འཛམ་གླིང་ཟླུམ་པོའི་ཡང་རྩེ་ན།།
རྟ་ཕོའི་གོང་ན་འགྱིང་བའི་རྒྱུད།།
སྨུག་པོ་གདོང་གི་བླ་རི་ཡོད།།
གོ་ལར་ཆག་འཇིག་མ་བྱུང་ན།།
དཔལ་དང་ལང་ཚོ་ཉམས་མི་སྲིད།།
བྱམས་དང་སྙིང་རྗེའི་རིགས་མཐུན་ཚོ།།
གངས་ཅན་བོད་མིའི་བླ་རི་འདི།།
ཁྱོད་ཀྱི་ཡིན་ལ་ང་ཡི་ཡིན།།
མ་བརྗེད་སེམས་ཀྱི་དཀྱིལ་ལ་ཞོག།

མཐོ་སྒང་འཛིན་མའི་ཡང་སྟེང་ན།།
བྲེ་སར་འབྲོང་ལས་བྱུང་བའི་རྒྱུད།།
མགོ་ནག་བོད་པའི་སྦྲ་གུར་ཡོད།།
དུས་དང་བསྐལ་བ་མ་འཇིག་ན།།
རིག་གནས་འཚོ་བ་ཉམས་མི་སྲིད།།
ཤེས་ཡོན་སྦྱོང་བའི་རིགས་མཐུན་ཚོ།།
གངས་ཅན་བོད་མིའི་གཞིས་ཁྱིམ་འདི།།
ཁྱོད་ཀྱི་ཡིན་ལ་ང་ཡི་ཡིན།།
མ་བརྗེད་སེམས་ཀྱི་དཀྱིལ་ལ་ཞོག།