོགས་དང་སྤྱང་ཚོགས་བཏུལ་བའི་རྣམ་པ་རེ་རེ་མངོན་སུམ་དུ་སྣང་བ་ལྟ་བུ་བྱུང་ཞིང་། རྒོངས་ཀར་སྐར་མ་འཛོ་འདོགས་ཤར་བ་ནས་སྐྱ་རེངས་གསལ་བའི་བར་དུ་རང་གི་མངའ་ཐང་བསྲུངས་པ་ནི་ཇི་འདྲའི་གཟི་བརྗིད་དང་དཔའ་སྤོབས་ཀྱི་ལས་ཤིག་རེད་ཨང་སྙམ། ཁོས་དེ་ལྟར་བསམ་བཞིན་བསམ་བཞིན་འུར་སྒྲ་དང་དྲི་ངན་གྱིས་ཁྱབ་པའི་གནས་དེ་དང་ཅིས་ཀྱང་འབྲལ་དགོས་སྙམ་ཞིང་། འདུན་པ་དེའི་མཐུ་ལ་བརྟེན་ནས་ཁོས་མི་འདོམ་ལྔ་དྲུག་ཅམ་གྱི་ལྕགས་ཐག་ལྕི་མོ་དེ་དུམ་བུར་བཅད་ནས་རང་ཡུལ་ཕྱོགས་སུ་མཆོངས་རྒྱུག་བྱས། སྐབས་དེར་ཁོའི་རྗེས་སུ་དབྱུག་པ་དང་མདའ་མཚོན་ཐོགས་པའི་མི་མང་བོ་ཞིག་རྒྱུག་ཅིང་། ཐ་ན་དྲག་ཆས་ཅན་གྱི་དམག་དང་ཉེན་བརྡ་གཏོང་བའི་མོ་ཊ་ཡང་ཤིན་ཏུ་མང་བོ་བྱུང་། ཡིན་ཡང་ཁོའི་སེམས་སུ་འདི་འདྲའི་གནས་སུ་ཚེ་ཡི་ལྷག་མ་རྫོགས་པ་ལས་ཤི་ན་དགའ་སྙམ་བཞིན་ནུས་ཤུགས་ཡོད་རྒུས་མདུན་དུ་མཆོངས་ཅི་ཐུབ་བྱས། ཏག་ཏག་སྐབས་དེར་ཁོའི་རྣ་ལམ་བོའུ་སྐད་དྲུག་འཕྲོ་རིམ་འཕྲོར་མཆེད་ཅིང་། དེ་དག་གིས་ཁོའི་དོན་ལྔ་སྣོད་དྲུག་ཚལ་བ་ཚལ་བར་བཏང་། ཡིན་ཡང་ཁོའི་སེམས་སུ་གཞན་ཡུལ་དུ་གཞན་ལ་ངོ་དགའ་ཙམ་ཡང་མ་བྱས་པར་རང་ཚུགས་འཛིན་ཐུབ་པ་བྱུང་བས་རང་རིགས་ལ་ཁྲེལ་མེད་ཅི་ཡང་བྱས་མེད། ད་ནི་ཤི་ཡང་ཅི་ལ་འགྱོད་སྙམ་བཞིན། བར་སྣང་འགེངས་པའི་ངར་སྐད་ས་ཡ་དྲུག་ལྷག་བསྒྲགས་ཏེ་གཏན་དུ་གཟིམས་པར་བྱས། ཡིན་ཡང་ཁོ་ལ་ཨ་ལན་སྟེར་མཁན་གང་ཡང་བྱུང་མ་སོང་།